གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་མཛད་རྣམ་ངོ་སྤྲོད།
དྲི་བ་འདོན་པ་པོ། བཙན་པོའི་རྟ་རྫི། གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་སྐུ་ཚེའི་ལོ་རྒྱུ་ག་འདྲ་ཡིན་ངོ་སྤྲོད་ཅིག་གནང་རོགས། ལན་གནང་མཁན་རྩོམ་སྒྲིག་པ།
གླེང་གཞི་དང་འབྲེལ་བའི་ཐོག་མའི་གཏམ།
གཡས་རུའི་སྟོན་པ་བཅོ་བརྒྱད་ནི། དུས་རབས་བཅུ་པའི་སྨད་ནས་བཅུ་བཞིའི་བར་དུ་བྱུང་བའི་བོན་ཕྱི་དར་གྱི་བསྟན་པ་སླར་གསོའི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་མཛད་པའི་བོན་བསྟན་རྩ་བའི་བརྒྱུད་རིམ་ཁྲོད་ཀྱི་བླ་མ་ཤ་སྟག་རེད། སྟོན་པ་དེ་རྣམས་མང་ཆེ་བ་རིགས་རུས་ཁུངས་བཙུན་ཞིང་གདུང་རྒྱུད་ཁྱད་འཕགས་ཡིན་ཚུལ་སྐོར། དེ་སྔའི་རྣམ་ཐར་ཁག་ལ་གསལ་ཡང་བསྐྱར་དུ་དེའི་སྐོར་འདིར་གླེང་འདོད་པ་ཞིག་ཀྱང་མིན་ལ། དམ་པ་ཁོང་རྣམས་མང་པོ་ཞིག་མ་འོངས་ལུང་བསྟན་གྱིས་ཟིན་པའི་སྐྱེས་བུ་ཡིན་ཚུལ་དང་། མཐུ་དང་གྲུབ་རྟགས་མང་པོ་ཡོད་ཚུལ་གསལ་བས་དེའི་སྐོར་ཡང་བསྐྱར་གླེང་བྱ་རྒྱུ་མིན། འདིར་གླེང་བྱ་གཙོ་བོ་དམ་པ་དེ་དག་གི་འཁྲུངས་འདས་ལོ་ཚིགས་དང་། འཁྲུངས་ཡུལ་ས་གནས། དགེ་རྒན་གྱི་དྲུང་ནས་ཐོས་བསམ་སློབ་གཉེར་གནང་སྟངས་སོགས་བསྟན་དོན་དུ་མཛད་འཕྲིན་སྐྱོང་ཕྱོགས་སྐོར་ནས་དོན་ཐོག་ཏུ་འབྱོར་གང་ཐུབ་བྱེད་ཀྱིན་ཡིན། མ་གཞི་མཁས་གྲུབ་དེ་དག་གི་མཛད་རྣམ་དཔེ་གཞུང་དག་ལ་ཁ་འཐོར་ཚུལ་དུ་ཡོད་ཀྱང་འདིར་ཕྱོགས་གཅིག་ཏུ་གཟིགས་བདེ་བའི་ཆེད་དུ་ཁ་གསལ་གོ་བདེ་ཞིག་འབྲི་ཐུབ་ན་དགེ་མཚན་ཆེ་བར་མངོན། དེ་སྔོན་ང་ཚོའི་བོད་ཀྱི་བླ་མའི་རྣམ་ཐར་འབྲི་སྟངས་མང་ཆེ་བ་དོན་དངོས་དང་མི་འཚམ་པའི་འུད་བརྗོད་བྱས་དྲགས་པ་དང་། འགའ་ཞིག་སྙན་ངག་གི་སྤྲོས་པ་ཆེ་དྲགས་པ། འགའ་ཞིག་མཇལ་སྣང་དང་ལུང་བསྟན་མང་བ་སོགས་དོན་དུ་མ་འབྱོར་བའི་གཏམ་ཉོག་མང་དྲགས་པས་རྣམ་ཐར་ཚར་གཅིག་བཀླགས་ཀྱང་ཁོང་ཉིད་ཡུལ་གང་ནས་ཡིན་པ་དང་། དུས་ཚོད་ག་དུས་འཁྲུངས་པ་བཅས་ནི་དཔེ་གཞུང་གཞན་ནས་འཚོལ་དགོས་པ་མང་དུ་སྣང་རྒྱུ་འདུག་པས་མི་ལེགས་པའི་ཕྱོགས་སུ་འཁུམས་སོ།། སྤྱིར་རྣམ་ཐར་ཞེས་པ་ནི་སྤྱིར་བཏང་གི་མིའི་ལོ་རྒྱུས་དང་མི་འདྲ་བར་ལྟ་མཁན་རྣམས་ཐར་པའི་ལམ་ལ་བག་ཆགས་བཟང་པོ་འཇོག་ཐུབ་མཁན་ཞིག་དགོས་ཟེར་སྲོལ་ཡོད་ཀྱང་མི་འཚམ་པའི་ཆེ་བསྟོད་བྱེད་པ་ནི་སྒྲོ་སྐུར་དང་གཉིས་སུ་མ་མཆིས། སྟོན་པ་བཅོ་བརྒྱད་པོ་འདི་རྣམས་ཀྱི་ནང་ནས་མེ་གཉོས་རྣམ་གཉིས་དང་། འགྲོ་མགོན་ཁུ་དབོན། མཁས་གྲུབ་རིན་བློ་དང་ལྔ་ལས་དེ་འཕྲོའི་གདུང་རུས་བྲུ་ཤ་སྟག་ཡིན། མཁས་པ་འདི་རྣམས་ལ་སྟོན་པ་ཟེར་བའི་མཚན་དེ་གྲགས་ཆེ་དོན་ནི་སྐབས་དེར་གཞུང་ལུགས་འཆད་ཉན་ཡུན་རིང་གནང་རྗེས་བསླབ་པ་མཐར་སོན་སྐབས་ཀྱི་གོ་གནས་མཚོན་པའི་ཁྱད་མིང་ཞིག་ཡིན་པར་སྣང་། དཔེར་ན། དེང་དུས་དགེ་བཤེས་ཞེས་པའི་མིང་འདོགས་སྟངས་དང་གཅིག་མཚུངས་ལྟར་གྱུར་ཡོད། ཐ་སྙད་དེ་བོན་ལུགས་ཁོ་ནས་བེད་སྤྱོད་པ་ཞིག་མིན་པ། བན་བོན་རིས་མེད་ཀྱི་ཆོས་ལུགས་ཁྲོད་དུ་དུས་རབས་བཅུ་གཅིག་ནས་བཅུ་བཞིའི་བར་བསླབ་པ་མཐར་སོན་པའི་རབ་འབྱམས་དག་ལ། སྟོན་པ་ཞུས་པའི་མཚན་དེ་བེད་སྤྱོད་ཤུགས་ཆེར་བཏང་ཡོད་པ་འདིར་ངོ་སྤྲོད་ཙམ་རེ་ཟུང་དྲངས་ན། ཁུ་སྟོན་དང་། འབྲོམ་སྟོན། ལོ་སྟོན། གཡག་སྟོན། རོང་སྟོན། ཞང་སྟོན། སྤ་སྟོན། ཞུ་སྟོན། བྲུ་སྟོན། སྒ་སྟོན། འ་སྟོན། བཞོ་སྟོན། རྨ་སྟོན། སེ་སྟོན། ཏྲེ་སྟོན་སོགས་ཤིན་ཏུ་མང་པོར་མཆིས། སྟོན་པ་བཅོ་བརྒྱད་པོ་དེ་དག་གིས་བོན་བསྟན་སླར་གསོའི་ཁྲོད་དུ་གྱེར་དབྱངས་འདོན་གསུམ་དང་འབུད་བརྡུང་དཀྲོལ་གསུམ། འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་སོགས་བསྟན་དོན་དུ་མཛད་འཕྲིན་རླབས་ཆེན་བསྐྱངས་ཡོད་པས། བོན་གྱི་བསྟན་འབྱུང་ཁྲོད་དུ་རྒྱལ་རིགས་བྲུ་ཡི་རིང་ལུགས་ཟེར་བའི་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་པ་ཞིག་ཁ་ཕྱེས་ཡོད། སྤྱི་ལོ་༡༠༣༦ལོར་བྲུ་ཆེན་ནམ་མཁའ་གཡུང་དྲུང་གིས་སྲིད་པའི་མཛོད་ཕུགས་ལ་འགྲེལ་བ་བཏབ་སྟེ་འཆད་ཉན་གྱི་དབུགས་སྣེ་སླར་གསོ་བྱུང་བ་ནས་བཟུང་། མཐར་གཡས་རུ་དབེན་ས་ཁ་ཤྭ་འོད་ཀྱིས་མ་འཇིག་བར་མཁས་གྲུབ་དེ་དག་གི་སྐུ་རིང་ལ་གཞུང་ཆེན་གབ་མཛོད་ས་གསུམ་དང་། ཨ་སྙན་རྫོགས་གསུམ་དབུ་ཚད་ཕར་གསུམ་སོགས་ལ་སློབ་གཉེར་གཙོ་བོ་གནང་སྲོལ་ཡོད། སྐབས་དེར་ཁྲི་འཛིན་སྟོན་པ་རེ་རེས་གབ་མཛོད་ས་གསུམ་གྱི་འགྲེལ་རེ་བརྩམས་ཟེར་བའི་ཕྱིས་འབྱུང་བཤད་རྒྱུན་འགའ་མཆིས་ཀྱང་རྣམ་ཐར་དང་། བསྟན་འབྱུང་རྙིང་པ་ཁག་ལ་དེའི་སྐོར་གསལ་མེད་པས་མཐའ་གཅིག་ཏུ་ངེས་ཤེས་འདྲེན་ཐུབ་པ་ཞིག་བཤད་ཁག་པོ་འདུག།དེ་དག་གི་ནང་ནས་འགྲོ་མགོན་བློ་གྲོས་ཀྱི་གསུང་རྩོམ་ཆ་ཚང་ཞིག་ད་ལྟ་ཡོད་ན་ཐང་། དེ་མིན་མང་ཆེ་བ་ནུབ་ཟིན་པས་མཇལ་ཡུལ་དུ་མ་གྱུར། འོན་ཀྱང་འགྲོ་མགོན་གྱི་གསུང་རྩོམ་ཁག་གི་ནང་དུ་རྩོད་སྤོང་དང་དགག་སྒྲུབ་ཀྱི་གསེང་དུ་ཁ་ཅིག་དང་། རང་ལུགས་ཅི་རིགས་སུ་བཞག་པའི་གཡས་རུའི་མཁས་གྲུབ་འགའ་དང་། སྤ་རྨེའུ་ཞུ་གསུམ་གྱི་མཁས་པའང་མང་དུ་ཐོན་ཡོད་པས། དེ་ཚོའི་སྐོར་ལ་ཞིབ་འཇུག་གཏིང་ཟབ་དགོས་ན་འགྲོ་མགོན་བློ་གྲོས་ཀྱི་གསུང་རྩོམ་ཁག་ནི་དཔྱད་གཞི་གལ་ཆེན་ཞིག་ཡིན། ལྷག་པར་དུ་སྐབས་དེར་བོན་གྱི་མཁས་པས་བརྩམས་པའི་ལམ་རིམ་སྐོར་འཚོལ་བཤེར་དགོས་ན་དེའི་ཐད་གཞན་གྱིས་ཚབ་བྱེད་དུ་མེད་པའི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ནི་འགྲོ་མགོན་ས་ལམ་དེ་གྱུར་ཡོད། གུས་པས་དེ་སྔོན་འགྲོ་མགོན་ས་ལམ་ལ་དཔྱད་ཞིབ་ཅུང་ཙམ་བྱས་དུས། བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་། གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན། བྲུ་རྗེ་གཡུང་དྲུང་བླ་མ། བྲུ་སྟོན་ཉི་མ་རྒྱལ་མཚན། འགྲོ་མགོན་བདུད་རྩི་རྒྱལ་མཚན་བཅས་ཀྱིས་ལམ་རིམ་ཆ་ཚང་རེ་བརྩམས་གནང་མཛད་ཡོད་པ་གསལ་པོ་རེད་འདུག