གཡུང་དྲུང་བོན་གྱི་གཏེར་གནས་སྐོར་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། ཁྱུངཿསྨོན་ལམ། དྲི་བ་གཏོང་མཁན། ཁ་བའི་བུ།
དྲི་བ། གཡུང་དྲུང་བོན་གྱི་གཏེར་མའི་སྐོར་ལས་གཏེར་གནས་ཁག་གང་དང་གང་ལ་ཡོད་དམ།
ལན། སྐུ་ཉིད་ཀྱི་དྲི་བ་དེའི་ཐད་འདི་གའི་རྩོམ་སྒྲིག་པ་དགེ་ཁྱུངཿསྨོན་ལམ་ལགས་ཀྱིས་ཀུན་གྲོལ་རིན་པོ་ཆེའི་བཀའ་མངག་ལྟར་བྲིས་གནང་བའི་(གཡུང་དྲུང་བོན་གྱི་གཏེར་དང་གཏེར་སྟོན་གྱི་སྐོར།) ཞེས་པ་གཤམ་ནས་ཕུལ་ཡོད་པས་དེར་གཟིགས་རོགས།
གཡུང་དྲུང་བོན་གྱི་གཏེར་དང་གཏེར་སྟོན་གྱི་སྐོར།
༄༅། །རྣམ་འདྲེན་བརྒྱ་པའི་མགོན་པོ་སྟོན་པ་རྫོགས་པའི་སངས་རྒྱས་རྒྱལ་བ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་(B.C.16017-7817)དེ་ཉིད་ཀྱིས་སྲོལ་གཏོད་གནང་བའི་གྲུབ་མཐའ་མདོ་སྔགས་ཟུང་འབྲེལ་ཐེག་ཆེན་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་བོད་རྗེ་ཐོག་མ་གཉའ་ཁྲི་བཙད་པོ་ནས་བཟུང་བོད་གངས་ཅན་གྱི་ལྗོངས་སུ་དར་ཞིང་རྒྱས་ཏེ་རྒྱལ་གཤེན་བསྟན་པ་མཉམ་ཆགས་བྱུང་ཡོད་ནའང༌། བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙད་པོ་དང༌། རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གཉིས་ཀྱི་སྐབས་སུ་གངས་ལྗོངས་འདིར་བོན་བསྟན་བསྣུབས་པའི་ཉེར་ལེན་ལ་བརྟེན་ནས་བོན་གྱི་བཀའ་བརྟེན་གསུང་རབ་སོགས་སྐུ་གསུང་ཐུགས་རྟེན་རྣམས་ཟབ་གཏེར་དུ་སྦས་དགོས་བྱུང་བ་ཡིན།
དང་པོ། བོད་རྒྱལ་གྲི་གུམ་བཙད་(B.C.710-680)པོས་དགུང་ལོ་ཉེར་བརྒྱད་བར་གཡུང་དྲུང་བོན་ལ་སྤྱོད་ནའང་བོན་གཤེན་རྣམས་ཐོབ་ཆེ་བ་དང་རྒྱལ་པོ་དྲེགས་ཆེ་བ། བློན་པོ་བློ་གྲོས་ཆེ་བ་རྣམས་ཀྱི་བར་དུ་བློན་ཕྲན་འགས་སྙན་ཕྲ་བཅུག་པས་རྒྱལ་པོས་ཀྱང་རྒྱལ་སྲིད་གཤེན་པོ་རྣམས་ལ་ཤོར་དོགས་ཀྱིས་བོད་དབུས་གཙང་གི་ཁམས་སུ་(B.C.683)བོན་བསྟན་སྣུབས་འགོ་ཚུགས་པས་བོན་གཤེན་རྣམས་ཀྱིས་ཐུགས་ལ་མ་བཟོད་ནས་ལ་ལ་གཡའ་རི་དང་གངས་བྲག་འགྲིམས་ཤིང༌། འགའ་ཞིག་གིས་བོན་སྡེ་རྣམས་བསྣམས་ནས་ལྷོ་བལ་གྱི་ཡུལ་དུ་བསྟན་པ་སྤེལ་བར་དགོངས་ཀྱང་བསྟན་པ་མི་ཚུགས་པའི་རྟགས་འདྲ་མིན་ཤར་བས་བོན་སྡེ་དེ་རྣམས་འབྲིག་མཚམས་མཐའ་དཀར་དུ་གཏེར་ལ་སྦས་ཏེ་གཏེར་སྲུང་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ལ་བཅོལ་བར་མཛད།
