གཡང་གི་རྡོལ་མོ་ཞེས་པའི་སྐོར་ལ་དྲི་བ།
དྲི་བ་གནང་མཁན། གངས་སེང་།Gangseng བཀའ་ལན་གནང་མཁན། ཁྱུང་ཐོག་རྒོད་སོགས།
དྲི་བ། སྲིད་རྒྱལ་ནོར་སྒྲུབ་ལས། “ ཆིབས་སུ་གཡང་གི་རྡོལ་མོ་བཅིབས། ” ཞེས་པའི་རྡོལ་མོ་དེ་གང་ལ་ངོས་འཛིན་དགོས་སམ།
ལན། “ ཐུད་ཀྱི་གཡག་པོ་རུ་ཀྱུར་དང་། །མར་ཀྱི་རྡོལ་མོ་(རྟོལ་མོ་)འདི་ལ་སྐྱོབ། །ནོར་གཡང་མ་ཉམས་རྟེན་ལ་འཁོར། །” ཞེས་གསེར་འོད་གཡང་འབོད་དུའང་ཡོད་སྣང་འདུག་མོད། ནོར་གཡང་འཕེལ་བ་ལ་གཡག་དང་འབྲི་ལ་བརྟེན་ནས་འཕེལ་དགོས་ཀྱི་ཡོད་ཙང་འདིས་ཀྱང་རྡོལ་མོ་འབྲི་ལ་གོ་ཡི་ཡོད་པ་གསལ་པོ་འདུག་དྲན།
ཡང་། དྲ་བ་དམར་ནག་གི་སྐབས་སུ། “ བདུད་ལུག་ནག་པོའི་སྙིང་ཁྲག་དང་། །རྡོལ་པོ་ཁམས་པའི་སྙིང་ཁྲག་དང་། ” ཞེས་དང་། ཡང་དེ་ག་རང་དུ། “ གཡག་རོག་དང་། ར་ནག ལུག་ནག་གི་སྙིང་ཁྲག ” ཅེས་སོགས་གསལ་པོ་བྱུང་བ་དང་། དེར་མཚུངས་སླར་ཡང་དྲ་བ་དམར་ནག་གི་སྐབས་སུ། “ སྒྲ་བླ་ཞགས་པས་ཟུང་ལ་ཤོག ” ཅེས་དང་། “ བླ་ཁུག་ཐ་རམས་ནང་དུ་སྡོམས། ” ཟེར་བ་ཡོད་མོད། དྲ་བ་དམར་ནག་གི་རྒྱུད་ནང་དུའང་། “ ཧོར་གྱི་གྱིམ་ཤང་སྤུན་བདུན་ཡང་། བརླ་གཡག་ཁམ་པ་བདུན་དུ་བྱས་ནས། ཐ་རམས་ཀྱི་ཡང་ཕུག་ཏུ་བཀུག་སྟེ་བསྒྲལ་ལོ། “ ཞེས་སོགས་བྱུང་བ་ལ་གཞིག་ན་གཡག་ཁམ་པའི་ཤ་ཁྲག་གིས་མཆོད་དགོས་པ་དང་འབྲེལ་བ་ངེས་ཅན་སྣང་ངོ་། དེས་ན་རྟོལ་པོ་ཁམ་པ་ནི་གཡག་རང་ཡིན་ནོ།
_____ཁྱུང་ཐོགས་རྒོད་ནས།
ལན། གཡག་ཁམས་པ་བཤའ་ནས་དམར་མཆོད་བྱེད་པའི་སྲོལ་ནི་གཤིན་འདུར་གྱི་ཆོ་ག་སོགས་ལས་མང་བྱུང་བ་ནི། གྲི་གཡག་ཁམ་པ་བཤས་ཏེ་འདུར་གྱི་ལས་མཐའ་སྤེལ་བ་སོགས་ཀྱི་གཏམ་རྒྱུད་བྱུང་བར་མ་ཟད། གྲི་འདུར་གྱི་ཆོ་ག་སོགས་ལས་གཡག་ཁམ་པའི་ཀོ་བ་འདུར་ཆས་ཀྱི་རྫས་ཆའི་ནང་མེད་