ལམ་རིམ་དག་གི་ནང་ནས་མཁས་པ་གཉོས་རྒྱལ་གྱི་ས་ལམ་བཅས་འགའ་ཞིག་ནི་ཕྱིས་གྲྭ་ས་གོང་འོག་བར་གསུམ་གྱི་དུས་སུ་ཡང་ཡོད་པར་མངོན། དབེན་ས་ཁའི་དགོན་པ་ཐོར་ཞིག་ཕྱིན་དུས་ཀྱི་ལོ་ཚིགས་མི་མཐུན་བ་གཉིས་བྱུང་བ་ནི་མཁར་རྨེའུ་བསམ་གཏན་ལྟར་ན་སྤྱི་ལོ་༡༣༨༦ལོར་ཡིན་པ་དང་། ཡང་ལོ་རྒྱུས་འགའ་ཤས་ལྟར་ན་༡༤༠༣ལོར་ཡིན་ཚུལ་འཁོད་ཡོད། མདོར་ན་གཡས་རུ་དབེན་ས་ཁའི་འདུས་སྡེ་ཆེན་མོ་ཆུ་ལོག་གིས་འཇིག་རྗེས་དགོན་དེའི་བསྟན་བཞེངས་རྨང་མེད་དུ་བཅོམ་པ་མ་ཟད། སྔར་གྱི་མཁས་གྲུབ་དག་གིས་བརྩམས་པའི་གསུང་རྩོམ་ཇི་སྙེད་ཅིག་སྐབས་དེར་བོར་གཏོར་དུ་སོང་བར་མངོན། དགོན་འདི་ཐོར་ཞིག་ཏུ་སོང་བའི་གནས་ཚུལ་ནི་ངག་རྒྱུན་དང་གཏམ་རྒྱུད་འདྲེས་མ་ཙམ་ལས། སྐབས་དེར་དགོན་གྱིི་ལྷ་ཁང་རྟེན་གསུམ་དང་། དགེ་འདུན་བླ་གྲྭ་ལ་བརྡབ་གསིག་ག་ཚད་སོང་མིན་སྐོར་ཡིག་ཕྲེང་རྐང་གཅིག་ཤོག་ཐོག་ཏུ་བཀོད་པ་མི་འདུག་པས་ཕངས་སེམས་ཤིན་ཏུ་ཆེ། དབེན་ས་ཁའི་འདུས་སྡེ་ཆུ་ལོག་གིས་འཇིག་རྗེས་བྲུ་ཚང་ཡང་ཉམས་རྒུད་སོང་བ་དང་། བྲུ་ཁྱིམ་དུ་པཎ་ཆེན་སྐུ་ཕྲེང་གཉིས་སྔ་ཕྱིར་འཁྲུངས་རྗེས་བྲུ་ཡི་གདུང་རྒྱུད་མེད་པར་ཆགས་ཡོད། པཎ་ཆེན་སྐུ་ཕྲེང་གཉིས་པ་བློ་བཟང་ཡེ་ཤེས་༡༦༦༣-༡༧༣༧ལོར་བྲུ་ཁྱིམ་དུ་འཁྲུངས་སྐབས། ཁྱིམ་མི་ཡོངས་རྫོགས་བཀྲ་ཤིས་ལྷུན་པོར་གནས་སྤོས་བྱས་ཀྱང་ཡུལ་སྡེའི་རེ་འབོད་ལྟར་བྲུའི་རྒྱུད་འཛིན་མཁན་བུ་ཞིག་ཕྱིར་ཕེབས་ཡོད། ཕྱིས་པཎ་ཆེན་སྐུ་ཕྲེང་ལྔ་པ་བསྟན་པའི་དབང་ཕྱུག་༡༨༥༤-༡༨༨༢སླར་ཡང་བྲུ་ཁྱིམ་དུ་འཁྲུངས་སྐབས། བྲུ་ཚང་གི་སྡོད་ཁང་དང་ས་ཞིང་ཚང་མ་བཀྲ་ཤིས་ལྷུན་པོའི་དགོན་པས་བདག་པོ་བརྒྱབས་ཡོད་པ་མ་ཟད། དེ་ནས་བྲུ་ཚང་གི་རྒྱུད་པ་དེ་ཡང་རྩ་སྟོངས་སུ་སོང་ཡོད། པཎ་ཆེན་དེ་གཉིས་ཀྱང་རི་བོ་དགེ་ལྡན་པའི་བསྟན་དོན་ལ་མཛད་འཕྲིན་རླབས་ཆེན་བསྐྱངས་ཤིང་ཞྭ་སེར་བསྟན་པའི་གཙུག་རྒྱན་དུ་གྱུར། འོན་ཀྱང་དགེ་ལུགས་པས་ཁོང་རྣམ་གཉིས་ཀྱི་རྣམ་ཐར་འབྲི་སྐབས་ཁྱིམ་རྒྱུད་བོན་པོ་ཡིན་པ་གསང་བ་བྱས་ཚུལ་སྐོར། སྐུ་ཞབས་མཁར་རྨེའུ་བའི་མདའ་འཕང་ལས་གསལ་བ་འདི་ལྟར། པཎ་ཆེན་སྐུ་ཕྲེང་གཉིས་པ་དེའི་རྣམ་ཐར་རྩོམ་པ་པོས་དེ་གཉིས་འཁྲུངས་སའི་ཁྱིམ་ཚང་བྲུ་ཚང་གི་ཆོས་ལུགས་བོན་ཡིན་པའི་སྐོར་གསང་བ་བྱས་ཡོད་ནའང་། པཎ་ཆེན་དེ་གཉིས་འཁྲུངས་སའི་རིགས་རུས་ཆོ་འབྲང་ལ་བསྟོད་བསྔགས་ཆེ་ཆེར་མཛད་ཡོད། རྣམ་ཐར་རྩོམ་པ་པོས་པཎ་ཆེན་དེ་གཉིས་ཁྱིམ་རྒྱུད་སྐོར་གླེང་མི་མཛད་དགོས་པའི་རྒྱུ་མཚན་ནི། དེས་དགེ་ལུགས་པའི་གྲུབ་མཐའི་མཚན་སྙན་ལ་གནོད་པ་དགོངས་པས་སོ།། ཞེས་གསལ་ཡོད། བྲུ་ཚང་ནི་བོད་གཙང་རྒྱུད་ནས་ལོ་རྒྱུས་ཐོག་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་ཞིག་ཡིན་པ་མ་ཟད་ཁྱིམ་ཚང་དེར་བོན་བསྟན་སྐྱོང་བའི་སྐྱེས་ཆེན་བཅུ་ཕྲག་དུ་མ་འཁྲུངས་མྱོང་ཡོད་པས་བོན་ལུགས་འཛིན་པ་ཀུན་གྱིས་དད་མོས་བྱེད་སའི་བླ་ཁྱིམ་ཞིག་ཀྱང་རེད། དུས་སྐབས་དེར་རི་བོ་དགེ་ལྡན་པའི་བསྟན་པ་གངས་རིའི་ལྗོངས་ལ་དར་ཁྱབ་གཏོང་བཞིན་པའི་སྐབས་ཡིན་པས་ཁྱིམ་ཚང་དེར་པཎ་ཆེན་ཡང་སྲིད་ངོས་འཛིན་མཛད་དོན་ལ་དམིགས་ཡུལ་ཆེན་པོ་ཡོད་པར་མངོན། འདིའི་སྐོར་ལེའུ་ཚན་གཞན་དུ་འཆད་འདོད་པས་གནས་སྐབས་དེ་ཙམ་མོ།།
བྲུ་ཆེན་ཡབ་སྲས་ཀྱི་སྐོར།
འདིར་བྲུ་ཆེན་ཡབ་སྲས་ཟེར་བའི་དོན་ནི་ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་། དེའི་སྲས་བྲུ་ཤ་ཁྱུང་གི་རྒྱལ་མཚན་གཉིས་ལ་ཡོངས་གྲགས་སུ་བྲུ་ཆེན་ཡབ་སྲས་ཟེར་བ་ཡིན། དང་པོ་བླ་མ་བྲུ་ཆེན་ནམ་མཁའ་གཡུང་དྲུང་མཆོག་ནི་དུས་རབས་བཅུ་པའི་དུས་སྨད་ཕྱི་ལོ་༩༩༤ལོར་བོད་ལྗོངས་གཙང་གི་ཆར་ག་ར་ངོ་མང་ཞེས་པའི་ས་གནས་སུ་ཡབ་བྲུ་ཤ་གཡུང་དྲུང་སེང་གེ་དང་། ཡུམ་དབུ་སངས་བདེ་ལྡན་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་གསུམ་དུས་ནས་ཡི་གེ་འབྲི་ཀློག་མཁྱེན་པ་དང་། དགུང་ལོ་བཅུ་གཅིག་ཐོག་བོན་སྒོ་དུ་མར་ཐོས་བསམ་སློབ་གཉེར་གནང་བས་བློ་གྲོས་ཀྱི་སྒོ་འཕར་ཡངས་པོར་ཕྱེས། དགུང་ལོ་བཅོ་ལྔའི་སྐབས་གཏེར་སྟོན་མཐའ་བཞི་འཕྲུལ་གསས་སོགས་སྐྱེས་ཆེན་དུ་མའི་དྲུང་ནས་བཀའ་དབང་མང་དུ་ཞུས་ཏེ་སྒྲུབ་པ་ཉམས་ལེན་མཛད་པས་ཐུགས་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་འཁྲུངས། ཕྱི་ལོ་༡༠༡༧ལོར་བླ་མ་གཤེན་ཆེན་པོས་གཏེར་བཏོན་རྗེས་ཁོང་ནི་སློབ་མ་གཙོ་བོ་ཞིག་ཏུ་གྱུར་ནས། གབ་པ་དང་མཛོད་ཕུགས་བཅས་ཀྱི་གཞུང་ཆེན་ཁག་ལ་ཐུགས་སྦྱོང་མཛད་པས་མཁས་གྲུབ་གཉིས་ལྡན་དུ་གྱུར། དམ་པ་ཉིད་ནི་གསང་བ་སྔགས་ཀྱི་རིང་ལུགས་འཆང་བའི་གཤེན་པོ་ཞིག་ཡིན་སྟབས། སྐུ་ཟླ་གཟུངས་སྐྱིད་ལ་སྲས་བཞི་འཁྲུངས་པ་ནི་གཅེན་བྲུ་ཤ་ཁྱུང་གི་རྒྱལ་མཚན་དང་། འབྲིང་རིན་རྒྱལ། ཤེས་རྒྱལ། ཆུང་བ་པདྨ་རྒྱལ་མཚན་དང་བཞི་ཡིན། སྐུ་སྲས་དེ་དག་ཀྱང་མཁས་གྲུབ་གཉིས་ལྡན་དུ་གྱུར་ནས་བསྟན་པའི་བདག་པོ་ཤ་སྟག་བྱུང་ཡོད། ཞལ་སློབ་ཀྱི་སྐོར་ནས་ཀྱང་མདོ་དབུས་གཙང་གསུམ་ལ་སློབ་མ་བརྒྱ་སྟོང་འཕེལ་ཏེ་གབ་མཛོད་ས་གསུམ་གྱི་འཆད་ཉན་རྒྱ་ཆེན་བསྐྱངས་བས་མདོ་སྔགས་ལུང་རྟོགས་ཀྱི་བསྟན་པའི་སྒོ་འཕར་ཕྱེས་ནས་གཤེན་རབ་མི་བོ་སླར་མི་ཡུལ་དུ་ཕེབས་པ་ལྟར་མཛད་དོ།། ཕྱི་ལོ་༡༠༣༦ལོར་སྲིད་པའི་མཛོད་ཕུགས་ལ་ཊི་ཀ་བཏབ་པས་སྲོལ་འཛིན་ཆེན་མོ་རུ་གྲགས་ཏེ་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ། མཁས་གྲུབ་ཆེན་མོ་དེ་ཉིད་ཀྱིས་མཛད་པའི་མཛོད་འགྲེལ་སོགས་ལྗགས་རྩོམ་མང་པོ་ཡོད་འདུག་ཀྱང་ད་ལྟ་མཇལ་དུ་ཡོད་པ་གཅིག་ཀྱང་མ་མཆིས། བླ་མ་གཤེན་ཆེན་ཀླུ་དགའི་སྐབས་བབས་བུ་ཆེན་བཞི་ཡི་གྲལ་ནས་བསྟན་འགྲོའི་དོན་མཛད་ཆེ་ཤོས་ཤིག་ཀྱང་ཡིན། མཐར་ཕྱི་ལོ་༡༠༥༤ལོའི་དགུང་གྲངས་རེ་གཅིག་ཐོག་སྐུ་མི་རྟག་མྱ་ངན་དུ་འདས།