གཉིས་པ། གྲི་གུམ་བཙད་པོ་བློན་ལོ་ངམ་རྟ་རྫིས་བཀྲོངས་(B.C.680)རྗེས་གྲི་གུམ་གྱི་སྲས་སྤུ་ལྡེ་གུང་རྒྱལ་གྱིས་བོན་གཤེན་རྣམས་ཕྱོགས་མཐའ་ནས་གདན་དྲངས་ཤིང་(B.C.667)སླར་ཡང་བོན་བསྟན་སྤེལ་གནང་བས་སྔར་བཞིན་བོན་བསྟན་དར་ཞིང་རྒྱས་པ་བྱུང་ཞིང༌། བོད་རྒྱལ་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་(A.D.718-)གྱིས་གཡུང་དྲུང་བོན་གྱི་བསྟན་པ་ལ་མཆོག་ཏུ་གཅེས་པའི་ཞང་ཞུང་གི་རྒྱལ་པོ་ལིག་མིན་རྐྱ་གཡོ་འཕྲུལ་གྱིས་བཀྲོངས་ཏེ་ཞང་ཞུང་མངའ་དབང་དུ་བསྡུས་པ་དང༌། རྒྱ་གར་ནས་མཁན་ཆེན་ཞི་བ་མཚོ་དང་སློབ་དཔོན་པད་མ་གཉིས་གདན་དྲངས་ཤིང་རྒྱ་གར་གྱི་ཆོས་ལ་སྤྱོད་དེ་ཡབ་མེས་གོང་མ་རྣམས་ལས་ལྷག་པའི་ལས་ཤིག་ལ་བརྔམ་སྟེ་བོད་དང་ཞང་ཞུང་གི་ས་གནས་ཕལ་ཆེར་དུ་བོན་བསྣུབས་སྐབས་(A.D.749)བླ་ཆེན་དྲན་པ་ནམ་མཁའ་སོགས་བོན་གཤེན་རིག་འཛིན་རྣམས་ཀྱིས་བོན་སྡེ་ཐམས་ཅད་བོད་ཡུལ་སྟོད་སྨད་བར་གསུམ་གྱི་གནས་རི་གྲགས་ཅན་དང་བསམ་ཡས་དཀོར་ཁང་སོགས་ངེས་མེད་ཀྱི་ས་ཆ་གང་སར་གཏེར་དུ་སྦས་གནང་བ་མ་ཟད། ལྷོ་བལ་དང་འབྲུག་ཡུལ་སོགས་སུའང་གཏེར་དུ་སྦས་པར་མཛད།
བོན་གཏེར་ཐོན་ཚུལ་ནི། བོན་གཤེན་རིག་འཛིན་རྣམས་ཀྱི་བྱིན་རླབས་དང་ནུས་མཐུས་འགྲོ་དོན་དུས་ལ་བབ་སྟེ་ཐོག་མར་བསམ་ཡས་དཀོར་ཁང་ནས་ཨ་ཙ་ར་མི་གསུམ་གྱིས་མདོ་སྔགས་སེམས་གསུམ་གྱི་བོན་སྡེ་དང་སྨན་འདུར་སོགས་ཀྱི་(A.D.913)བོན་གཏེར་བཞེས་གནང་སྟེ་མཐའ་བཞི་འཕྲུལ་གསས་དང་ཚ་བོ་གཟེ་སྒུར་སོགས་ལ་བརྒྱུད་དེ་དར། དེ་རྗེས་ས་སྟོན་འབྲུག་ལྷས་ཡར་ལུང་བྲག་དམར་དང༌། གསང་བདག་ཏྲེའུ་རྒྱ་ར་ཛ་དང་སད་གུ་རིན་ཆེན་གྲགས་པ་གཉིས་ཀྱིས་བསམ་ཡས་ཅ་ཏི་དམར་པོ། རྐོ་བོ་ཡོན་སྒོམ་ཐར་མོས་བསམ་ཡས་དབུས་ཀྱི་ཀ་བ་ཁྲ་མོ། མཐའ་བཞི་