དུ་མི་རུང་བ་ཞིག་རེད། སྐབས་སུ་བབ་པ་རྡོལ་པོ་ཁམ་པ་ཟེར་བ་དེ་གཡག་ཁམ་པ་ཡིན་ནམ་ཡང་ན་རྟོ་ལེ་ཁམ་པ་ལ་གོ་དགོས་མིན་གོང་གསལ་གྱི་གནད་དེ་དག་དང་འབྲེལ་བ་ཡོད་སྲིད་པར་སྙམ། གཞན་དུ། བོད་ཀྱི་སྐད་བརྡའི་གྲུབ་ཚུལ་ལྟར་ན། གཡག་ཁམ་པ་ཞེས་མང་དུ་གྲགས་པ་ལས་རྟོལ་ལེ་ཁམ་པ་ཞེས་དེ་ཙམ་ཐ་སྙད་སྦྱར་སྲོལ་ཨེ་ཡོད་དམ་སྙམ། དེ་བཞིན་བ་དང་རྟ། དྲིལ་དང་བོང་གུ། ཁྱི་སོགས་ལ་ཡང་དེ་བཞིན་ཁམ་པ་ཞེས་པའི་མིང་ཚིག་དེ་བེད་སྤྱོད་བྱ་བར་སྐད་བརྡའི་འགྲོས་དང་མཐུན་མིན་དཔྱད་རི་བ་ཞིག་རེད། དེ་མིན། རྟ་ལ་རྐྱ་ངུ་དང་། གཡག་ལ་རོག་པོ། ར་ལ་རྒྱ་རྒྱ་སོགས་ནི་སྤུ་མདོག་གི་ཁྱད་པར་ཙམ་མ་ཡིན་པར། ཐ་སྙད་སྦྱར་གཞིའི་སྲོག་ཆགས་ལ་ལྟོས་ཏེ་སྐད་བརྡ་གྲུབ་ཚུལ་མི་འདྲ་བ་ཡང་ཡོད་པར་སེམས། བསམ་ཚུལ་ཙམ་ཡིན།
_____ཞུ་ཚང་བ་ནས།
ལན། རྡོལ་པོ་ཁམས་པའི་སྙིང་ཤ་ནི། བདུད་བོན་ཁ་ཏ་འགྲེང་ཡུག་གིས་ནག་པོ་བདུད་ལ་དྲངས་པའི་གཡག་ཁམས་པའི་སྙིང་ཤ་དེ་ལས་ཕལ་ཆེར་འདའ་ས་མེད་ཚོད་རེད། དེས་ན་གཡག་ཁམས་པ་ལ་རྡོལ་པོ་ཁམས་པ་འབོད་ཀྱི་ཡོད་པ་ཤེས་དུས། རྡོལ་མོ་ཟེར་ན་འབྲི་ལ་གོ་དགོས་པ་ཕར་ཆེར་ཐག་གཅོད་ནས་བཤད་ཆོག་སྙམ། ར་ལུག་བ་གླང་རྟོལ་འབྲི་མགལ། ཟེར་བའི་སྐབས་དེ་རྡོལ་མ་ཡིན་པར་རྟོལ་ཞེས་ཏེ་རྟོ་ལེ་ལ་གོ་དགོས་པར་འདྲ།
ཕྲན་རང་ཆུང་དུས་གྲོང་ཆོག་འགྲོ་སྐབས་ཕ་ཡུལ་གྱི་བོན་རྒན་རྣམས་ཀྱིས་ནོར་ལྷ་གཡང་འབོད་ཀྱི། ཐུད་ཀྱི་གཡག་པོ་རུ་ཀྱུར་དང་། མར་གྱི་རྡོལ་མོ་ཟེར་སྐབས་མར་གྱི་མཛོ་མོ་ཞིག་བཅའ་སྲོལ་འདུག འོན་ཀྱང་རྒྱུ་མཚན་ངེས་ཅན་ཞིག་མ་རྙེད་ན་ངའི་ཕ་ཡུལ་གྱི་ལུགས་སྲོལ་ཡིན་ཞེས་ལབ་བསྡད་ན། “ ངའི་ཨ་མའི་ཕོར་པ ” ཞེས་པའི་ཟླ་ལ་འགྲོ་ཉེན་ཆེ།
གལ་ཏེ་རྡོལ་པོ་དང་རྟོལ་པོ་དོན་གཅིག་ཏུ་བྱས། གང་ལ་ངོས་འཛིན་ན་རྟོ་ལེ་ལ་ངོས་བཟུང་། དེས་ན་རྡོལ་པོ་ཁམས་པའི་སྙིང་ཤ་ཞེས་པ་དེ་རྟོ་ལེ་ཁམས་པའི་སྙིང་ཤ་ལ་ངོས་བཟུང་། རྒྱུ་མཚན་ནི་རྡོལ་དང་རྟོལ་དོན་གཅིག་ཡིན་པར་ཐག་བཅད་པའི་རྗེས་ཀྱི་ “ རྡོལ ” ཚིག་དེ་ཁོ་ན་ཡིན་ངེས་ཟེར་ན། ད་འོ་ན། གཟེར་བུའི་སྐབས་སུ་བྱུང་བའི་བདུད་ཀྱི་མཐུན་རྫས། བདུད་གཡག་ཁམས་པ་ཐང་རོལ་དེ་དང་། དྲྭ་བ་དམར་ནག་གི་གཏོར་བསྐུལ་སྐབས་སུ་བྱུང་བའི་མཐུན་རྫས་རྡོལ་པོ་ཁམ་པ་དེ་གཉིས་གཅིག་པ་ཡིན་ནམ་ཁ་ཁ་ཡིན། ཁ་ཁ་ཡིན་ཟེར་ན་ཡིན་པའི་རྒྱུ་མཚན་ཡོད་དགོས། གལ་སྲིད་དོན་གཅིག་ཡིན་པར་འདོད་ཅིང་། དེ་ཡང་རྟོ་ལེ་ལ་ངོས་བཟུང་ན་རྟོ་ལེ་ལའང་གཡག་ཏུ་འབོད། མཛོ་ལའང་གཡག་ཏུ་འབོད། གནག་ཕོ་ལའང་གཡག་ཏུ་འབོད་ན་གང་དྲན་དྲན་ཙམ་དུ་ཟད་དོ། །
_____གཏོ་སྒྲོམ་ནས།
ལན བོན་གྱི་ཆེས་རྙིང་པའི་དཔེ་རྙིང་དེ་ཚོར་གོ་དཀའ་ཞིང་མནོག་ཆེ་བའི་ཐ་སྙད་རེ་ཙམ་མིན་པར་ཧ་ཅང་མང་ལ། དེ་ཚོར་རྒྱུན་དུ་འདྲིས་པ་དང་འགྲོགས་པ་བྱེད་པ་ལས་སྟབས་བདེའི་འགྲེལ་བཤད་རེས་ལྟེབ་ཆགས་བྱེད་ཐུབ་པ་ཞིག་ལར་ནས་མ་རེད། སྔར་གྱི་ཐ་སྙད་རྙིང་པའི་གསེད་དཀྲོལ་ནི་རི་གསེང་ནས་དབྱར་རྩྭ་དགུན་འབུ་འཚོལ་བ་ལྟར་དཔེ་རྙིང་དང་བརྡ་རྙིང་ཡུལ་སྐད་ཁག་ལ་འདྲིས་པར་བྱས་ཏེ་ཐ་སྙད་རྒྱུད་ལོན་གསོག་འཇོག་བྱས་རྗེས་ད་གཟོད་ཐ་སྙད་དངོས་ཀྱི་ངོ་གདོང་གཞི་ནས་མཇལ་ཐུབ་ཀྱི་ཡོད། དེ་མིན་སྐད་རིགས་སྨྲ་བ་རེ་འགས་གོ་དཀའ་བའི་ཐ་སྙད་རྣམས་མི་རིགས་གཞན་པའི་ཐ་སྙད་ག་གེ་མོས་ཤན་ཞུགས་ཐེབས་པར་སྨྲ་ནས་ཐ་སྙད་དམར་གསོད་བྱེད་མཁན་ཧ་ཅང་མང་ལ། ཡང་རེ་འགས་ཡུལ་སྐད་ཉི་ཚེ་བའི་ནང་དུ་བཏུམས་ནས་ཐད་ཀར་དཔྱོད་པའི་སྒོ་བཀག་པ་བཅས་ནི་ཐ་སྙད་རྟོག་ཞིབ་ཐབས་ལམ་དང་འགལ་འདུ་ཆེན་པོ་ཕྱིན་ཡོད། ཐ་སྙད་རྙིང་པའི་རིགས་གསེད་དཀྲོལ་བྱེད་པར་མིང་ཚིག་གི་གྲུབ་ཆ་དང་། དུས་རབས། སྤྱི་ཚོགས། འབྲེལ་ཡོད་གནའ་དཔེ་སོགས་ཕྱོགས་མང་པོར་གཞིགས་ཏེ་དཔྱད་བསྡུར་བྱེད་རྒྱུ་ནི་ཐབས་ལམ་གལ་ཆེན་ཞིག་ཡིན།