ཁྲི་རབས་གཉིས་པ་བྲུ་ཤ་ཁྱུང་གི་རྒྱལ་མཚན་ནི་ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་ཡུམ་ར་ཤག་བཟའ་གཟུངས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་གི་འཁྲུངས་འདས་ལོ་ཚིགས་བསྟན་འབྱུང་དང་བསྟན་རྩིས་ཁག་ལ་གསལ་ཁ་མེད་ཀྱང་། ཨ་ལག་བོན་བརྒྱའིォརིས་མེད་བསྟན་རྩིསサལས། བྲུ་ཆེན་དགུང་ལོ་བཅུ་དགུའི་ཐོག་ལྕམ་ར་ཤག་བཟའ་ལ་བྲུ་ཤ་ཁྱུང་གི་རྒྱལ་མཚན་སྐུ་འཁྲུངས་ཞེས་གསལ་བས་སྤྱི་ལོ་༡༠༡༢ལོར་འཁྲུངས་པར་མངོན། ཕྱི་ལོ་༩༩༤ལོར་བྲུ་ཆེན་སྐུ་འཁྲུངས་༡༠༡༢ལོར་བྲུ་ཆེན་དགུང་གྲངས་བཅུ་དགུ་ཏག་ཏག་ཕེབས་ཡོད་པས། སྲས་ཁྱུང་རྒྱལ་འཁྲུངས་ལོའི་ལོ་ཚིགས་དེ་རུ་ཁེལ་བ་ཡིན། ཁོང་གི་རྣམ་ཐར་དུ་དགུང་ལོ་བདུན་ཅུའི་ཐོག་སྐུ་གཤེགས་པར་བཤད་པས་ཕྱི་ལོ་༡༠༨༢ལོར་འདས་ལོ་ལ་ངོས་འཛིན་བྱེད་ཆོག། ཁོང་གིས་སྐུ་ན་ཆུང་ངུ་དུས་ནས་ཡབ་བྲུ་ཆེན་ནམ་མཁའ་གཡུང་དྲུང་དང་། བླ་མ་གཤེན་ཆེན་ཀླུ་དགའ་སོགས་ཀྱི་དྲུང་ནས་མདོ་སྔགས་ཀྱི་རྒྱུད་སྡེ་ཀུན་ལ་སྒྲོ་འདོགས་ལེགས་པར་བཅད་དེ་མཁས་པའི་རྩེར་སོན། གཤེན་ཆེན་ཀླུ་དགའི་སློབ་མ་རྒྱལ་མཚན་ཐོགས་པའི་མི་བཞི་ཡི་ནང་ནས་ཁོང་རྒྱལ་མཚན་ཐོགས་པ་གཅིག་ཡིན། འདུས་གནས་གཡས་རུ་དབེན་ས་ཁའི་སྒྲུབ་སྡེ་རུ་གབ་མཛོད་ས་གསུམ་གྱི་གཞུང་ཆེན་ཁག་ལ་འཆད་ཉན་རྩོད་སྤོང་ཤན་འབྱེད་རྒྱ་ཆེར་གནང་བས་ལུང་རིགས་དབང་ཕྱུག་ཞེས་པའི་མཚན་གྱི་ཅོད་པན་གསོལ། སྐབས་འདིར་གསལ་བཤད་ཐུང་ངུ་ཞིག་ཞུ་འདོད་པ་ནི་དཔེ་ཆ་རེ་འགའི་ནང་དུ་བླ་མ་འདིས་གསང་ཕུ་དགོན་པར་ཕྱྭ་པ་ཆོས་ཀྱི་སེང་གེའི་དྲུང་དུ་མཚན་ཉིད་མི་ལོ་བཅུ་གསུམ་སྦྱངས་བར་བཤད་པ་ནི་ནོར་བ་ཁོ་ན་ཡིན་ཏེ་རྗེ་ཉིད་སྐུ་མི་རྟག་མྱ་ངན་འདས་ཚར་བའི་རྗེས་ནས་ཕྱྭ་པ་ཆོས་སེང་འཁྲུངས་པའི་ཕྱིར། བྲུ་ཤ་ཁྱུང་གི་རྒྱལ་མཚན་ནི་དགུང་ལོ་བདུན་ཅུ་ལ་འཚོ་བཞུགས་གནང་ཡང་དུས་རབས་བཅུ་གཅིག་པའི་སྨད་ཙམ་ནས་སྐུ་མི་རྟག་མྱ་ངན་འདས་པ་ཡིན་ལ། ཕྱ་པ་ཆོས་ཀྱི་སེང་གེ་ནི་དུས་རབས་བཅུ་གཉིས་པའི་སྟོད་ཕྱི་ལོ་༡༡༠༩ལོར་གཞི་ནས་འཁྲུངས་པའི་ཕྱིར། མ་ཟད་བྲུ་ཆེན་ཡས་སྲས་ཀྱི་སྐུ་དུས་གསང་ཕུ་དགོན་པ་མེད་པས་དེ་རུ་སློབ་གཉེར་བྱེད་མཁན་ཞིག་ཡོད་མི་སྲིད་དོ།། གསང་ཕུ་དགོན་པ་ནི་རྔོག་ལེགས་པའི་ཤེས་རབ་ཀྱིས་ཕྱི་ལོ་༡༠༧༣ལོར་ཕྱག་བཏབ་པ་ཡིན་མོད་སྐབས་དེར་བྲུ་ཆེན་ཡབ་སྲས་དགོངས་པ་བོན་དབྱིངས་སུ་གཤེགས་ནས་ལོ་དུ་མར་ཕྱིན་ཟིན། དམ་པ་དེ་ཉིད་ལ་སྤྱིར་མདོ་དབུས་ཁམས་གསུམ་དུ་སློབ་མ་གྲངས་ལས་འདས་ཀྱང་། ལྷག་པར་དུ་ཆོས་ག་བྲག་སྨུག་དང་། ག་ར་བོན་གནས། དུག་གདོང་བྲག་རིང་། ཤངས་རྫོང་བྲག་བཅས་དབེན་གནས་མང་པོ་ཞིག་ལ་རྣལ་འབྱོར་ཕོ་མོ་བརྒྱ་ཕྲག་དུ་མ་གསོ་སྐྱོང་གནང་ཡོད། མངའ་རིས་སུ་གདན་དྲངས་པས་སེ་རིབ་རྒྱལ་པོ་དང་། ཤང་གི་རྒྱལ་པོ་སྤུ་རོང་རྒྱལ་པོ་རྣམས་ཀྱི་མཆོད་གནས་མཛད། གཞན་ཡང་ཡ་ངལ་རུ་ཐོག་གུ་རིབ་བཅས་ལ་ཕེབས་ནས་སློབ་ཕྱོགས་རྒྱ་ཆེན་བསྐྱངས་འདུག་པས། སྐབས་དེར་མངའ་རིས་ཕྱོགས་སུ་བོན་གྱི་ལྷ་སྡེ་རྒྱ་ཆེན་ཡོད་པར་རྟོགས་ནུས་སོ།། གསུང་རྩོམ་ལ་མཛོད་དང་ལམ་རིམ་གྱི་སྐོར་སོགས་མང་པོ་ཡོད་འདུག་ཀྱང་ད་ལྟ་ཤོག་ལྷེ་རྐང་གཅིག་མཇལ་དུ་ཡོད་ཚོད་མི་གདའ།
བྲུ་རྗེ་ཁུ་དབོན་གྱི་སྐོར།
འདིར་བྲུ་རྗེ་ཁུ་དབོན་ཞེས་འབོད་དོན་ནི་བྲུ་སྟོན་ཉི་མ་རྒྱལ་མཚན་དང་། དེའི་ཁུ་བོ་བྲུ་རྗེ་བཙུན་གཡུང་དྲུང་བླ་མ་གཉིས་ཀྱི་མཚན་ལྷན་དུ་བརྗོད་བདེའི་ཆེད་དེ་ལྟར་སྨྲོས་པ་རེད། གཡས་རུའི་ཁྲི་རབས་གསུམ་པ་བྲུ་རྗེ་བཙུན་གཡུང་དྲུང་བླ་མ་ནི་དུས་རབས་བཅུ་གཅིག་པའི་དུས་དཀྱིལ་ཙམ་སྟེ་ཕྱི་ལོ་༡༠༤༠ལོར་གཡས་རུ་དགེ་ལྡིང་ཞེས་པའི་གནས་སུ་ཡབ་བྲུ་ཤ་པད་མ་རྒྱལ་མཚན་དང་། ཡུམ་བྲག་གསུམ་རྩ་བཟའ་རྒྱན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ན་ཆུང་ངུའི་དུས་ནས་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་ཞིང་བོན་ལ་དད་གུས་ཆེ་བ་ཞིག་ཡིན་སྟབས། འབྲི་ཀློག་དུས་ཐུང་ངུའི་ནང་དུ་མཁྱེན་ཐུབ་པ་བྱུང་། མཁན་པོ་གཉོས་ལག་དྲུག་གི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས་པས་མཚན་ལ་གཡུང་དྲུང་བླ་མ་ཞེས་གསོལ། བླ་མ་ལྷ་རྗེ་རྒྱལ་མཚན་དང་གཞན་ཡང་བྲུ་སྟོན་རྣམས་ཀྱི་དྲུང་ནས་ཕྱི་མཚན་ཉིད་ཀྱི་གཞུང་དང་། ནང་གསང་སྔགས། གསང་བ་སེམས་ཕྱོགས་ཀྱི་རྒྱུད་སྡེ་སོགས་བོན་སྒོ་ཀུན་ལ་ཐོས་བསམ་ཡུན་རིང་གནང་སྟབས་གང་གིས་འགྲན་དུ་མེད་པའི་མཁྱེན་རྩལ་རྨད་དུ་བྱུང་བ་རྫོགས་ཏེ། མདོ་སྔགས་བསྟན་པའི་མངའ་བདག་ཏུ་གྱུར་བས་མཚན་དངོས་ཀྱི་ཚབ་ཏུ་ཆེ་མིང་ལ་བདག་ཉིད་ཆེན་པོ་ཞུས་སྲོལ་བྱུང་བ་རེད། མ་ཟད་བྲུ་ཆེན་ཡབ་སྲས་ཀྱི་བླ་འབུམ་ལ་དཔེ་བླངས་ནས་འབུམ་རྒྱས་འབྲིང་བསྡུས་གསུམ་གསེར་བྲིས་མཛད་ཅིང་། མངའ་དབུལ་སྐབས་སུ་རྗེ་བཙུན་ཁྲོ་འབྲུག་གདན་དྲངས་ཏེ་མཛད་སྒོ་རྒྱ་ཆེན་ཚོགས་གནང་བ་དང་། ལྷག་པར་རྗེ་བླ་མ་འདི་ཉིད་དགུང་ལོ་སོ་གསུམ་བཞེས་སྐབས་ཕྱི་ལོ་༡༠༧༢ལོར་དབེན་ས་ཁར་དབེན་དགོན་བེད་ཆེན་གླིང་ཞེས་པའི་ཚུལ་གནས་ཁྲིམས་འཇུག་གི་འདུས་སྡེ་ཆེན་མོ་ཕྱག་བཏབ་པས་འདུས་གྲྭ་སྟོང་ཕྲག་ལྷག་འཕེལ་ཡོད། སྔར་བཞིན་བྲུ་རྗེ་ཡབ་སྲས་ཀྱི་བཀའ་སྲོལ་རྒྱུན་སྐྱོང་མཛད་ཅིང་། གབ་མཛོད་ས་གསུམ་སོགས་གཞུང་ཆེན་ཀུན་ལ་འཆད་རྩོད་ཀྱིས་དུས་འདའ་བ་གནང་བས། ཤར་རྒྱལ་མོ་རོང་ཆུ་ལ་དར་ཐག་ཡན་ཆོད་དང་། བྱང་འཇག་མ་གླུ་ལེན་གྱི་ཚུན་ཆད། ནུབ་བལ་པོ་རྡོ་ལ་ཁ། ལྷོ་སྙུག་མ་ཕུབ་མཁར། མཐའ་འཁོབ་དྭགས་ཀོང་སྤུ་བོ། གཞན་ཡང་གུ་གེ་དང་། སེ་རིབ། རྐང་ཕྲན་སྦལ་ཐའི་སོགས་སྟོད་སྨད་ཀུན་ལ་བོན་བཤད་འགྲོ་དོན་མཛད་དོ།། གསུང་རྩོམ་གྱི་སྐོར་ནས་ས་ལམ་དང་མཛོད་སོགས་མང་ཡང་ད་ཆར་ཚང་མ་ནུབ་ཟིན་པར་མངོན།