ཡེ་ཤེས་བློ་གྲོས་ཀྱིས་བསམ་ཡས་དབུ་རྩེ། ང་འཕྲང་ལྷ་ཡི་དབང་ཕྱུག་གིས་གངས་ཏི་སེ། མར་པ་འཕན་བཟང་གིས་སྤུ་རངས་ཤེལ་མཚོ་མུ་ལེ་ཧད་ཀྱི་འགྲམ། རྗེ་བཙུན་ཁྲོ་ཚང་འབྲུག་ལྷས་བྱང་གི་གསང་བྲག་རྒྱ་བོ། དྲང་རྗེ་བཙུན་པ་གསེར་མིག་གིས་བསམ་ཡས་ཁྲི་དང་དུར་ཁྲོད། ར་ཤག་འབུམ་རྗེས་གཉན་གྱི་སེ་བོ་རི། གཙང་གི་བན་དེ་མི་གསུམ་གྱིས་ལྷ་ས་ཡེར་པའི་རྫོང༌། གཟེ་སྟོན་སྦུ་གུ་རྒྱལ་མཚན་གྱིས་ལ་སྟོད་གཙང་པོ་སོགས་ནས་རིམ་བཞིན་ཟབ་གཏེར་བཞེས་མཛད་པ་རྣམས་ནི་བོད་རྒྱལ་ཁྲི་སྲོང་སྐབས་སུ་སྦས་པ་རྣམས་ཡིན་ཅིང༌། ཁྱད་པར་དུ་བོན་གྱི་གཏེར་སྟོན་ཀུན་གྱི་ནང་ནས་ཆེས་སྙན་གྲགས་ཆེ་ཞིང་བོན་བསྟན་ཕྱི་དར་གྱི་བརྒྱུད་པའི་འདུས་སོ་ནི་གཤེ༵ན་གྱེར༵་རྨ༵་དབྱི༵ལ༵་རྣམས་ཡིན་ལ་དེའི་ནང་ནས་ཀྱང་ཕུལ་དུ་བྱུང་བ་སྤྲུལ་པའི་སྐུ་མཆོག་གཏེར་སྟོན་གཤེན༵་ཆེན་ཀླུ་དགའ་ཡིན་པས་ཁོང་ནི་སྟོན་པ་རྗོགས་པའི་གཤེན་རབ་མི་བོ་མཆོག་གི་གདུང་རྒྱུད་འཁྲུལ་མེད་ཅིག་ཡིན་ལ་ཡབ་དམུ་གཤེན་དཔལ་མགོན་གསས་ཀྱི་སྲས་སུ་(A.D.996-1035)མེ་སྤྲེལ་ལོར་འཁྲུངས། དགུང་ལོ་བཅུ་གསུམ་ལོན་སྐབས་ཡབ་ཀྱིས་སྤྲ་བ་འཐུ་རུ་བཏང་བས་མཐའ་ལུང་གི་བྲག་ལ་ཕྱིན་དུས་ནམ་མཁའ་ནས་གཟུགས་མེད་པའི་སྒྲ་ཞིག་གིས་ཀླུ་དགའ་བོན་གྱི་དངོས་གྲུབ་སྟེར་ཞེས་པ་ཐོས་ཤིང་བལྟས་པས་ཕ་བོང་ཞིག་གི་སྟེང་དུ་མར་ཁུས་གང་ནས་འདུག དངོས་གྲུབ་ཏུ་བསམ་ནས་ཕ་མ་ལའང་གསང་སྟེ་བྲག་དེར་འདུག་རྩིས་བྱས་ཀྱང་ལོ་འགར་བསྡད་མ་ཐུབ།
དགུང་ལོ་བཅུ་དགུ་བཞེས་དུས་ར་ལྕག་བླ་ཆེན་ལས་གཡུང་དྲུང་ཞི་ཁྲོ་དང་ཆབ་གཏོར་ཤོག་གཅིག་བཅས་ཞུས་ཏེ་མཚོ་རྔ་བྲག་དཀར་ལ་སྒྲུབ་པ་མཛད། དགུང་ལོ་ཉེར་གཉིས་མེ་སྦྲུལ་ལོར་གཏེར་སྲུང་བོན་སྐྱོང་རྣམས་ཀྱིས་ཀླུ་དགའ་བོན་གྱི་དངོས་གྲུབ་སྟེར་ཚེ་བསླབ་ན་སྒྲོག་ཤེས་སམ་བསྟན་ན་བསྒོམ་ནུས་སམ་ཞེས་ལུང་བསྟན་བྱུང་བས་དཀར་མངར་གྱིས་མཆོད་དེ་ནུས་ཞེས་ཁས་བླངས་པ་དང༌། ཁྱོད་ནི་སྤྲུལ་པའི་སྐུ་རུ་འདུག་པས་ཤེར་ཕུར་སོར་བརྒྱད་འདི་ཁྱེར་ལ་ལོ་སྐོར་གཅིག་རིང་གསང་ཞིག་ཅེས་གསུངས་ནས་མཁའ་ལ་གཤེགས་ཏེ་སོང༌། ཕུར་པ་ལ་གཏེར་གྱི་ཁ་བྱང་གསལ་བར་འདུག་པས་དེ་ལྟར་བཙལ་སྐབས་ཕ་བོང་གྲུ་བཞི་སྟེང་ན་མཚལ་གྱི་གཡུང་དྲུང་དང་གཤམ་ན་ཤེལ་གྱི་གཡུང་དྲུང་ཡོད་པ་ཞིག་རྙེད་ཅིང་ཕ་བོང་དེ་བཟློག་མ་ཐུབ་སྟབས་ཇོ་མོ་དཔལ་སྒྲོན་ཕྱིར་བཏང་སྟེ་སྤུན་གེ་ཁོད་ལ་ཏོག་ཙེ་ཁྱེར་ཤོག་བོན་གཏེར་འདོན་རྒྱུ་ཡིན་བྱས་པས་གེ་ཁོད་བྱུང་སྐབས་ཕ་བོང་སློག་མ་ཐུབ་པར་ཆོ་འཕྲུལ་བྱུང་བས་ཕྱི་བཤོལ་བྱས། དེ་ནུབ་རྨི་ལམ་དུ་གེ་ཁོད་གཟའ་མིག་དམར་གྱི་སྤྲུལ་པ་ཡིན་པས་བསྟན་པ་བཞག་པའི་གནས་མེད་པས་ཁྱོད་རང་འཚོལ་ཟེར་བ་སྣང༌། སང་ཞོགས་གེ་ཁོད་ལ་ཕྲན་གྱིས་ཀུ་རེ་ཞུས་པ་ཡིན་འདི་འདྲའི་བྲག་ལ་གཏེར་ཡོད་པ་ག་ལ་སྲིད་ཁྱོད་རང་ཏོག་ཙེ་ཞོག་ལ་ཕྱིན་ཅིག་བྱས་པས་གེ་ཁོད་ན་རེ། ཁྱོད་ལ་བོན་གཏེར་བས་ཟན་གཏེར་ཞིག་མཁོ་བར་སྣང་ཟེར་ནས་ཕྱིན་སོང༌། མེ་མོ་སྦྲུལ་ལོའི་(A.D.1017)དགུན་ཟླ་འབྲིང་པོའི་ཚེས་ཉི་ཤུ་བཞི་ཉིན་སྔོན་གྱི་ཕ་བོང་དེ་བསློག་པས་ཤིང་སྒམ་ཆེ་ཆུང་གཉིས་བྱུང་བ་ཞལ་ཕྱེས་པས་གཅིག་གི་ནང་དུ་ཁམས་བརྒྱད་སྐོར་དང༌། གཅིག་གི་ནང་དུ་སྔགས་སེམས་ཀྱི་བོན་སྡེ་རྣམས་བྱུང༌། སྤྲུལ་པའི་སྐུ་མཆོག་དེ་ཉིད་ཀྱིས་གཏེར་དུ་དྲངས་པའི་བོན་སྡེ་རྣམས་ནི་མཆོག་གྱུར་བཀའ་བབ་གྱི་བུ་ཆེན་བཞི་སོགས་གངས་ལྗོངས་སྟོད་སྨད་བར་གསུམ་གྱི་སློབ་བུ་རྣམས་ལ་བརྒྱུད་ཅིང་དར་ཁྱབ་བྱུང་ནས་བཟུང་མཚན་སྙན་གྱི་གྲགས་པ་ཆེས་ཆེར་འབར་བ་དང་བོན་བསྟན་ཕྱི་དར་གྱི་སྲོལ་འབྱེད་དུའང་གྱུར་པ་ཡིན། བཀའ་བབ་ཀྱི་བུ་ཆེན་བཞི་ནི། མཚན་ཉིད་བཀའ་བབ་བྲུ་ཆེན་ནམ་མཁའ་གཡུང་དྲུང༌།(994-1054) སེམས་ཕྱོགས་བཀའ་བབ་དབང་ལྡན་ཞུ་གཡས་ལེགས་པོ།(1002-) ཁམས་འབུམ་བཀའ་བབ་ཅོག་ལ་གཡུ་སྐྱིད། གསང་སྔགས་བཀའ་བབ་སྤ་སྟོན་སྤ་མཆོག་བཟང་པོ་(1014-)བཅས་སོ། །བོན་སྡེ་འདི་རྣམས་ནི་བོད་རྒྱལ་གྲི་གུམ་བཙད་པོས་བོིན་བསྣུབས་སྐབས་གཏེར་དུ་སོང་བ་རྣམས་ཡིན།