ཐེངས་འདིར་བོན་དྲིས་ལན་དྲ་བར་མཁན་གངས་སེང་ལགས་ཀྱིས་ “ རྡོལ་མོ ” ཞེས་པ་ནི་སུ་ལ་གོ་དགོས་མིན་དྲི་བ་ཞིག་བཏང་བར། རེ་འགས་ཐད་ཀར་མཛོ་མོ་ལ་འཇུག་སྐོར་བཤད་པ་དང་། ཡང་རེ་འགས་འབྲི་ལ་གོ་ན་ཡག་སྐོར། རེ་འགས་རྟོལ་ལེ་ལ་གོ་སྐོར་ལན་འདེབས་སྣ་ཚོགས་ཤིག་གནང་སོང་། དྲ་གྲོགས་མང་པོ་ཞིག་གིས་དེང་དུས་ཚིག་མཛོད་ཁག་ཏུ་གཟིགས་ནས་རྡོལ་མོ་ནི་རྟོལ་ལེ་རང་ལ་གོ་བར་ཨུ་ཚུགས་གནང་མཁན་ཡང་མཆིས། ཐ་སྙད་དེ་དག་ནི་རྒྱུན་དུ་འཚོ་བའི་ཁྲོད་བེད་སྤྱོད་བྱེད་རྒྱུ་ཞིག་མིན་སྟབས། དཔེ་རྙིང་དང་ཡང་ན་ཡུལ་སྐད་བརྡ་རྙིང་སོགས་གང་ཞིག་ལ་གོ་བསྡུར་ནས་ཁུངས་སྐྱེལ་མ་བྱས་ན་སྒྲ་ཟུར་ཆག་ལ་ཁ་གཡར་ནས་གང་འདྲེན་དུ་འགྲེལ་ན་གོ་རྒྱུ་གཏན་ནས་མེད་པའི་ཚོད་དུ་བསྐྱལ་ཉེན་ཆེ། མ་ཟད་ཕྱོགས་གཅིག་ཁོ་ནར་འཐེན་ནས་ཨུ་ཚུགས་བཙན་འགྲེལ་ནི་དེ་བས་ཀྱང་གཡག་ཞར་རྩ་ཟན་དུ་འགྱུར་ཚབས་ཆེ།
ང་ཚོའི་དཔེ་རྙིང་ཁག་ཏུ་གཡག་ལ་རྡོལ་པོ་འབོད་པར་གསལ་པོ་བྱུང་བས་འབྲི་ལ་རྡོམ་མོ་ཞེས་གོ་ཆོག་པ་ཐ་སྙད་དེས་ཤུགས་བསྟན་བྱས་ཡོད། འོན་ཀྱང་རྡོལ་མོ་ཞེས་པའི་ཐ་སྙད་དེ་འབྲི་གཅིག་པུ་ལ་གོ་བ་མ་ཡིན་པར་མཛོ་མོ་ལ་གོ་སྐོར་ཉེ་ལམ་སྡེ་བཞིའི་གཡང་འབོད་དུ་གསལ་པོ་འཁོད་ཡོད། རྟོལ་པོ་དང་རྡོལ་པོ་ཞེས་པའི་ཐ་སྙད་དེ་གཉིས་སུ་དག་མིན་དབྱེ་འབྱེད་བྱེད་དཀའ་ཡང་ནོར་གནག་ཕོ་རིགས་ལ་འཇུག་པ་གསལ་པོ་གྱུར་སྙམ།