གཡས་རུའི་ཁྲི་རབས་བཞི་པ་བྲུ་སྟོན་ཉི་མ་རྒྱལ་མཚན་གྱི་འཁྲུངས་འདས་ལོ་ཚིགས་ལ་གསལ་ཁ་མེད་ཀྱང་ཚོད་དཔག་བྱས་ན་དུས་རབས་བཅུ་གཅིག་པའི་སྨད་ནས་བཅུ་གཉིས་པའི་དཀྱིལ་སྟོད་བར་དུ་བཞུགས་ཡོད་པར་མངོན། བླ་མ་འདི་ཉིད་ཀྱིས་ཆུང་ནས་ཁུ་བོ་རྗེ་བཙུན་གཡུང་དྲུང་བླ་མའི་དྲུང་དུ་ཡི་གེ་འབྲི་ཀློག་དང་ཐོས་བསམ་སློབ་གཉེར་ཡུན་རིང་གནང་བས་རྣམ་དཔྱོད་ཀྱི་སྒོ་འཕར་ཡངས་པོར་ཕྱེས། དེ་རྗེས་བདག་ཉིད་ཆེན་པོ་གཡུང་དྲུང་བླ་མ་དང་རྗེ་བཙུན་ཁྲོ་ཚང་འབྲུག་ལྷ་རྣམ་གཉིས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་འདུལ་བའི་བོན་སྒོ་ཐ་དག་ཐུགས་སུ་ཆུད་པར་མཛད། བླ་མ་རྨ་སྟོན་དང་མཇལ་ནས་བྱང་གཏེར་གྱི་དབང་ལུང་མན་ངག་དང་བཅས་པ་ཞུས་ཏེ་རྨ་སྟོན་སྲོལ་འཛིན་ཆེན་པོའི་བོན་བདག་ཏུ་གྱུར། གཞན་ཡང་གྲུབ་ཆེན་ཁྱུང་སྒོམ་ཇོ་གཡུང་སོགས་སྐྱེས་ཆེན་མང་པོའི་དྲུང་དུ་སློབ་གཉེར་ཡུན་རིང་གནང་རྗེས། ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས་ནས་མཁས་གྲུབ་གཉིས་ལྡན་གྱི་གོ་འཕང་དུ་བསྙེགས། མ་ཟད་བྲུ་ཡི་གདན་ས་གཡས་རུ་དབེན་ས་ཁར་བྲུ་ཆེན་གྱི་སྐུ་གདུང་དང་བླ་མ་གོང་མ་དག་གིས་མཛད་པའི་འགྲེལ་དང་ཊིཀ་སོགས་རྟེན་བཞེངས་མཐའ་ཡས་པ་གནང་བ་དང་། རྗེས་སོར་གཅེན་པོ་ཟླ་རྒྱན་ལ་སྲས་མེད་པས་བླ་མའི་བཀའ་བཞིན་སྡོམ་པ་ཕུལ་ནས་ལྕམ་བཞེས། ཁོང་ལ་སྲས་ནམ་མཁའ་རྒྱལ་མཚན་དང་། བསོད་ནམས་རྒྱལ་མཚན་གཉིས་འཁྲུངས། ཁོང་གིས་མཛད་པའི་གསུང་རྩོམ་གྱི་སྐོར་ནི་ད་ལྟ་ང་ཚོའི་མཇལ་ཡུལ་དུ་མ་གྱུར་ཀྱང་ས་ལམ་གྱི་སྐོར་སོགས་མང་པོ་ཡོད་པར་སྨོས་མ་དགོས། འགྲོ་མགོན་བློ་གྲོས་ཀྱི་ས་ལམ་ནང་དུ་གསལ་བའི་བློ་གྲོས་ཀྱི་བདག་ཉིད་ཆེན་པོ་ཞུས་བའི་བླ་མ་དེ་འདི་ཉིད་ཡིན་ལ། དེ་སྐོར་ནི་དེ་སྔོན་ཁོ་བོས་དཔྱད་རྩོམ་ཐུང་ངུ་ཞིག་བགྲེས་པོའི་འབེལ་གཏམ་འདོན་ཐེངས་བཅུ་བཞི་པའི་ཐོག་ཏུ་བཀོད་ཡོད་པས་དེར་གཟིགས་པར་འཚལ།
མེ་གཉོས་རྣམ་གཉིས་ཀྱི་སྐོར།
འདིར་མེ་གཉོས་རྣམ་གཉིས་ཟེར་དོན་སུམ་ལྡན་གཡོར་པོ་མེ་དཔལ་དང་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་རྣམ་གཉིས་ཀྱི་མཚན་སྟབས་བདེའི་ཆེད་མཉམ་པོར་བསྡུས་པ་ཞིག་ཡིན། དང་པོ་གཡས་རུའི་ཁྲི་རབས་ལྔ་བ་གཡོར་པོ་མེ་དཔལ་ནི་བོད་ལྗོངས་ལྷོ་ཁའི་ཕྱོགས་གཡོར་པོ་ཞེས་པའི་ས་ཆར་དུས་རབས་བཅུ་གཉིས་ཏེ་སྤྱི་ལོ་༡༡༣༤ལོར་སྐུ་འཁྲུངས། ཁོང་ལ་གཡོར་པོ་མེ་དཔལ་ཟེར་དོན་ནི་གཡོར་པོ་ནི་འཁྲུངས་ཡུལ་དང་། མེ་ནི་གདུང་རུས། དཔལ་ནི་མཚན་གྱི་ཟུར་ཞིག་མདོར་ན་ཡུལ་དང་གདུང་རུས་མཚན་གསུམ་ལྷན་དུ་བསྡུས་པ་ཞིག་ཡིན། དམ་པ་དེ་ཉིད་སྐུ་ན་ཆུང་ངུ་དུས་ནས་འབྲི་ཀློག་ལེགས་པར་གསན་པ་དང་། ཆེར་སོང་དུས་གཡས་རུ་དབེན་ས་ཁར་བྱོན་ཏེ་བྲུ་སྟོན་ཉི་རྒྱལ་གྱི་དྲུང་ནས་གཙང་མ་གཙུག་ཕུད་ཀྱི་སྡོམ་ཁྲིམས་བཞེས་ཤིང་ཐོས་བསམ་སློབ་གཉེར་ཡུན་རིང་གནང་། དེ་རྗེས་གཤེན་སྟོན་ནམ་མཁའ་དང་མཇལ་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བླངས་ནས་ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས། མདོར་ན་བླ་མ་འདི་ཉིད་ཀྱིས་གཤེན་སྟོན་ནམ་མཁའ་དང་། བྲུ་སྟོན་ཉི་རྒྱལ། ཞང་དམ་པ་ཚུལ་ཤེས། གཤེན་སྒོམ་ཞིག་པོ་སོགས་མཁས་གྲུབ་དུ་མའི་ཐུགས་བཅུད་བླངས་པས་མདོ་སྔགས་བསྟན་པ་ཀུན་གྱི་མངའ་བདག་ཏུ་གྱུར། མ་ཟད་བྲུ་ཡི་ཨ་ཁྲིད་ཆེན་མོ་ཐུན་མཚམས་བརྒྱད་དམ་བཅུ་པ་ཞེས་པ་གསར་བརྩམས་མཛད་པས་སྙན་པའི་གྲགས་པ་ཀུན་ཏུ་ཁྱབ། རྗེས་སོར་སློབ་དཔོན་ཉི་རྒྱལ་བྲུ་རྒྱུད་འཛིན་ཕྱིར་འདུལ་བའི་བསླབ་སྡོམ་བླ་མར་ཕུལ་ནས་ལྕམ་བཞེས་དགོས་བྱུང་སྟབས། རྗེ་འདི་ཉིད་དབེན་ས་ཁའི་རྒྱལ་ཐེབས་ལོ་མང་མཛད་ནས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་རླབས་ཆེན་བསྐྲུན། ཁོང་གི་གསུང་རྩོམ་གྱི་སྐོར་ལ་མཛོད་འགྲེལ་དང་ས་ལམ་ཨ་ཁྲིད་སྐོར་སོགས་མང་པོ་ཡོད་ཀྱང་། ད་ལྟ་མཇལ་ཡུལ་དུ་ཡོད་པ་ནི་ཨ་ཁྲིད་སོགས་རེ་ཟུང་ལས་མ་མཆིས། བླ་མ་དེ་ཉིད་མཐར་སྤྱི་ལོ་༡༡༦༨ལོར་དགུང་གྲངས་སོ་ལྔའི་ཐོག་སྐུ་མི་རྟག་མྱ་ངན་འདས་སོ།། གཡས་རུའི་ཁྲི་རབས་དྲུག་པ་གཉོས་སྟོན་ཚུལ་ཁྲིམས་རྒྱལ་མཚན་ནི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཙམ་སྟེ། སྤྱི་ལོ་༡༡༤༤ལོར་མདོ་ཁམས་དབྱར་མོ་ཐང་ཞེས་པའི་ས་གནས་སུ་སྐུ་འཁྲུངས། ཁོང་ལ་གཉོས་ཟེར་དོན་ནི་གདུང་རུས་གཉོས་ཡིན་པས་ན་རེད། སྐུ་ན་ཆེར་སོན་རྗེས་གཙང་དུ་ཕེབས་ཏེ་ཐོས་བསམ་སློབ་གཉེར་ཡུན་རིང་གནང་བ་དང་། ཁྱད་པར་དུ་སློབ་དཔོན་ཉི་རྒྱལ་གྱི་དྲུང་ནས་རྒྱུད་སྡེ་ཕྱི་ནང་གསང་གསུམ་གྱི་ཁྲིད་རྒྱུན་དང་། དབང་ལུང་མན་ངག་དང་བཅས་པ་གསན་བསམ་མཛད། མེ་སྟོན་ཤེར་འོད་ཀྱི་དངོས་སློབ་གཤེན་སྟོན་ནམ་མཁའི་མདུན་ནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ཆེན་བཞེས་ཏེ་སྡེ་སྣོད་ཀུན་ལ་ཐོས་བསམ་མང་དུ་གནང་བ་དང་། འགྲོ་མགོན་གཡོར་མེའི་མདུན་ནས་གབ་མཛོད་ས་གསུམ་དང་སྔགས་སེམས་རྒྱུད་སྡེ་ཀུན་ལ་ཐུགས་སྦྱོང་ལེགས་པར་གནང་བས་མཁས་པ་དབྱར་མོ་ཐང་ཞེས་མཚན་སྙན་ཀུན་ལ་ལྡིར། བྲུ་ཡི་གདན་སའི་རྒྱལ་ཐེབས་མཛད་དེ་ལོ་མང་པོར་ཁྲི་འཛིན་གྱི་འགན་བཞེས་ནས་འཆད་རྩོད་ཀྱི་འཁོར་ལོ་རབ་ཏུ་བསྐོར། ཁོང་གིས་མཛད་པའི་གསུང་རྩོམ་སྐོར་ལ་ས་ལམ་དང་། གབ་འགྲེལ། མཛོད་འགྲེལ་སྣོད་བཅུད་ཀྱི་གཞུང་འགྲེལ། ཀློང་རྒྱས་ཀྱི་འགྲེལ་བ། ཁྲོ་བོའི་འགྲེལ་མཆོང་དགུའི་གསལ་བྱེད། དབལ་མོའི་ཕྱག་བཞེས་ཟིན་བྲིས་སོགས་མང་པོ་ཡོད་པའི་ནང་ནས་དེང་སྐབས་མཇལ་ཡུལ་དུ་བཞུགས་པ་ནི་སྣོད་བཅུད་ཀྱི་གཞུང་བཅས་རེ་འགའ་ཙམ་མཆིས། བླ་མ་དེ་གཉིས་ལ་མེ་གཉོས་རྣམ་གཉིས་ཟེར།
འགྲོ་མགོན་ཁུ་དབོན་གྱི་སྐོར།