དེ་ནས་བཟུང་སྟེ་ད་བར་ཟམ་མ་ཆད་པར་གཡུང་དྲུང་བོན་གྱི་གཏེར་ཁ་རིམ་བཞིན་བརྡོལ་ཞིང་གཏེར་སྟོན་བརྒྱ་ལྷག་ཙམ་བྱུང་བ་ལས་གོང་གསལ་ལྟར་གཤེན༵་གྱེ༵ར༵་རྨ༵་དབྱི༵ལ་ཞེས་པའི་ནང་གསེས་གཉིས་པ་གྱེར༵་མི་ཉི་མ་འོད་ཟེར་ལ་བླ་ཆེན་དྲན་པ་ནམ་མཁས་སྙན་དུ་བརྒྱུད་པའི་ཨ་གསལ་ཉམས་ལེན་ལྔ་བསྐོར་དང༌། བྱང་དྭང་ར་ཁྱུང་རྫོང་ནས་གཏེར་དུ་བཞེས་པའི་རྩ་རྒྱུད་གསང་བ་བསེན་ཐུབ་སོགས་ཞི་ཁྲོའི་རྒྱུད་ཆ་ལག་དང་བཅས་པ་སེ་གར་སྟོན་པ་དང༌། རྨ་སྟོན་སྲིད་འཛིན་བཅས་ལ་བརྒྱུད་དེ་རིམ་བཞིན་དར་ཞིང་རྒྱས་པར་བྱུང༌།
གསུམ་པ་རྨ༵་སྟོན་སྲིད་འཛིན་(1092-)ལ་གྱེར་མི་ཉི་འོད་ཀྱིས་རྩ་རྒྱུད་གསང་བ་བསེན་ཐུབ་གནང་སྟེ་འདི་ཡི་ཟླ་བོ་དགོས་ན་དྭང་ར་ཁྱུང་རྫོང་གི་བྲག་ཏུ་འདུག་པ་ཐོན་ཅིག་ཅེས་ལུང་བསྟན་པ་ལྟར་ས་ཕོ་བྱི་བའི་ལོ་(1108-)ལ་གཏེར་སྒོ་ཕྱེས་པས་དབལ་གསས་ལས་རིམ་སྔགས་སྒྲུབ་སྐུ་རྫོགས་བཅས་པ། བསྟན་སྲུང་དྲྭ་བ་དམར་ནག་གི་སྐོར་སོགས་བོན་སྡེ་ཤིན་དུ་མང་པོ་བཞེས་ནས་ཞུ་ཆེན་ཡེ་ཤེས་རིན་ཆེན་དང་བྲུ་ཉི་མ་རྒྱལ་མཚན་སོགས་ལ་བརྒྱུད་དེ་སྤེལ་བར་མཛད།
བཞི་པ་དབྱི༵ལ༵་སྟོན་ཁྱུང་རྒོད་རྩལ་(1175-)དེ་ཉིད་ཞལ་བཟང་བྲག་ཏུ་ཕྱིན་པས་བྲག་གི་རྐེད་པ་ན་མཎྜལ་འདྲ་བའི་རྡོ་གྲུ་བཞི་ཞིག་ལ་ཤེལ་གྱི་གཡུང་དྲུང་ཞིག་ལམ་མེར་འདུག་པས་དེར་གཟོང་བརྒྱབ་པས་སྒོ་བྱུང་དེའི་ནང་ན་རྡོ་ནག་གི་མཎྜལ་གྲུ་བཞི་ཞིག་གི་སྟེང་ན་ཕྱོགས་བཞི་དབུས་ལྔ་རྫ་བུམ་ལ་ཁ་དོག་ཏི་ཚས་སྔོ་ལྗང་དུ་བསྒྱུར་བ་ལྔ་ཡི་ཁར་ཕུར་པ་ལྔ་ལ་རང་རང་གི་རིགས་རྟགས་བྲིས་པ་འདུག་པའི་བུམ་པའི་ཁ་ཕྱེས་ནས་ཤོག་དྲིལ་རྣམས་བླངས་པའི་ཤུལ་དུ་འབྲུ་སྨན་གྱིས་བཀང་དེ་བཞག་ཅིང་ལོ་གཅིག་ལ་གསང་རྒྱ་གནང༌། བོན་སྡེ་ནི་རྫོགས་ཆེན་གཡུང་དྲུང་ཀློང་ཡངས་སོགས་རྫོགས་ཆེན་སྐོར་དང༌། ཕུར་པ་ཤ་འབར་མའི་སྐོར་སོགས་གསང་སྔགས་སྐོར། དྲན་པའི་ལུང་བསྟན་ཆེ་འབྲིང་ཆུང་གསུམ་སོགས་ལུང་བསྟན་སྐོར། གཞན་སྨན་རྩིས་ཆོས་སོགས་ཀྱི་གཏེར་ཁ་དུ་མ་བྱུང༌། ཟང་ཟང་ལྷ་བྲག་ནས་སྙན་རྒྱུད་ཆོག་དྲུག་སོགས་དང༌། མང་མཁར་ལྕགས་འཕྲང་ནས་ཀུན་རིག་རྒྱས་བསྡུས་སོགས། ཏི་སེ་གངས་ནས་ཉེ་ལམ་སྡེ་བཞི་སོགས་ཀྱི་གཏེར་ཁ་རྣམས་བཞེས་ཤིང་སྙན་རྒྱུད་ཡང