དེ་བཞིན་རྟོལ་མོ་དང་རྡོལ་མོ་ཞེས་པའི་ཐ་སྙད་གཉིས་ཀྱང་སྔར་དང་འདྲ་བར་འཇུག་གཞི་ནོར་ནག་གནག་མོ་རིགས་ལ་འཇུག་པར་སྙམ། འོན་ཀྱང་གཡག་ལ་རྡོལ་པོ་ཞེས་སྨོས་ན་དག་པ་དང་རྟོལ་པོ་སྨོས་ན་སྒྲ་མ་དག་པ་རེད་ཅེས་སུས་ཀྱང་དབྱེད་བྱེད་དཀའ་སྙམ། ཐ་སྙད་དེའི་ཡོང་ཁུངས་སྔར་གྱི་ཡིག་རྙིང་མི་འདྲ་བ་དུ་མ་གཤིབ་བསྡུར་བྱས་རུང་རྡོལ་པོ་དང་རྟོལ་པོ་གཉིས་ཅི་རིགས་བཀོལ་བ་ལས་གཅིག་གྱུར་གཏན་ནས་བྱུང་མི་འདུག དེས་ན་རྡོལ་མོ་དང་རྟོལ་མོ་ཞེས་པའི་ཐ་སྙད་གཉིས་པོ་སུ་དག་མིན་དེ་བས་དབྱེ་ཞིབ་བྱེད་དཀའ་བ་ཞིག་ཏུ་སྣང་། རྟོལ་ཞེས་པ་ནི་སྒོ་ཕྱུགས་གཡག་དང་འབྲི་མཛོ་མོ་ལས་གཞན་འཇུག་ས་ཡོད་སྐོར་ས་བདག་ཉེ་ལམ་སྡེ་བཞིའི་མཆོད་པ་རུ་གསལ་བ་འདི་ལྟར། “ གཡག་འབྲི་མཛོ་མོ་མཛོ་དང་གླང་དང་མགར། རྟོལ་དང་ལྷོས་དང་ཕྲུམ་དང་ར་ལུག་ཁྱི་ཕག་དང་། ” ཞེས་གསལ་པོ་འཁོད་ཡོད།
མདོར་ན་གོང་ཞུས་ལྟར་རྡོལ་པོ་དང་། རྟོལ་པོ། ཞེས་པའི་ཐ་སྙད་དེ་གཉིས་སྒྲ་སུ་དག་མིན་ལ་མ་ལྟོས་པར་གནག་ཕྱུགས་ཕོ་རིགས་ཐུན་མོངས་ལ་འཇུག་པར་འདོད་ཆོག་པ་དང་། དེ་བཞིན་རྡོལ་མོ་དང་རྟོལ་མོ་ཞེས་པའི་ཐ་སྙད་གཉིས་པོ་གནག་ཕྱུགས་མོ་རིགས་ཐུན་མོན་ལ་འཇུག་པར་འདོད་ཆོག་པ་ལྟ་བུར་སྣང་། ཁོ་བོས་བསམ་ན་ཐ་སྙད་དེ་གཉིས་ལས་རྡོལ་པོ་དང་རྡོལ་མོ་ཞེས་སྨོས་ན་གོ་རྒྱུ་ཆེ་བ་འདུག་སྙམ། རྡོལ་ཞེས་པ་ནི་རང་བཞིན་གྱིས་ཞམ་པའམ་བྱུང་བའི་དོན་ལ་གོ། དེ་ལྟར་ན་ཕྱུགས་རིགས་གཞན་ལས་གཡག་འབྲི་གཉིས་ནི་ཁུ་ལུ་རྩིད་པ་མར་ཆུར་ཤ་ཁྲག་འབྱུང་ཁུངས་ཆེ་ཤོས་ཡིན་ཕྱིན་རྡོལ་པོ་རྡོལ་མོ་ཟེར་གྱི་ཡོད་སྲིད། གཅིག་བྱས་ན་འགྲེལ་ཚུལ་འདི་ཚོས་གད་མོ་ཡང་སློང་སྲིད། ཡང་ན་རྡོལ་སྤྱོད་ཟེར་དུས་ཁྲིམས་དང་སྒྲིག་གཞི་མེད་པ་རྒྱུད་གྱོང་བ་སོགས་ལ་གོ་བས་ཕྱུགས་རིགས་ཁྲོད་ནས་འབྲི་གཡག་གཉིས་སྟོབས་ཤུགས་ཆེ་ལ་རྒྱུད་གྱོང་ཤོས་ཡིན་པས་དེ་ལྟར་ཐོགས་ཡོད་སྲིད་སྙམ། འཆར་སྣང