མཁས་པ་འདི་གཉིས་ལ་འགྲོ་མགོན་ཁུ་དབོན་ཟེར་དོན་ནི་འགྲོ་མགོན་བློ་གྲོས་རྒྱལ་མཚན་ནི་ཁུ་བོ་འགྲོ་མགོན་བདུད་རྩི་རྒྱལ་མཚན་གྱི་སྤུན་མཆེད་ཀྱི་སྲས་ཡིན་སྟབས་ཁོང་རྣམ་གཉིས་ལ་འགྲོ་མགོན་ཁུ་དབོན་ཞུས་པ་ཡིན། གཡས་རུའི་ཁྲི་རབས་བདུན་པ་འགྲོ་མགོན་འ་ཞ་བདུད་རྩི་རྒྱལ་མཚན་ནི་དུས་རབས་བཅུ་གཉིས་པའི་དུས་དཀྱིལ་ཏེ། སྤྱི་ལོ་༡༡༥༦ལོར་བོད་ལྗོངས་ལྷོ་ཁའི་ས་གནས་སུ་ཡབ་འ་སྟོན་གཡུང་དྲུང་སེང་གེའི་སྲས་སུ་འཁྲུངས། སྐུ་ན་ཆུང་ངུ་དུས་ནས་ཡབ་ཀྱི་དྲུང་ནས་འབྲི་ཀློག་ཐ་དག་ལེགས་པར་མཁྱེན་པ་དང་། དགུང་ལོ་ཆེར་བསླེབས་དུས་ཡབ་ཀྱི་དྲུང་ནས་བཀའ་ལྷོ་བྲག་མའི་བོན་སྡེ་བསྒྲགས་པ་སྐོར་གསུམ་དང་། ཁྱད་པར་དུ་རྫོགས་ཆེན་ལུང་དྲུག་ལ་གཟན་བཟམ་ཞུན་བརྡར་གནང་། འགྲོ་མགོན་གཡོར་མེའི་དྲུང་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས་དུས་མཚན་ལ་བདུད་རྩི་རྒྱལ་མཚན་ཞེས་གསོལ། མཁས་གྲུབ་སྟོང་གི་ཕ་ས་གཙང་གཡས་རུ་དབེན་ས་ཁར་བྱོན་ཏེ། མེ་གཉོས་རྣམ་གཉིས་སོགས་མཁས་བཙུན་མང་པོའི་ཞབས་གཏུགས་ནས་གབ་མཛོད་ས་གསུམ་སོགས་རྒྱུད་སྡེ་ཀུན་ལ་ཉིན་མཚན་དུས་ལ་འདའ་བའི་སློབ་གཉེར་གནང་བས་མཁས་པའི་རྩེར་སོན། སྐྱིད་ཤོད་ཕུག་ལ་སོགས་དབེན་གནས་ཐ་དག་འགྲིམས་པས་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས་པ་དང་། ཕྱིས་གཡས་རུ་དབེན་ས་ཁའི་ཁྲི་འཛིན་ལོ་མང་མཛད་དེ་གདན་སའི་བྱ་གཞག་རླབས་ཆེན་བསྐྲུན། གསུང་རྩོམ་གྱི་སྐོར་ལ་མཛོད་འགྲེལ་དང་། ཀློང་རྒྱས་ཀྱི་འགྲེལ། དབུ་མའི་འགྲེལ་སོགས་བསྟན་བཅོས་མང་དུ་མཛད་དོ།།
གཡས་རུའི་ཁྲི་རབས་བརྒྱད་པ་བོན་གྱི་སྤྱན་ལྡན་ཆེན་མོ་འ་ཞ་འགྲོ་མགོན་བློ་གྲོས་རྒྱལ་མཚན་ནི། དུས་རབས་བཅུ་གཉིས་པའི་དུས་སྨད་དེ། ཕྱི་ལོ་༡༡༩༨ལོར་བོད་ལྗོངས་ལྷོ་ཁའི་ཡུལ་གཡོར་པོ་ཞེས་པའི་ས་གནས་སུ། ཡབ་འ་ཞ་ཤེས་རབ་སེང་གེ་དང་ཡུམ་རིན་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ན་ཆུང་ངུ་དུས་ནས་སྐྱེ་བོ་གཞན་དང་མི་འདྲ་བའི་རྣམ་དཔྱོད་ཆེ་ཞིང་བྱམས་སེམས་ཀྱིས་རྒྱུད་བརླན་པ་ཞིག་ཡིན་པ་དང་། འབྲི་ཀློག་སློབ་ཚེ་དཀའ་ཁག་མེད་པར་ཐུགས་སུ་ཆུད་པར་མཛད། ཆེར་སྐྱེས་དུས་གཡས་རུ་དབེན་ས་ཁར་ཁུ་བོའི་དྲུང་དུ་སློབ་གཉེར་གནང་ཞིང་རབ་བྱུང་མཛད་པས་ཚུལ་མིང་ལ་བློ་གྲོས་རྒྱལ་མཚན་ཞེས་གསོལ། དགོན་དེའི་མཁས་བཙུན་དུ་མའི་ཞབས་ལ་གཏུགས་ཏེ་གབ་མཛོད་ས་གསུམ་དང་། དབུ་ཚད་ཕར་གསུམ་གྱི་གཞུང་ཆེན་ཀུན་ལ་ཡང་ཡང་གསན་བསམ་གནང་བས་མཁན་སློབ་ཀུན་གྱིས་བསྟོད་པའི་ཡུལ་དུ་གྱུར། གཞན་ཡང་སྐྱིད་མཁར་སློབ་དཔོན་དང་། དཔོན་གསས་ཁྱུང་རྒོད་རྩལ། རྨ་སྟོན་ཤེར་སེང་སོགས་མཁས་གྲུབ་དུ་མའི་ཐུགས་བཅུད་བླངས་ནས་ལྷོ་བྱང་མདོ་གསུམ་གྱི་བོན་གཏེར་དུ་མའི་བསྟན་པའི་བདག་པོར་མཛད། མདོར་ན་བོན་གྱི་མཁས་གྲུབ་དུ་མའི་ཞལ་སྔར་འགྲིམས་ཏེ་ཐོས་བསམ་ཡུན་རིང་གནང་མཐར། འཇིག་རྟེན་འཁོར་བའི་བྱ་བ་ལ་སྐྱོ་ཤས་དྲག་པོ་སྐྱེས་ཏེ། བཀྲ་ཤིས་བདེ་དགོན་སོགས་དབེན་གནས་དུ་མར་ལོ་མང་ཉམས་ལེན་ཆུ་བོའི་རྒྱུན་ལྟར་བསྐྱངས། སླར་ཡང་གཡས་རུ་དབེན་ས་ཁར་ཕེབས་ནས་སྐུ་ཚེའི་སྨད་དུ་གདན་སའི་ཁྲི་འཛིན་མཛད་པས་མཚན་ཉིད་ཀྱི་འདུས་གྲྭ་ཧ་ཅང་དར་རྒྱས་སུ་བྱུང་བ་ཡིན། ཁོང་གི་གསུང་རྩོམ་གྱི་སྐོར་ལ་ཆེ་བ་སྲིད་པའི་མཛོད་ཕུགས་ནས་ཆུང་བ་ཆུ་སྦྱིན་ཡན་ཆད་ལ་ཕྱག་བཞེས་ལ་སོགས་མ་མཛད་པའི་བོན་སྡེ་མེད་ཅེས་ཁོང་གི་རྣམ་ཐར་ལས་གསལ་བ་ལྟར། གཞུང་ཆེན་དུ་མ་གསར་བརྩམས་དང་། འགྲེལ་བཤད་གནང་ཡོད་པས་གསུང་རྩོམ་པོ་ཏི་ད་ལྟ་བཅུ་ཕྲག་ལྷག་བཞུགས་ཡོད། དམ་པ་ཁོང་གི་གསུང་རྩོམ་རེ་ཟུང་ཙམ་བོར་གཏོར་སོང་ཡོད་ན་མ་གཏོགས་ཕལ་ཆེ་བ་བོན་གྱི་དཔེ་ཆའི་ཁྲོད་བཞུགས་ཡོད། འདིར་དཔེ་ཆ་དེ་དག་རེ་རེའི་མཚན་འབྲི་བའི་ངལ་བ་མ་བྱས་པས་གཞན་ལས་ཤེས་པར་གྱིས། མདོ་སྔགས་ལུང་རྟོགས་བསྟན་པའི་མངའ་བདག་རྗེ་བླ་མ་དེ་ཉིད་དགུང་གྲངས་རེ་དྲུག་ཐོག་ཕྱི་ལོ་༡༢༦༣ལོར་དབེན་ས་ཁར་སྐུ་མི་རྟག་མྱ་ངན་འདས།
འདུལ་བ་རྒྱལ་བའི་སྐོར།
འདུལ་བ་རྒྱལ་བ་ཟེར་དོན་ནི་མཉམ་མེད་འདུལ་བ་རིན་པོ་ཆེ་དང་བྲུ་རྒྱལ་བ་གཉིས་ཀྱི་མཚན་ལྷན་དུ་སྡོམ་པ་ཞིག་ཡིན། གཡས་རུའི་ཁྲི་རབས་དགུ་པ་བྲུ་འདུལ་བ་རྒྱལ་མཚན་ནི་དུས་རབས་བཅུ་གསུམ་པའི་དཀྱིལ་སྟོད་ཕྱི་ལོ་༡༢༣༩ལོར་གཙང་གཡས་རུ་དབེན་ས་ཁར་ཡབ་བྲུ་ཤ་ཡོན་ཏན་རྒྱལ་མཚན་གྱི་སྲས་སུ་སྐུ་འཁྲུངས། ཁོང་ཆེར་སྐྱེས་རྗེས་དབེན་ས་ཁར་འ་ཞ་འགྲོ་མགོན་བློ་གྲོས་ཀྱི་དྲུང་ནས་རིག་གནས་ལ་མཁས་པར་གྱུར། སྐྱིད་མཁར་དུ་ཕེབས་ཏེ་ཞུ་ཡས་རྒྱལ་མཚན་དར་མའི་མདུན་དུ་ཨ་སྙན་རྫོགས་གསུམ་དང་། རྩ་རླུང་འཁྲུལ་འཁོར་གེགས་སེལ་བོགས་འདོན་སོགས་སེམས་ཕྱོགས་ཀྱི་བོན་སྐོར་ཉམས་ལེན་གནང་བས་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས། བསྙེན་གནས་དགེ་བསྙེན་གྱི་སྡོམ་པ་བཞེས་དུས་མཚན་ལ་འདུལ་བ་གཡུང་དྲུང་གསོལ། ཡབ་ཀྱིས་བྲུ་ཡི་མདོ་སྔགས་རྒྱ་མཚོའི་རྒྱུད་འཛིན་དགོས་པའི་བཀའ་གནང་བ་བཞིན་སླར་གཡས་རུ་དབེན་ས་ཁར་ཕེབས་ཏེ། འགྲོ་མགོན་བློ་གྲོས་ཀྱི་མདུན་ནས་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བཞེས་པས་མཚན་དུ་དྲང་སྲོང་མཉམ་མེད་འདུལ་བ་རྒྱལ་མཚན་ཞེས་གསོལ། གཞན་ཡང་རྨ་ལྷ་རྒོད་དང་། གུ་རུ་རྣོན་རྩེ། དཔོན་གསས་ཧེ་རུ་ཀ མེ་ཞི་བ་ངང་ལྡན། བྲུ་སྟོན་ནམ་མཁའ་ཤེས་རབ་སོགས་བོན་གྱི་སྐྱེས་ཆེན་དུ་མའི་དྲུང་དུ་ཐོས་བསམ་སློབ་གཉེར་ཡུན་རིང་གནང་བས་མདོ་སྔགས་བསྟན་པའི་མངའ་བདག་ཏུ་གྱུར། འགྲོ་མགོན་བློ་གྲོས་སྐུ་ན་ཅུང་ཟད་བགྲེས་སྐབས་གདན་སའི་འགན་བཞེས་དགོས་པའི་བཀའ་སློབ་ཕབ་པ་ལྟར་ལོ་འགར་གདན་ས་བསྐྱངས་ཤིང་བོན་འཁོར་རྒྱ་ཆེན་བསྐོར། སྤྱིར་ཁོང་ཉིད་བྱ་བྲལ་མཛད་ནས་དབེན་གནས་འགྲིམས་པ་ལས་གདན་ས་བསྐྱངས་ནས་སྤྱི་ཚོགས་ཆེན་པོའི་འགན་ཁུར་བཞེས་རྒྱུའི་ཐུགས་འདུན་གཏན་ནས་མེད་སྟབས། དགོན་པ་ནས་བཙན་པོར་ཐོན་ཏེ་ལྷོ་བྲག་མཁར་ཆུ་དང་། ཡ་འབྲོག་ར་དམར། མོན་ཡུལ་འབུམ་ཐང་སོགས་དབེན་གནས་ཐ་དག་འགྲིམས་ཤིང་ཉམས་ལེན་ཁོ་ནར་རྒྱུན་སྐྱོང་མཛད་བཞིན་ཕེབས་པ་རེད། ཡིན་ན་དགོན་པའི་ལས་བྱེད་མི་སྣ་སོགས་ཀྱིས་རྗེས་དེད་བྱས་ནས་ཕྱིར་དབེན་ས་ཁར་ཕེབས་བའི་ཞུ་བ་མང་དུ་ཕུལ་ཡང་། ཞལ་བཞེས་གཏན་ནས་མ་གནང་ཞིང་ཚེ་གཅིག་དབེན་པའི་རི་ལ་བཞུགས་པས། སྐུ་མི་རྟག་མྱ་ངན་འདས་དུས་འཇའ་ལུས་ཀྱི་སྐུ་རུ་བཞེངས་པའི་ལོ་རྒྱུས་ཡོད། ཁོང་གིས་མཛད་པའི་གསུང་རྩོམ་ལ་རྒྱུན་གྱི་གཏོར་མ་བརྒྱ་རྩ། ཡུལ་མཆོག་གནས་བཞིའི་ཡན་ལག་བདུན༼པ༽། གསོལ་འདེབས་རྣམ་དག་འགྱུར་མེད། ཐུགས་རྟུལ༼རྡོལ༽གྱི་མགུར་འབུམ་སོགས་ཡིག་ཕྲན་མང་དུ་མཛད་དོ།། མཐར་དགུང་གྲངས་ང་ལྔ་ཕྱི་ལོ་༡༢༩༣ལོར་དབེན་གནས་ལྷོ་བྲག་ཏུ་སྐུ་མི་རྟག་མྱ་ངན་འདས།