་དུ་མར་ཡོད། མདོར་ན་བོན་སྡེ་བཅུ་གསུམ་ལ་དབང་བར་གྲགས་ཤིང་བོན་སྡེ་དེ་རྣམས་ནི་སྨད་དུ་དར་བར་བྱེད་པ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་(1168-1263)དང་བྲུ་འདུལ་བ་རྒྱལ་མཚན་(1239-)གཉིས། སྟོད་དུ་དར་བར་བྱེད་པ་སྤ་མཁན་ཆེན་གཡུང་དྲུང་སེང་གེ་དང་སྤ་སྟོན་རྒྱལ་བ་ཤེས་རབ་གཉིས་ཏེ་བཀའ་བབ་ཀྱི་བུ་བཞི་རྣམས་ལ་བརྒྱུད་ཅིང་དར་བར་གྱུར།
གཞན་ཡང་བོན་གཏེར་ཐོན་ཁུངས་དང་གཏེར་སྟོན་གྱི་བྱུང་རིམ་ལ་གཞིགས་ཏེ་གཏེར་ཁའི་རྣམ་གྲངས་མི་འདྲ་བ་ལྔ་རུ་ཕྱེ་སྲོལ་ཡོད་པ་སྟེ། བྱང་གཏེར། ལྷོ་གཏེར། དབུས་གཏེར། ཁམས་གཏེར། གཏེར་གསར་བཅས་ཡིན།
དང་པོ་བྱང་གཏེར་ནི་གཏེར་སྟོན་ལྷོ་བལ་གྱི་ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ནས་ཐོན་པའི་གཏེར་ཁ་རྣམས་བྱང་དུ་འགྲིམས་ནས་ལ་སྟོད་བྱང་དུ་དར་བས་ན་བྱང་གཏེར་དངོས་དང༌། དེར་གཏོགས་པ་ནི་གངས་ཏི་སེ་ནས་ང་འཕྲང་ལྷ་ཡི་དབང་ཕྱུག་གིས་གཏེར་ནས་བཏོན་པའི་སྐོར་དང༌། པུ་ཧྲང་ཤེལ་གྱི་བྲག་ནས་ཐོན་པའི་སྐོར། ཁྲོ་ཚང་འབྲུག་ལྷས་ཚ་ཐོག་ཏིང་དིང་ནས་བཏོན་པའི་སྐོར། གཟེ་སྟོན་སྦུ་གུ་རྒྱལ་མཚན་གྱིས་ལ་སྟོད་གཙང་པོ་ནས་བཏོན་པའི་སྐོར། གོ་ལྡེ་འཕགས་པས་གཡུང་དྲུང་སེང་མཆོངས་བྲག་ནས་བཏོན་པའི་བོན་བཅས་ཡིན།
གཉིས་པ་ལྷོ་གཏེར་དངོས་ནི་གཤེན་ཆེན་ཀླུ་དགས་འབྲིག་མཚམས་མཐའ་དཀར་ནས་བཏོན་པའི་བོན་སྡེ་རྣམས་དང༌། དེར་གཏོགས་པ་ནི་འབྲུག་སྤ་གྲོ་སྟག་ཚང་ནས་ཁུ་ཚ་ཟླ་འོད་ཀྱིས་བཏོན་པའི་བོན་སྡེ། གཉན་སྟོན་ཤེས་རབ་རྡོ་རྗེས་ཀ་རུའི་བྲག་བཏོན་པ། གཞོད་སྟོན་དངོས་གྲུབ་གྲགས་པས་ལྷོ་བྲག་ཁོམ་འཐིང་ནས་བཏོན་པ། གཞན་ཡང་ས་སྟོན་འབྲུག་ལྷ། ར་ལྗགས་ཀྱི་བོན་སྐོར། བལ་ཞོ་སྒོམ་ཆེན། འགྱིང་སྟོན་ལྷ་དགེ། ཁུ་འཛིང་འཛིན་ནག བུ་མཚོ་སྲིད་པའི་རྒྱལ་པོ། འཚེ་མི་གསས་ཆུང་སོགས་ཀྱིས་གཏེར་དུ་བཞེས་པ་རྣམས་ཡིན།