་དེ་ཚོ་ནི་དཔྱད་གཞི་ཙམ་དུ་ཕུལ་བ་ལས་ཐད་ཆོད་པ་དང་ཞིབ་འཇུག་བྱས་པའི་གཏམ་ནི་གཏན་ནས་མིན་སྟབས་དེ་ལུགས་དགོངས་འཇགས་ཞུ། སྤྱིར་མིང་ཡིན་ན་འགྲེལ་བཤད་བྱེད་དུ་ཡོད་པའི་ངེས་པ་མེད་རུང་རྟོལ་ཟེར་དུས་དམིགས་བསམ་གོ་བ་ཅི་ཡང་ལེན་མ་ཤེས་པ་ཞིག་རེད་སྙམ།
ལར་དམངས་ཁྲོད་ནས་བྱུང་བའི་ཐ་སྙད་ལ་འགྲེལ་བཤད་རྒྱུ་མཚན་ཅི་ཡང་མེད་པར་མྱོས་པའི་ལབ་རྡོལ་དང་འདྲ་བ་ཞིག་གཏན་ནས་མིན་ལ། ཞིང་འབྲོག་མང་ཚོགས་དང་འཚོ་བའི་བར་དུ་བརྩེ་དུང་འབྲེལ་འདྲིས་ལས་བྱུང་བའི་དམངས་ཁྲོད་ཀྱི་ཐ་སྙད་དག་ནི་མི་རིགས་ཀྱི་སྐད་གཤིས་དང་མཐུན་ཞིང་འཚོ་བ་དང་བར་ཐག་ཉེ་བ་བརྗོད་དོན་ལྷུག་པོ་སྟོན་པ་སོགས་ངོ་མཚར་ཧ་ཅང་ཆེ། མ་ཟད་བརྗོད་བྱ་རྗོད་བྱེད་ཚིག་དོན་གཉིས་ཆ་ལ་སྒོག་པའི་པགས་པ་བཤུས་པ་ལྟར་ཕྱི་ནང་མང་པོ་མྱོང་རོལ་བྱེད་དུ་ཡོད་ལ། ཡང་ན་ཐག་པ་ཁྲ་བོ་སྦྲེལ་བ་ལྟར་ངོ་བོ་བྱེད་ལས་ཀྱི་ཟུར་མང་པོས་གྲུབ་ཡོད། དཔེར་ན། དམངས་གླུ་ཁྲོད་དུ་བྱུང་བའི་མིང་ཚིག་ཁག་ཅིག་མཚམས་སྦྱོར་ཞུ་ན།
རྫ་ཁྲ་ཡག། ན་དམར་ཡག། ལུག་གཡང་དཀར། མཛོ་ཆུང་དཀར། སྟག་དམར་ཡག། འབྲི་ཟིལ་ཆུང་། རྐྱང་ཁ་དཀར། འབྲོང་གྲེ་སེར། དམའ་རྒྱ་གྲོང་། སྟག་ཤ་ལུ། སྨན་བུ་མོ། ཞིང་ཆུ་མ། ཞེས་པའི་ཐ་སྙད་འདི་ཚོ་དམངས་ཁྲོད་རང་ནས་བྱུང་བ་ཞིག་ཡིན་ཀྱང་། ཐ་སྙད་རེའི་ཐོག་ཏུ་ཚིག་དོན་གྱི་སྤུ་རིས་གསལ་པོ་འབྱེད་དུ་ཡོད་པ་དང་། བརྗོད་བྱེད་གང་དེས་བརྗོད་བྱའི་ངོ་བོ་ལྷང་ངེར་སྟོན་ཐུབ་པ་སོགས་དམིགས་བསལ་གྱི་ཁྱད་བོན་ལྡན་ཡོད། ཡིག་རྨོངས་ཅན་གྱི་སྲིད་པ་རྒད་པོའི་ངག་སྒོ་ནས་རྡོལ་མའི་མིང་ཚིག་དེའི་རིགས་དང་། དེང་སང་ཐ་སྐད་མཁན་པོས་གཏན་འབེབ་གནང་བའི་མིང་ཚིག་རྣམས་གཤིབ་བསྡུར་རེ་བྱས་ན། ཅ་ལག་གྲུང་རྫུན་ལྟར་ཧེ་བག་གསལ་པོ་བྱེ་ཡོད་པ་དངོས་ཡོད་རེད།