གཡས་རུ་ཁྲི་རབས་བཅུ་པ་བྲུ་རྒྱལ་བ་གཡུང་དྲུང་མཆོག་ནི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་ཙམ་སྟེ་ཕྱི་ལོ་༡༢༤༢ལོར་གཙང་གཡས་རུ་དབེན་ས་ཁར་ཡབ་བྲུ་ཤ་བསོད་ནམས་རྒྱལ་མཚན་གྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་བརྒྱད་ཀྱི་ཐོག་མཉམ་མེད་འདུལ་བ་རིན་པོ་ཆེའི་དྲུང་དུ་རིག་གནས་ལེགས་པར་སྦྱངས་པས། གཞན་དང་མ་འདྲ་བའི་སློབ་གཉེར་ལ་བོགས་འདོན་བྱུང་བས་དགུང་གྲངས་བཅོ་བརྒྱད་ཐོག་སྲིད་པའི་མཛོད་ཕུགས་བཤད་ཁྲིད་མཛད་ཐུབ་པ་བྱུང་། དེ་ནས་འདུལ་བ་རིན་པོ་ཆེའི་དྲུང་དུ་དག་པ་དྲང་སྲོང་གི་སྡོམ་ཁྲིམས་བླངས་པས་མཚན་ལ་རྒྱལ་བ་གཡུང་དྲུང་གསོལ་ཞིང་བསླབ་པ་ཚུལ་ཁྲིམས་ཀྱི་དོན་དང་ལྡན་པར་མཛད། གཞན་ཡང་དབྱིལ་སྟོན་ཁྱུང་རྒོད་རྩལ་གྱི་དབོན་པོ་དབྱིལ་སྟོན་ནམ་མཁའ་བསོད་ནམས་དང་། ལུང་བོན་ལྷ་གཉེན་གྱི་གཏེར་བརྒྱུད་ལུང་སྒོམ་བཀྲ་ཤིས་རྒྱལ་མཚན། རྨ་སྟོན་སྲོལ་འཛིན་གྱི་གཏེར་བརྒྱུད་རྨ་སྟོན་དྲང་སྲོང་སོགས་གཏེར་སྟོན་དམ་པ་རྣམས་ཀྱིས་བརྒྱུད་པའི་བསྟན་པའི་བདག་ཉིད་དུ་གྱུར་བ་དང་། ཁྱད་པར་རྫོགས་པ་ཆེན་པོ་སྙན་རྒྱུད་ཀྱི་སྐོར་རྣམས། ལ་སྟོད་རྟོགས་ལྡན་དད་ཤེས་དང་། འཛད་ཀྱི་ཞང་སྟོན་བསོད་ནམས་རིན་ཆེན་ལ་སོགས་བརྒྱུད་ལྡན་བླ་མ་རྣམས་ལ་གཏུགས་ཤིང་། དབང་ལུང་བྱིན་རླབས་ཉམས་བརྒྱུད་རྗེས་གནང་དང་བཅས་པ་ཞུས་ནས་ཐུགས་དམ་གྱི་གཙོ་བོར་མཛད་དོ།། དེ་ནས་གཡས་རུ་མཁར་སྣའི་བྲག་གམ་ར་གོང་ཡོན་པོ་ལ་སོགས་སྒྲུབ་གནས་ཐ་དག་ལ་སྒོམ་སྒྲུབ་མཛད་དུ་ཕེབས་པས་ཉམས་རྟོགས་ཁྱད་པར་ཅན་ཐུགས་ལ་འཁྲུངས་ནས་རྣལ་འབྱོར་ཡོངས་རབ་ཀྱི་གོ་འཕང་བསྙེགས། ཁོང་གིས་མཛད་པའི་གསུང་རྩོམ་གྱི་སྐོར་ལ་ཕྱི་ནང་གསང་གསུམ་གྱི་ཕྱག་བཞེས་ཐམས་ཅད་གཅིག་ཏུ་བསྡུས་པའི་ལག་ལེན་པོད་ཆུང་གཅིག་དང་། རྒྱུད་ལུང་མན་ངག་ཀུན་ལས་བཏུས་པའི་གཟུངས་བསྡུས། རྫོགས་ཆེན་སྙན་རྒྱུད་ཀྱི་ལག་ལེན་དམར་ཁྲིད། གཞན་ཡང་དབལ་གསས་ལག་ཁྲིད། རྩ་རླུང་ཐིག་ལེའི་གདམས་པ། དྲང་དོན་སྣོད་བཅུད་ཀྱི་ཡིག་སྣ། ངན་སོང་དོང་སྤྲུག་གི་བཟླས་ལུང་། ཞལ་གདམས་མགུར་འབུམ། བརྒྱུད་པའི་བླ་མའི་གསོལ་འདེབས་སོགས་མང་དུ་མཛད་ཡོད་དོ།། ལྷག་པར་དུ་གདམས་པ་རིན་པོ་ཆེ་ཨ་ཁྲིད་ཀྱི་སྐོར་འདི་ལ་སྔར་གྱི་མཁས་གྲུབ་གོང་མ་དག་གིས་དགོངས་དོན་ཇི་བཞིན་དུ་ཐུན་མཚམས་བཅོ་ལྔ་པ་དང་། རྒྱབ་སྐྱོར་རིན་ཆེན་གསལ་འདེབས་གཉིས་སུ་བསྒྲིགས་པས་སྒོམ་སྒྲུབ་ཉམས་ལེན་མཛད་པའི་སྐྱེ་བོ་ཕོ་མོར་བཀའ་དྲིན་ཤིན་ཏུ་ཆེ། དམ་པ་དེ་ཉིད་ནི་མཐར་ཕྱི་ལོ་༡༢༩༠བོད་ཆུ་སྟག་ལོར་དགུང་གྲངས་ཞེ་དགུའི་ཐོག་སྐུ་ཡི་བཀོད་པ་བོན་དབྱིངས་སུ་ཐིམ།
ནམ་འོད་བསོད་རྒྱལ་གྱི་སྐོར།
འདིར་ནམ་འོད་བསོད་རྒྱལ་ཞེས་པའི་དོན་ནི་རྟོགས་ལྡན་ནམ་མཁའ་འོད་ཟེར་དང་མཐའ་བྲལ་བསོད་ནམས་རྒྱལ་མཚན་གཉིས་ཀྱི་མཚན་མཉམ་དུ་བསྡུས་པ་ཞིག་ཡིན། གཡས་རུའི་ཁྲི་རབས་བཅུ་གཅིག་པ་རྟོགས་ལྡན་ནམ་མཁའ་འོད་ཟེར་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་པའི་ནང་སྐོར་དུ། ཡབ་བྲུ་ཤ་བསོད་ནམས་རྒྱལ་མཚན་དང་། ཡུམ་མ་གཅིག་ཨོག་ཡོན་གཉིས་ཀྱི་སྲས་སུ་གཙང་གཡས་རུ་དབེན་ས་ཁར་སྐུ་བལྟམས། གཅེན་པོ་རྒྱལ་བ་གཡུང་དྲུང་གི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་དུ་ནམ་མཁའ་འོད་ཟེར་ཞེས་གསོལ། གདན་ས་ཆེན་མོ་གཡས་རུ་དབེན་ས་ཁར་བྲུ་སྟོན་རྒྱལ་བ་གཡུང་དྲུང་གཙོས་པའི་དེ་གའི་སློབ་དཔོན་རྣམས་ཀྱི་དྲུང་ནས་ཕྱི་ནང་གསང་བའི་བོན་སྡེ་ཀུན་ལ་གསན་བསམ་ལེགས་པར་གནང་བ་མ་ཟད། ཁྱད་པར་དུ་བླ་མེད་རྫོགས་པ་ཆེན་པོའི་རྒྱུད་སྡེ་ཁག་ལ་ཟབ་སྦྱོང་ཡང་ཡང་མཛད་ཅིང་མཁར་སྣ་གསང་ཕུག་སོགས་དབེན་པའི་རི་ལ་རྩེ་གཅིག་ཉམས་ལེན་ལ་གཞོལ་བས་ཉམས་རྟོགས་རྒྱ་ཆེར་ཐུགས་རྒྱུད་ལ་སྨིན། གཞན་ཡང་བླ་མ་མེ་སྟོན་བསྟན་པ་དང་། བླ་མ་དར་མ། དཔོན་གསས་ནམ་མཁའ་བསོད་ནམས་བཅས་ཀྱི་མདུན་ནས་དབང་ལུང་མང་དུ་ཞུས་ཤིང་བཀའ་སྡེ་སྣོད་ཀུན་གྱི་དགོངས་དོན་ལ་དག་ཐེར་ཡང་ཡང་མཛད། དམ་པ་ཁོང་གིས་གདན་སའི་ཁྲི་འཛིན་གྱི་འགན་བཞེས་སྐབས། དབེན་ས་ཁའི་རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཅས་རྟེན་བཞེངས་རྒྱ་ཆེར་མཛད་ནས། འདུས་སྡེའི་བྱ་བཞག་རླབས་ཆེན་བསྐྲུན། སྤྱིར་སློབ་མ་བརྒྱ་སྐོར་མང་པོ་གསོས་བསྐྱངས་མཛད་ཀྱང་མཆོག་ཏུ་གྱུར་པའི་ཐུགས་སྲས་རྣམ་གཉིས་ནི་མཐའ་བྲལ་བསོད་ནམས་རྒྱལ་མཚན་དང་། མཚུངས་མེད་བསོད་ནམས་བློ་གྲོས་གཉིས་ཡིན། དམ་པ་དེ་ཉིད་ནི་མདོ་སྔགས་གཞུང་ཆེན་ཀུན་ལ་མཁྱེན་རླབས་དྲག་ཏུ་གཡོ་བའི་རྒྱལ་སྲས་ཤིག་ཡིན་སྟབས་མཛད་པའི་ལེགས་རྩོམ་མང་དུ་ཡོད་ངེས་ཀྱང་ཕྱིས་བརྩམས་རྣམ་ཐར་ཁག་ལ་གསལ་བ་འདི་ཙམ་དུ་སྣང་། ཉམས་གྱི་མགུར་འབུམ་དང་། ཐུགས་གྲོལ་གདམས་པ་ལ་སོགས་ཡིག་ཕྲན་མང་དུ་ཡོད་པར་གསལ། རྗེ་བླ་མ་དེ་ཉིད་འདས་ལོར་གསལ་ཁ་མེད་ཀྱང་། དུས་རབས་བཅུ་བཞི་པའི་སྟོད་དུ་དགོངས་པ་བོན་དབྱིངས་སུ་གཤེགས་པར་མངོན།
གཡས་རུའི་ཁྲི་རབས་བཅུ་གཉིས་པ་མཐའ་བྲལ་བསོད་ནམས་རྒྱལ་མཚན་དུས་རབས་བཅུ་གསུམ་པའི་དུས་སྨད་ཕྱི་ལོ་༡༢༦༨ལོར་ཡབ་བྲུ་སྟོན་འདུལ་བ་གཡུང་དྲུང་དང་། ཡུམ་སྣ་ལུང་བཟའ་བསོད་རྒྱན་གཉིས་ཀྱི་སྲས་སུ་གཡས་རུ་དབེན་ས་ཁར་སྐུ་མཆོག་མངོན་པར་བལྟམས། དམ་པ་མཆོག་སྐྱེ་བ་བཞེས་མ་ཐག་ནས་རྟོགས་ལྡན་ནམ་མཁའ་འོད་ཟེར་གྱིས་ཕྱི་ནང་གསང་བའི་དབང་བསྐོར་མཛད་ནས་བདག་སྐྱོང་ལེགས་པོར་གནང་། སྐུ་ན་ཆུང་ངུ་དུས་ཡོན་ཏན་ཀུན་གྱི་གཞི་མ་འབྲི་ཀློག་ལེགས་པར་མཁྱེན་པ་མ་ཟད་བོན་སྒོ་དུ་མར་སློབ་གཉེར་དཔྱིས་ཕྱིན་པར་མཛད། དགུང་ལོ་བཅོ་ལྔར་སླེབས་དུས་བྲུ་རྒྱལ་སྐུ་མཆེད་གཉིས་ཀྱིས་མཁན་སློབ་མཛད་དེ་དག་པ་དྲང་སྲོང་གི་ཁྲིམས་རྫོགས་པར་བླངས་ནས་མཚན་དུ་བསོད་ནམས་རྒྱལ་ཞེས་མཚན་གསོལ། གོང་གི་མཁན་སློབ་གཉིས་པོའི་མདུན་དུ་གདན་ས་ཆེན་མོ་གཡས་རུ་དབེན་ས་ཁར་བཀའ་མདོ་རྒྱུད་ཀུན་ལ་སློབ་གཉེར་གྱིས་དུས་འདའ་བར་མཛད་པ་མ་ཟད། གཏེར་སྟོན་གཡུང་དྲུང་གླིང་པས་གཏེར་ནས་དྲངས་པའི་བོན་སྡེའི་བདག་པོར་གྱུར་བས། ཕྱོགས་མེད་ཀུན་ཏུ་དར་སྤེལ་རྒྱ་ཆེར་མཛད་པ་དང་གདན་སའི་ཁྲི་འཛིན་གྱི་ཐུགས་འགན་མི་ལོ་བཅུ་གསུམ་བཞེས་རིང་དགོན་པའི་བླ་བྲང་བསྐྱར་བཞེངས་མཛད་པ་དང་། བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་འདུས་སྡེ་ཕྱོགས་གང་ཐད་ནས་ཡར་རྒྱས་རླབས་ཆེན་བཏང་། དམ་པ་ཁོང་སྐུ་ན་ཅུང་ཟད་བགྲེས་དུས་མཁར་སྣར་བཞུགས་ནས་དབྱར་ཁྲིད་དང་དགུན་ཁྲིད་མ་ཆད་པ་མཛད། མདོར་ན་སྐུ་ཚེ་གང་བོར་འཆད་ཉན་གྱི་འཚོ་བ་རོལ་བའི་གཤེན་གྱི་དགེ་སྦྱོང་ཡོངས་རབ་པ་ཞིག་ཡིན།