གསུམ་པ་དབུས་གཏེར་ལ་ཡེར་རྫོང་མ་དང་བསམ་ཡས་མ་གཉིས། དང་པོ་ནི་བན་དེ་མི་གསུམ་སྟེ་སུམ་པ་དབང་ཚུལ་དང༌། སྒྲེ་ཚུལ་སེང་དང༌། རྐྱང་བུ་དབང་ཕྱུག་གྲགས་པ་གསུམ་གྱིས་བྲག་ཡེར་པ་ནས་རྙེད་པའི་སྐོར་དང༌། གཉིས་པ་ནི་ཏྲེ་རྒྱ་གར་ར་ཙ་དང་སད་གུ་རིན་ཆེན་གྲགས་པ་གཉིས་ཀྱིས་བཏོན་པའི་བསམ་ཡས་ཅ་ཏི་མའི་སྐོར་དང༌། བཀའ་དྲང་ང་མའི་སྐོར་དང་རྐོ་བོ་ཡོན་སྒོམ་ཐར་མོས་བསམ་ཡས་ནས་གཏེར་བཏོན་པའི་བཀའ་ཁོལ་མའི་སྐོར་སོགས་སོ། །
བཞི་པ་ཁམས་གཏེར་ནི་གུ་རུ་བན་ཆུང་དང༌། ཁོད་པོ་བློ་གྲོས་ཐོགས་མེད། སྤྲུལ་སྐུ་སྤྱང་འཕགས། དབང་ལྡན་གཤེན་གསས། བྲ་བོ་སྒོམ་ནག ཀྱུ་ར་རྣལ་འབྱོར། རྐོ་བོ་གཏེར་སྟོན། སེ་གཉན་ཞིག་པོ། ཚིལ་པོ་གཏེར་སྟོན། འཚོ་སྤྲུལ། ཨུ་གོ་གཡུང་དྲུང་འབུམ། ཕོ་ཆེན་ནམ་མཁའ་འོད་ཟེར་སོགས་ཀྱིས་བཏོན་པ་རྣམས་ཡིན།
ལྔ་བ་གཏེར་གསར་གྱི་སྐོར་ནི་རྨ་སྟོན་སྲིད་འཛིན་གྱིས་དྭང་ར་ཁྱུང་རྫོང་ནས་བཏོན་པ་དང༌། ཁོང་གི་སྲས་རྨ་སྟོན་ལྕམ་མས་གསང་བྲག་རྒྱའོ་ནས་བཏོན་པ། དེ་ཡི་སྲས་རྨ་ཤེས་རབ་སེང་གེས་ཡར་ལྷ་ཤམ་པོ་ནས་བཏོན་པ། ཁྱུང་པོ་ལྷ་བཞེར་དང་ཉང་དཔལ་མཐོང་དང་ཞང་ཞུང་ལྷ་སྒྲ་གསུམ་གྱིས་ཁམ་མཐིང་ལྷ་ཁང་གི་དཀོར་མཛོད་དུ་སྦས་ཏེ། ཕྱིས་ལ་སྟོད་སྤ་བོན་ཁྱུང་ཐོག་དང་ཁོ་རག་རྒྱུང་སྟོན་ར་ཙས་གཏེར་ལས་བཏོན་པ། གཞན་ཡང་རྒྱུང་བསྲུབ་གསང་བའི་བྲག་ནས་ཐོན་པའི་སྐོར་དང༌། རྟ་ནག་དུང་ཕོར་ནས་གུ་རུ་རྣོན་རྩེས་བཏོན་པ། ཁྱུང་རྒོད་རྩལ་གྱིས་ཞལ་བཟང་གི་བྲག་རྩ་དང༌། རྒྱང་ལྷ་ཁང་གི་རྟ་མགྲིན་གྱི་ཐུགས་ཁ་དང༌། རྒྱང་ཡོན་པོ་ལུང་དང༌། ཟང་ཟང་ལྷ་བྲག་དང༌། བོ་དོང་བྱ་རྒོད་གཤོངས་ཀྱི་རྣམ་སྲས་ཀྱི་ཐུགས་ཁ་དང༌། མང་མཁར་ལྕགས་འཕྲང་དང༌། པྲ་དུམ་རྟ་མགྲིན་གྱི་ལྟོ་བ་དང༌། བུ་ལེའི་གངས་དང༌། མི་སྡེས་འཐབས་ཀྱི་དོག་སོགས་ནས་ཐོན་པའི་གཏེར་ཁ་བཅུ་གསུམ་སོགས་ཡིན་པར་སྔོན་རབས་པ་རྣམས་ཀྱིས་གསུངས།
གཏེར་ཁ་དེ་དག་གི་ཁོངས་སུ་མ་གཏོགས་པ་དུ་མ་ཞིག་ཡོད་པའི་ནང་ནས་སྐབས་སུ་བབ་པ་ཀུན་གྲོལ་འཇའ་ཚོན་སྙིང་པོ་ ༡༧༠༠ མཆོག་ནི་དགེ་བཤེས་གཡུང་དྲུང་བསྟན་འཛིན་དང་ྋསྐྱབས་རྗེ་སྨན་རིའི་མཁན་རབས་བཅུ་དྲུག་པ་རིན་ཆེན་འོད་ཟེར། སྤྲུལ་སྐུ་སངས་རྒྱས་གླིང་པ་སོགས་དྲིན་ཆེན་དམ་པ་རྣམས་ཀྱི་ཞལ་སྔ་ནས་བོན་སྒོ་ཕྱི་ནང་གསང་གསུམ་ཀུན་གྱི་དཀའ་འགྲེལ་ཟབ་ཁྲིད། དབང་ལུང་མན་ངག་མ་ལུས་པ་གསན་ནས་མཁས་སྙན་གྱི་གྲགས་པ་འབར། ཁོང་གིས་ཟབ་གཏེར་བཞེས་པ་ནི་མ་མོ་རྦོད་གཏོང་སྣང་སྲིད་ཟིལ་གནོན་གྱི་སྒྲུབ་སྐོར་དང༌། རྩ་རླུང་མཁའ་འགྲོ་གསང་མཛོད་ཀྱི་ལས་ཚོགས་སོགས་དང༌། ཞི་ཁྲོ་དགོངས་པ་ཀུན་འདུས་དང༌། མཁའ་འགྲོ་དགོངས་འདུས། བླ་མ་དགོངས་འདུས། དམར་ཁྲིད་དགོངས་འདུས་སོགས་དགོངས་གཏེར་སྐོར་བཅས་གསུང་འབུམ་ཇི་རྙེད་ཅིག་ཡོད་པ་ལྟར་སྤྲུལ་སྐུ་སངས་རྒྱས་གླིང་པ་ ༡༧༠༥ དང༌། ཤེལ་ཤིག་གཡུང་དྲུང་རྒྱལ་པོ།༡༨༢༠ དབལ་འབར་སྟག་སླག་ཅན།༡༨༣༢ བདེ་ཆེན་གླིང་པ།༡༨༣༣ ཉག་གཏེར་གསང་སྔགས་གླིང་པ་ཡབ་ཡུམ། ག་ཤེལ་ཁྲི་ཆེན་གཡུང་དྲུང་རྒྱལ་མཚན།༡༨༩༣ ཧཱུྃ་ཆེན་འགྲོ་འདུལ་གླིང་པ།༡༩༠༡ སྤ་ཚང་གཏེར་ཆེན་ཡེ་ཤེས་གཡུང་དྲུང་སོགས་ཀྱིས་གཏེར་ལས་དྲངས་པའི་བོན་སྡེ་དང་ལྷ་སྐུ་རྟེན་རྫས་སོགས་བསམ་ལས་འདས་པ་ཡོད། ཉག་གཏེར་གསང་སྔགས་གླིང་པ་ ༡༨༦༤ མཆོག་གི་གཏེར་གྲོགས་མཁའ་འགྲོ་དབང་གི་སྒྲོན་མའི་ ༡༨༦༨ རྣམ་སྤྲུལ་ལམ་ཡང་སྲིད། ཀུན་གྲོལ་སྐུ་ཕྲེང་དྲུག་པ་ཧཱུྃ་ཆེན་འགྲོ་འདུལ་གླིང་པ་མཆོག་གི་སྲས་མོ་གཏེར་སྟོན་མཁའ་སྤྱོད་དབང་མོ་ ༡༩༣༥་༌༌༡༩༨༧ མཆོག་ནི་དུས་རབས་ཉི་ཤུ་པའི་ནང་མདོ་ཁམས་ཕྱོགས་སུ་བོན་དང་རྙིང་མ་གཉིས་ཀའི་གཏེར་སྟོན་གྲགས་ཆེ་བ་ཞིག་ཡིན་པ་དང༌། ཁོང་གིས་གཏེར་ཁ་མི་འདྲ་བ་བཞི་བཅུ་ལྷག་བཏོན་གནང་བའི་ལོ་རྒྱུས་ཡོད་ཅིང༌། བོན་གྱི་གནས་ཁྱད་པར་ཅན་ཁྱུང་པོ་རི་བོ་རྩེ་དྲུག་དང༌། ཀོང་པོ་བོན་རི་བཅས་ནས་ཁྲོམ་གཏེར་བཞེས་གནང་བ་ཡིན། ཀོང་པོ་བོན་རིར་ཁྲོམ་གཏེར་བཞེས་སྐབས་ནུབ་ཕྱོགས་པ་མི་གསུམ་གྱིས་དེའི་སྐོར་གྱི་གནས་ཚུལ་རྣམས་ཡིག་ཐོག་ཏུ་བཀོད་ཡོད་འདུག ཕྱི་རྒྱལ་བ་གསུམ་ནི། སི་པན། ཀིམ༑ ཏ་ར་བཅས་ཡིན། (Span, Kim and Tara) མདོར་ན་གཏེར་སྟོན་ཨ་ཙ་ར་མི་གསུམ་ནས་དབུ་ཚུགས་ཏེ་དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་བར་དུ་བོན་གཏེར་གྱི་ཟམ་མ་ཆད་བར་བྱུང་བ་ཡིན་ནོ།། །།