གཡང་རྟེན་དགུ་ར་དགུ་ཁྱུད་ཅེས་པར་གྲངས་དགུ་རུ་བརྩི་རྒྱུ་ཡོད་དམ།
རྩོམ་བྲིས་པ། དགེ་བཤེས་ཚུལ་ཁྲིམས་འབྱུང་གནས། དྲི་བ་གཏོང་མཁན། མཆོག་རྒྱལ།
དྲི་བ། གསེར་འོད་ནོར་བུ་འོད་འབར་ལས། གཡང་རྟེན་དགུ་ར་དགུ་ཁྱུད་བཅའ། །ནོར་བུ་འོད་འབར་དེ་ལ་ཟེར། །ཞེས་པའི་དགུ་ར་དགུ་ཁྱུད་དེ་གྲངས་ཀ་དགུ་ཞིག་བཅའ་རྒྱུ་ཡོད་དམ།
ལན། དེའི་སྐོར་ལ་འདི་ལྟར་གསུངས་འདུག གླིང་གཤེན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི <གསེར་འོད་ནོར་བུ་འོད་འབར་གྱི་ཕྱག་བཞེས་ལྡེའུ་མིག་> ལས། “ད་ནི་གཡང་རྟེན་བཅའ་ཐབས་ལ། །འབྲུ་རིགས་གཙང་མའི་ཕྱེ་ཕུད་ལ། །ཡུ་ཏི་ཆང་གིས་བརྫིས་བྱས་ཏེ། །གཡང་རྟེན་དགུ་ར་དགུ་ཁྱུད་བཅའ། །འབྱོར་ཚད་ཟླུམ་སྐོར་དགུ་བརྩེགས་བྱ།
།སྟེང་མཐོ་ཟླུམ་བྱིན་ཆགས་བཞགས། །རྩེ་ལ་ནོར་བུ་རིན་པོ་ཆེ། །ཡིད་འོང་ལེགས་རྒྱན་མཛེས་པར་བྱ། །དགུ་བརྩེགས་དགུ་ར་དགུ་ཁྱུད་ལ། །བར་བར་ནོར་བུ་རིན་ཆེན་བརྒྱན། །ནོར་བདུན་བཀྲ་ཤིས་རྫས་བརྒྱད་བཀོད། །གཞན་ཡང་གཡང་རྟེན་འབྱོར་ཚད་བཤམས། །དགུ་ར་དགུ་ཁྱུད་དག་ལ་ནི། །དཀར་མངར་སྨན་སྦྱར་མར་ཁུ་བླུག།རྩེ་ལ་གཡུང་དྲུང་རིན་པོ་ཆེ། །ཟུར་གཉིས་ཉི་ཟླས་མཚོན་པར་བྱ། །འབྲི་མོག་དག་གིས་རབ་མཛེས་རྒྱན། །ཚེ་འབྲང་རིལ་ལུ་མང་བར་སྤྲོས། ” །ཞེས་དང་། <བཀྲ་ཤིས་སྨན་རི་ནས་ཞལ་བཤུས་ཟེར་བའི་བཅའ་ཟིན>་དུ། “གཡང་རྟེན་དགུ་ར་དགུ་ཁྱུད་བཅའ་ཐབས་ནི། འབྲུ་རིགས་གཙང་མའི་ཕྱེ་ཕུད་ལ། །ཡུ་ཏི་ཆང་གིས་སྦྲུས་བྱས་ལ། ཟླུམ་པོ་ཁོར་ཡུག་དགུ་བརྩེགས་བྱ། ༡དེའི་སྟེང་གཤེན་རབ་འདོད་པ་དགུ་འགྱུར་ལ་བཤོས་བུ་འཕྲག་ཅན་བཀོད། རྩེ་ལ་མར་གྱི་ནོར་བུ་རིན་ཆེན་འབར་བས་བརྒྱན། གཡས་སུ་གསེར་གྱི་ཉི་མ། གཡོན་དུ་དུང་གི་ཟླ་བ། མདུན་དུ་མར་གྱི་གཡུང་དྲུང་བཀོད། ༢དེ་འོག་ཕྱོགས་སྐྱོང་བཅུ། ༣དེ་འོག་ལྷ་བརྒྱད། ༤དེ་འོག་ཀླུ་བརྒྱད། ༥དེ་འོག་རྒྱུན་སྐར་ལྷ་མོ་ཉེར་བརྒྱད། ༦དེ་འོག་ནོར་བདག་གཡང་གསས་ལྕམ་དྲལ་བཅུ་དྲུག་བཅས་ལ་ནོར་བུ་རེ་རེ་བཞག ༧དེ་འོག་རྣམ་ལྔ་རྣམ་བརྒྱད། ༨དེ་འོག་རིན་ཆེན་ནོར་བདུན། ༩དེ་འོག་བཀྲ་ཤིས་རྫས་བརྒྱད་སོགས་བཀོད། རྩ་བར་རིལ་ལུས་བསྐོར། གཞན་ཡང་མར་ཁུའི་མཚོ་མོ་དང་། དཀར་མངར་སྨན་འབྲུ། རིན་ཆེན་སྣ་ལྔ་། མེ་ཏོག ཤི་ཤོན་དར་ཟབ་སྣ་ཚོགས་དང་། མདའ་དར་པག་བུ། ཕྱེ་མར་སོགས་གང་འབྱོར་བཤམས།” འདིའི་ཧ་གོ་བར་མཛོད། །