བསོད་བློ་ནམ་བསོད་ཀྱི་སྐོར།
བསོད་བློ་ནམ་བསོད་ཞེས་པའི་དོན་ནི་བྲུ་སྟོན་བསོད་ནམས་བློ་གྲོོས་དང་། མཁས་གྲུབ་ནམ་མཁའ་བསོད་ནམས་གཉིས་ཀྱི་མཚན་སྟབས་བདེའི་སྒོ་ནས་མཉམ་དུ་བསྡུས་པ་ཞིག་རེད། གཡས་རུའི་ཁྲི་རབས་བཅུ་གསུམ་པ་མཚུངས་མེད་བསོད་ནམས་བློ་གྲོས་མཆོག་ནི་ཡབ་བྲུ་སྟོན་ནམ་མཁའ་གཡུང་དྲུང་དང་། ཡུམ་ས་སྐྱ་བཟའ་མཁའ་འགྲོ་རྒྱན་གཉིས་ཀྱི་སྲས་སུ་དུས་རབས་བཅུ་གསུམ་པའི་དུས་སྨད་ཕྱི་ལོ་༡༢༧༧གཙང་གཡས་རུར་སྐུ་འཁྲུངས། སྐུ་ན་ཆུང་ངུ་དུས་ནས་ཤེས་ཡོན་ལ་སྦྱོང་པ་ཆེར་བརྩོན་གནང་བ་མ་ཟད་དགུང་ལོ་དགུ་ཟིན་སྐབས་བྲུ་རྒྱལ་སྐུ་མཆེད་གཉིས་ཀྱི་དྲུང་ནས་དྲང་སྲོང་གི་སྡོམ་ཁྲིམས་བཞེས་ནས་མཚན་དུ་བསོད་ནམས་བློ་གྲོས་ཞེེས་གསོལ་བ་དང་། དགུང་ལོ་བཅུ་ནས་བཅུ་དྲུག་བར་མདོ་སྔགས་ཀུན་ལ་གསན་བསམ་ལེགས་པར་གནང་བས་ཀུན་གྱིས་འགྲན་ཟླ་བྲལ་བའི་སློབ་གཉེར་ལ་བོགས་འདོན་བྱུང་སྟེ་མཁས་པའི་མཚན་སྙན་གང་སར་ཁྱབ། དུས་དེར་སྟོད་བྱ་རི་གཙུག་ལྡན་མན་དང་། སྨད་རྒྱལ་མོ་ཆུ་ལ་དར་ཐག་ཡན་ཆད། བྱང་རི་རྐྱང་ཤ་མཐའི་ཚུན་ཆད། གློ་དོལ་དྭགས་ཀོང་སོགས་གངས་རིའི་ལྗོངས་ཆེན་པོ་ཀུན་ནས་སློབ་མ་བརྒྱ་སྟོང་དབེན་ས་ཁར་སྤྲིན་ལྟར་འདུས་བས་འདུས་སྡེ་དབྱར་མཚོ་ལྟར་རྒྱས་སོ།། དམ་པ་ཁོང་གི་གསང་གསུམ་གྱི་མཛད་འཕྲིན་ལ་ཀུན་གྱིས་མཚུངས་ཟླ་བྲལ་བས་མཚུངས་མེད་བསོད་ནམས་བློ་གྲོས་ཞེས་པའི་མཚན་གྱི་ཅོད་པན་གསོལ། རྗེ་བླ་མ་དེ་ཉིད་སྐུ་ཚེའི་སྨད་དགུང་གྲངས་ཞེ་ལྔར་ཕེབས་སྐབས་དབེན་གནས་མཁར་སྣའི་རི་ལ་སྒོམ་སྒྲུབ་གཙོ་བོར་མཛད་ཅིང་སྒྲུབ་རྒྱུད་གཙོར་འཛིན་གྱི་རྟོགས་ལྡན་རྣལ་འབྱོར་བ་དག་རྫོགས་ཆེན་གྱི་རྒྱུད་སྡེ་ཁག་འཆད་ཁྲིད་ཆགས་མེད་དུ་གནང་། ཁོང་གིས་མཛད་པའི་ལྗགས་རྩོམ་སྐོར་ལ། རྩ་རྒྱུད་འགྲེལ་ཆུང་དང་། མཛོད་བོན་གྱི་གླད་དོན་དོན་འདུས། རྣམ་དག་གི་འགྲེལ། སྟོན་པ་ཡེ་ཤེས་འཁྲུལ་མེད། གཏམ་རྒྱུད་ནོར་བུའི་ཕྲེང་བ། རྣམ་དག་འགྱུར་མེད་ཀྱི་འགྲེལ་བ། བླ་མའི་སྒྲུབ་པ་བསམ་འཕེལ་ནོར་བུ། ཚོགས་འཁོར་འདབས་ལེན་དུ་གསུངས་པའི་བྲོ། ཞལ་གདམས་མགུལ་འབུམ་སོགས་མང་དུ་ཡོད་དོ།། མཐར་དགུང་གྲངས་རེ་ལྔའི་སྐབས་ཕྱི་ལོ་༡༣༤༡དགོངས་པ་བོན་དབྱིངས་སུ་གཤེགས། གཡས་རུའི་ཁྲི་རབས་བཅུ་བཞི་པ་མཁས་གྲུབ་ནམ་མཁའ་བསོད་ནམས་ནི། ཡབ་བྲུ་སྟོན་ནམ་མཁའ་གཡུང་དྲུང་དང་ཡུམ་མཁའ་འགྲོ་རྒྱན་གཉིས་ཀྱི་སྲས་སུ་དུས་རབས་བཅུ་གསུམ་པའི་དུས་སྨད་སྤྱི་ལོ་༡༢༨༢བོད་གཙང་རྒྱུད་དབེན་ས་ཁ་ཞེས་པའི་ས་གནས་སུ་མཚན་དཔེའི་དཀྱིལ་འཁོར་གསར་དུ་བཞད། སྐུ་ན་ཆུང་ངུ་དུས་ནས་གདན་སར་སློབ་གཉེར་མཛད་དེ་རིག་པའི་གནས་ཆེན་ཁག་ལ་གསན་བསམ་རྒྱ་ཆེར་གནང་། ཆེར་སྐྱེས་ནས་མཉམ་མེད་རྒྱལ་བ་སྐུ་མཆེད་གཉིས་ཀྱི་དྲུང་དུ་རབ་བྱུང་གི་སྡོམ་ཁྲིམས་ཞུས། གཅེན་པོ་བྲུ་སྟོན་མཚུངས་མེད་བསོད་བློའི་མདུན་ནས་ཕྱི་མཚན་ཉིད་མདོ་ཡི་བོན་དང་། གསང་བ་སེམས་ཕྱོགས། ཡང་གསང་བླ་མེད་ཐེག་པའི་བོན་སྐོར་བཅས་བཀའ་མདོ་རྒྱུད་ཀུན་ལ་སྦྱོང་བརྩོན་ཚུལ་མཐུན་གནང་བ་མ་ཟད། གདན་སའི་མཁན་སློབ་གོང་མ་དག་གིས་བརྩམས་པའི་གབ་མཛོད་ས་གསུམ་གྱི་བསྟན་བཅོས་དག་གི་ཁྲིད་རྒྱུན་དང་དགོངས་དོན་མར་ནང་ནས་སྤུ་བཏོན་པ་ལྟར་ཉིད་ཀྱི་དགོངས་ཐོག་ཏུ་ལོན་པར་མཛད། གདན་སའི་ཁྲི་འཛིན་གྱི་ཐུགས་འགན་མི་ལོ་བཅུ་གསུམ་བཞེས་རིང་བོད་སྟོད་སྨད་གང་སར་བསྟན་སྤེལ་འགྲོ་དོན་ཕེབས་པ་དང་། བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་སོགས་ཕྱོགས་གང་ཐད་ནས་ཡར་ངོའི་ཟླ་ལྟར་རྒྱས་པར་མཛད་དོ།། སྐུ་ཚེ་སྨད་དུ་མཁར་སྣར་བཞུགས་ཤིང་འཆད་ཁྲིད་དུས་ལ་འདའ་བ་གནང་སྟེ་རྟོགས་ལྡན་རྣལ་འབྱོར་བ་བརྒྱ་ཕྲག་ཙམ་གྲོལ་བར་མཛད། མཐར་དགུང་གྲངས་དྲུག་ཅུ་རེ་དྲུག་ཕྱི་ལོ་༡༣༤༧ལོར་སྐུ་མི་རྟག་མྱ་ངན་འདས།
ཚེ་དབང་ནམ་རིན་གྱི་སྐོར།
ཚེ་དབང་ནམ་རིན་ཟེར་དོན་ནི་བྲུ་སྟོན་ཚེ་དབང་རྒྱལ་མཚན་དང་། ནམ་མཁའ་རིན་ཆེན་གཉིས་ཀྱི་མཚན་ལྷན་དུ་སྟབས་བདེར་སྡོམ་པ་ཞིག་རེད། མཁས་གྲུབ་འདི་གཉིས་ཀྱི་སྐུ་ཚེའི་ལོ་རྒྱུས་སྐོར་དཔེ་གཞུང་ཁག་ལ་ཤིན་ཏུ་དཀོན་པོ་ཞིག་འདུག་བས་རྒྱས་པར་འབྲི་ཐབས་བྲལ། གཡས་རུའི་ཁྲི་རབས་བཅོ་ལྔ་པ་བྲུ་སྟོན་ཚེ་དབང་རྒྱལ་མཚན་ནི་དུས་རབས་བཅུ་གསུམ་དང་བཅུ་བཞིའི་མཚམས་སུ་ཡབ་བྲུ་ཤ་ནམ་མཁའ་རྒྱལ་མཚན་གྱི་སྲས་སུ་སྐུ་འཁྲུངས། ཁུ་བོ་བསོད་བློ་སྐུ་མཆེད་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ་ཕྱི་ནང་གསང་གསུམ་གྱི་སྡོམ་པས་ཐུགས་རྒྱུད་ལེགས་པར་གཏམས་པར་མཛད། བཀའ་མདོ་རྒྱུད་ཀུན་གྱི་གཞུང་ཆེན་ཁག་ལ་སློབ་གཉེར་རྒྱ་ཆེར་གནང་བས་སྒྲུབ་རྒྱུད་བསྟན་པའི་མངའ་བདག་ཏུ་གྱུར་ཅིང་ལུང་རྟོགས་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་འཕྲིན་རླབས་ཆེན་བསྐྱངས་སོ།། གཡས་རུའི་ཁྲི་རབས་བཅུ་དྲུག་པ་མཁས་བཙུན་ནམ་མཁའ་རིན་ཆེན་ནི་དུས་རབས་གོང་མཚུངས་སུ། ཡབ་ནམ་མཁའ་རྒྱལ་མཚན་གྱི་སྲས་སུ་སྐུ་མཆོག་མངོན་པར་བལྟམས། སྐུ་ན་ཆུང་ངུ་དུས་ནས་སྦྱོང་པ་ཆེར་བརྩོན་གནང་བ་དང་། བསོད་བློ་སྐུ་མཆེད་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་ཁྲིམས་བླངས་ཏེ་རྣམ་དག་འདུལ་བའི་སྒོར་ཞུགས། མ་ཟད་གདན་སར་སློབ་གཉེར་ཚུལ་མཐུན་གནང་ཞིང་བཀའ་ལུང་རྒྱུད་སྡེ་ཀུན་ལ་སྒྲོ་འདོགས་ལེགས་པར་བཅད། མཁས་གྲུབ་གོང་མ་རྣམས་ཀྱི་རྒྱལ་ཐེབས་མཛད་ནས་བསྟན་འགྲོའི་དོན་ཆེན་མཐའ་ཡས་པ་གནང་།