མིང་ཚིག་དེའི་རིགས་འདོད་རྒྱལ་གྱིས་བརྡ་འདོག་ཚུལ་ལ་ཅི་རིགས་སྣང་སྟེ། ཁ་ཤས་བཟོ་ལྟའི་ཆ་ནས་བཏགས་པ་དང་། ཁ་ཤས་བཟོ་ལྟ་དང་བྱེད་ལས་གཉིས་ཆ་ནས་བཏགས། ཁ་ཤས་བྱེད་ལས་ཀྱི་ཆ་ནས་བཏགས་ཅི་རིགས་སུ་སྣང་སྟེ། ན་དམར་ཡག་ཅེས་པའི་ཐ་སྙད་དེ་ན་བ་དམར་སོབ་སོབ་ཏུ་སྐྱེས་པའི་ན་ཐང་གི་བཟོ་ལྟའི་ཆ་ནས་བཏགས་པ་དང་། ཡང་ལུག་གཡང་དཀར་ཟེར་དུས་ངོ་བོ་དང་བཟོ་ལྟ་གཉིས་ཐད་ནས་བཏགས་པ་ཞིག་རེད། ལུག་དེ་གཡང་ལ་ངོས་འཛིན་པ་དང་བཟོ་ལྟ་དཀར་པོ་ཡིན་པས་མིང་ལ་དེ་ལྟར་བཏགས་པ་རེད། འབྲོང་གྲེ་སེར་ནི་སྤུ་མདོག་གི་ཆ་ནས་བཏགས་པ་ཞིག་ཡིན། ཞིང་ཆུ་མ་ཟེར་བ་ནི་ངོ་བོའི་ཆ་ནས་བཏགས་པ་ཞིག་ཡིན། ང་ཚོས་གླེང་ཟིན་པའི་རྡོལ་པོ་རྡོལ་མོ་ཡང་ཐ་སྙད་འདི་དག་གི་འགྲོས་མ་བོར་ནས་བྱུང་བ་ཞིག་ཡིན་པས་དེ་དག་དང་གཤིབ་བསྡུར་བྱས་ན་ངོ་བོ་ལོ་གསལ་རུ་འགྲོ་སྙམ།
གོང་གི་རྡོལ་པོ་རྡོལ་མོ་ཞེས་པའི་ཐ་སྙད་ཀྱང་དེ་དག་དང་འདྲ་བར་བཏགས་ཡོད་ལ། འདོག་ཚུལ་གྱི་དགོས་དམིགས་ཀྱང་དེ་འདྲ་བར་གནས་ཡོད་པ་སོམ་ཉི་མེད། རྡོལ་པོ་རྡོལ་མོ་ཞེས་པའི་ཐ་སྙད་དེ་འབྲི་གཡག་གཉིས་ཀྱི་ཡོན་ཏན་དང་བྱེད་ལས་གང་རུང་གི་ཆ་ནས་བཏགས་པ་ཞིག་ཡིན་པར་འདོད་ན་ཐ་སྙད་རིག་པ་དང་འགལ་བ་བྱུང་མེད་ལ། དཔེ་རྙིང་དང་ཁུངས་སྐྱེལ་བྱས་ན་དེ་བས་ཀྱང་འགལ་སྐྱོན་མི་རྙེད་སྙམ། དེ་མིན་ཐ་སྙད་དེ་གཉིས་འབྲི་གཡག་ཕུད་པའི་མཛོ་རྟོལ་ཁོ་ནར་འཇུག་དགོས་པ་དང་། འབྲི་གཡག་ལ་ཐ་སྙད་དེ་འཇུག་མི་ཆོག་ཟེར་ནས་ཨུ་ཚུགས་འདྲ་བྱས་ན་མ་གཏོགས་གཞན་རྒྱུ་མཚན་མི་འདུག དགེ་ཆོས་ཀྱིས་བཤད་པ་ལྟར་མཐའ་མཇུག་བདེན་པའི་ཚད་མ་རང་ལ་བཏུགས་ནས་ངའི་ཕ་ཡུལ་ནས་ལབ་སྲོལ་མེད་ཟེར་རྒྱུ་མ་གཏོགས་ལྷག་མི་འདུག་གོ།། །།
_____ཞང་ཚུལ་མི་ནས།