རྣམ་རྒྱལ་ཀ་ར་དང་མཁས་གྲུབ་རིན་བློའི་སྐོར།
གཡས་རུའི་ཁྲི་རབས་བཅུ་བདུན་པ་མཚན་ལྡན་རྣམ་རྒྱལ་ཀ་ར་ནི་བོད་ལྗོངས་གཙང་གི་ས་གནས་མཁས་གྲུབ་བྱེ་བའི་འབྱུང་གནས་གནས་མཆོག་གཡས་རུ་དབེན་ས་ཁར། ཡབ་བྲུ་ཤ་རྒྱལ་མཚན་འོད་ཟེར་དང་ཡུམ་བོ་དོ་བཟའ་རྒྱལ་མོ་གཉིས་ཀྱི་སྲས་སུ་སྤྱི་ལོའི་དུས་རབས་བཅུ་བཞི་པའི་ནང་དུ་སྐུ་བལྟམས། ཆུང་བྱིས་དུས་ནས་འབྲི་ཀློག་རིག་གནས་ཁག་ལ་སློབ་གཉེར་རྩེར་སོན་མཛད་པ་མ་ཟད། དགུང་ལོ་བཅུ་ཐོག་ཁུ་བོ་བསོད་ནམས་རྒྱལ་མཚན་གྱི་དྲུང་ནས་ནང་དོན་རིག་པའི་གཞུང་ལུགས་ཁག་ལ་སྦྱོང་པ་ཆེར་བརྩོན་གནང་ཞིང་། ལྷག་དོན་དུ་བྲུ་སྟོན་བསོད་བློའི་མདུན་ནས་ཨ་སྙན་རྫོགས་གསུམ་གྱི་ཁྲིད་གདམས་མང་དུ་ཞུས་ཏེ་གཡས་རུ་མཁར་སྣ་དང་། བཀྲ་ཤིས་རྩེ་བྲག་བཅས་དབེན་གནས་ཁག་ལ་སེམས་དོན་ཉམས་ལེན་ལ་གཞོལ་བས་འོད་གསལ་རྫོགས་པ་ཆེན་པོའི་ལྟ་སྒོམ་མངོན་དུ་གྱུར་ཏེ་རྣལ་འབྱོར་བ་ཡོངས་རབ་ཀྱི་གོ་འཕང་བརྙེས། དེ་རྗེས་གདན་སའི་ཁྲི་འཛིན་གྱི་འགན་མི་ལོ་བདུན་ལ་བཞེས་རིང་དབེན་ས་ཁའི་བླ་བྲང་དབུ་རྩེ་དཀར་པོ་ལ་གསེར་འཕྲུ་བཞེངས་ཤིང་མཚན་ལ་བཀྲ་ཤིས་འོད་འབར་གསོལ། དབུ་རྩེ་དམར་པོའི་ནང་དུ་མཐའ་བྲལ་བསོད་ནམས་རྒྱལ་མཚན་དང་། མཚུངས་མེད་བསོད་ནམས་བློ་གྲོས་རྣམ་གཉིས་ཀྱི་སྐུ་གདུང་། རྒྱུ་གསེར་ལས་གྲུབ་པའི་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་རེ་བཞེངས་པ་སོགས་རྟེན་བཞེངས་རྒྱ་ཆེར་གནང་བ་མ་ཟད། མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་གདན་སར་བྱ་གཞག་རླབས་ཆེན་བསྐྲུན་པ་དང་། དམ་པ་དེ་ཉིད་ཀྱི་དངོས་སློབ་སྐར་ཚོགས་བཀྲ་བ་ལྟ་བུའི་ནང་ནས་ཟླ་བ་བཞིན་ལྷང་ངེར་འཕགས་པ་ནི་མཁས་གྲུབ་རིན་ཆེན་བློ་གྲོས་དེ་ཉིད་ཡིན་ནོ།།
མཐར་རྗེ་བླ་མ་དེ་ཉིད་དགུང་གྲངས་ང་དྲུག་ཐོག་དགོངས་པ་བོན་དབྱིངས་སུ་གཤེགས། གཡས་རུའི་ཁྲི་རབས་བཅོ་བརྒྱད་པ་མཁས་གྲུབ་རིན་ཆེན་བློ་གྲོས་ནི། གདན་ས་གཡས་རུ་དབེན་ས་ཁར་ཡབ་དཔོན་ཚང་ཀུན་དགའ་དང་། ཡུམ་བྲུ་བཟའ་རྒྱན་མ་གཉིས་ཀྱི་སྲས་སུ་དུས་རབས་བཅུ་བཞི་པའི་ནང་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་སྐབས་གཙང་གཙུག་གི་སྡོམ་པ་བླངས་ནས་རྣམ་དག་འདུལ་བའི་སྒོར་ཞུགས། དགུང་ལོ་དགུ་ཡི་ཐོག་སློབ་དཔོན་གསལ་བ་ཡེ་ཤེས་ཀྱི་དྲུང་ནས་ཐོས་བསམ་སློབ་གཉེར་གནང་བ་མ་ཟད། བྲུ་སྟོན་རྣམ་རྒྱལ་ཀ་རར་བསྟེན་ནས་བོན་སྒོ་ཕྱི་ནང་ཀུན་གྱི་དབང་ལུང་དང་། འཆད་ཁྲིད་བུམ་པ་གང་བྱོའི་ཚུལ་དུ་ཐོབ་པར་མཛད་པ་དང་། ཨ་ཁྲིད་སོགས་སེམས་ཕྱོགས་ཀྱི་རྒྱུད་སྡེའི་སྐོར་ནས་ཟབ་ཁྲིད་མང་དུ་ཞུས། དགུང་ལོ་ཉི་ཤུའི་སྐབས་དབུས་གཙང་གི་རིས་མེད་གདན་ས་ཁག་ལ་གྲྭ་སྐོར་ཕེབས་ཏེ་དམ་བཅའི་བརྒལ་བརྟག་མཛད་པས་ཀུན་གྱིས་བསྟོད་ཚིག་སིལ་མ་འཐོར། སྐབས་དེར་ཆོས་ཕྱོགས་ཀྱི་གཞུང་ལུགས་ཁག་ལ་སློབ་གཉེར་གནང་ནས་མཁས་པར་བསླབས། སླར་དབེན་ས་ཁར་ཕྱིར་ཕེབས་གནང་སྟེ་དྲིན་ཅན་གཡུང་དྲུང་ཡེ་ཤེས་ཀྱི་མདུན་ནས་ཞང་ཞུང་སྙན་རྒྱུད་བཅས་སེམས་ཕྱོགས་ཀྱི་བོན་ལ་ཟབ་སྦྱོང་གནད་ལ་ཁེལ་བ་མཛད། དེ་ནས་བོད་ཡུལ་སྟོད་སྨད་གང་སར་གནས་མཇལ་ཕེབས་ཞོར་ཉམས་ལེན་གཙོ་བོར་གཞོལ་ཏེ་བསྟན་འགྲོའི་དོན་མཐའ་ཡས་པ་གནང་། དེ་རྗེས་དགོན་གྱི་ཁྲི་འཛིན་གྱི་འགན་བཞེས་ནས་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཡར་ངོའི་ཟླ་ལྟར་རྒྱས་པར་མཛད། རྗེ་བླ་མ་དེ་ཉིད་ལ་སློབ་མ་མཁས་བཙུན་འཛོམས་པ་མང་དུ་ཡོད་ཀྱང་ཀུན་གྱིས་འགྲན་ཟླ་བྲལ་བ་དངོས་སློབ་མཆོག་ཏུ་གྱུར་པ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་། རྒྱལ་ཚབ་རིན་ཆེན་རྒྱལ་མཚན་རྣམ་གཉིས་ཡིན། རྗེ་ཁོང་གི་གསུང་རྩོམ་གྱི་སྐོར་ལ་བཀའ་བརྟེན་སུམ་བརྒྱ་པའི་འགྲེལ་དང་། དབུ་མ་བདེན་གཉིས་ཀྱི་འགྲེལ་བ། འདུལ་བ་དང་། སྣོད་བཅུད་ཀྱི་འགྲེལ་བ། ཕར་ཕྱིན་གྱི་མཐའ་དཔྱོད་དང་ཆ་ལག་གསོལ་འདེབས་སོགས་རྩོམ་ཕྲན་མང་དུ་མཛད། དམ་པ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བསྟན་དོན་དུ་མཛད་འཕྲིན་བསྐྱངས་ཤིང་། མཐར་དགུང་གྲངས་ང་དྲུག་ཐོག་ཚ་རོང་གཡུང་དྲུང་གཏམ་པའི་བྲག་ཐོག་ཅེས་པའི་ས་གནས་སུ་སྐུ་ཡི་བཀོད་པ་བསྡུས། སྐུ་པུར་ཞུགས་ལ་ཕུལ་རྗེས་རིང་སྲེལ་ཆ་གཅིག་དབེན་ས་ཁར་གདན་དྲངས་ཏེ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་རྒྱལ་ཚབ་རིན་ཆེན་རྒྱལ་མཚན། བྲུ་ཤ་ནམ་མཁའ་དཔལ་བཟང་དང་། གཞོན་རྒྱལ་རྣམས་ཀྱིས་སྐུ་གདུང་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་རྒྱུ་ཟངས་གསེར་ལས་གྲུབ་པ་ཞིག་བཞེངས་བསྐྲུན་གནང་ནས་དེའི་ནང་དུ་བཞུགས་ཡོད།
དཔྱད་གཞིའི་ཡིག་ཆ་ཁག།
རྟོགས་ལྡན་ཉམས་རྒྱུད་ཀྱི་རྣམ་ཐར་རིན་ཆེན་ཕྲེང་བ། གཙུག་གཤེན་རྣམ་རྒྱལ་གྱིས་བོད་ལྗོངས་མི་མང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། བསྟན་འབྱུང་སྐལ་བཟང་མགྲིན་རྒྱན། རྩོམ་པ་པོ་དཔལ་ལྡན་ཚུལ་ཁྲིམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཞང་བོད་ཀྱི་བསྟན་འབྱུང་ལྷ་རྒྱུད་རིན་ཆེན་ཕྲེང་བ། མཛད་པ་པོ་ཀུན་བཟང་བློ་གྲོས། མི་རིགས་དཔེ་སྐྲུན་ཁང་། དར་རྒྱས་གསལ་སྒྲོན། མཛད་པ་པོ་སྤ་བསྟན་རྒྱལ་བཟང་པོ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། མན་ངག་རིན་པོ་ཆེ་ཨ་ཁྲིད་ཀྱི་བླ་མ་རྒྱུད་པའི་རྣམ་ཐར། མཛད་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། མདའ་འཕང་སྟོད་ཆ། རྩོམ་པ་པོ་མཁར་རྨེའུ་བསམ་གཏན་རྒྱལ་མཚན། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། བྲུ་ཡི་བླ་མའི་རྣམ་ཐར་ཕྱོགས་བསྡུས། མཛད་པ་པོ་མི་གསལ།
%MCEPASTEBIN%