གཟུ་བཞི་དཔང་བརྒྱད་སྐོར།
དྲི་བ་གནང་མཁན། ཕྱྭ་སྲས།Chasye ལན་གནང་མཁན། འཕྲུལ་གྱི་ཡིག་ཚང་།
དྲི་བ། ཚེ་སྒྲུབ་བྱ་རི་མའི་བླ་བསླུ་ལས་། དྲང་ནམ་གཟུ་བཞི་དཔང་བརྒྱད་དང་། འབྱུང་བའི་ཞལ་ལྕེ་ཆེ་ལྔ་དང་། དགེ་བའི་གྲོགས་མཛོད་གཙང་རིགས་སྡེ། ཞེས་པའི་དྲང་ནམ་གཟུ་བཞི་དཔང་བརྒྱད་དང་འབྱུང་བའི་ཞལ་ལྕེ་ཆེ་ལྔ་གང་ཡིན་སྐོར་མཁྱེན་ལྡན་རྣམ་པས་གསུང་རོགས་གནང་།
ལན། དྲང་མཁན་གཟུ་བཞི་དཔང་བརྒྱད་ཅེས་པ་དེ། སྐོས་རྗེ་དྲང་དཀར་དང་། དེའི་འཁོར་གཟུ་བཞི་དཔང་བརྒྱད་ཅེས་པ་དེ་ཡིན་ན་ཆོག དེའི་སྐོར་གཟིགས་དང་། དཔྱད་གཞི་ཙམ་ཡིན། རྣམ་པ་དག་སྐོས་རྗེའི་ཙ་ཀ་ལི་ཡོད་ན་ཤེས་སླ་བར་སྙམ།
སྤྱིར་དྲང་མཁན་སྐོར་འདུར་གྱི་ཆ་ལག་དྲང་མཁན་ཤོག་ཆུང་ལས་ཉིན་གྱི་དྲང་མཁན་སོགས་མང་ཞིང་དག་པ་གསལ་ཡོད་ནའང་དེའི་ནང་གཟུ་བཞི་དཔང་བརྒྱད་གསལ་མེད། ད་ལན་ཚེ་སྒྲུབ་བླ་བསླུའི་པྲ་རྟགས་བརྟག་པ་སྟེ། བླ་གཟུགས་སྐོར་བ་དང་། བླ་རྡོ་ལེན་པ་སོགས་ཀྱི་སྐབས་ཡིན་པས། དེ་དག་ལ་རྫུ་འཕྲུལ་དྲང་མཁན་ཟེར་བ་དེ་འབྲེལ་བ་དེ་ཙམ་མེད་སྙམ། དེ་བས་སྐོས་རྗེ་དང་གཟུ་བཞི་དཔང་བརྒྱད་རྣམས་པྲ་བརྟག་པ་ལ་ཆེས་ཉེ་བར་མཁོ་བ་སྟེ། དེ་ཡང་གཟུ་དཔང་བ་དེ་ཚོ་དུང་གི་མི་ཕོ་དཀར་རྒྱན་ལ་བཟོ་དགོས་པར་གསལ་བ་ལྟར་ན། གཤེན་རབ་རྣམ་ཐར་ལས་བྱུང་བའི་ཀེང་ཙེ་ལན་མེད་དང་འབྲེལ་བ་ཡོད་པ་རེད་སྙམ། དེ་ཡང་བསྟན་པ་རྗེས་བཞག་གི་མཛད་པའི་སྐབས། ཀོང་ཙེ་འཕྲུལ་རྒྱལ་གྱིས་གསས་ཁང་བཞེངས་པར་བར་ཆད་བྱུང་བ་ལ། ཀེང་ཙེ་ལན་མེད་ཀྱིས་ལྷ་བདུད་ཆོ་ལོ་འཕངས་པ་དང་། ཀེང་ཙེ་ལན་མེད་ཀྱང་ཁྱེའུ་དར་དཀར་རལ་ག་ཅན་ཞིག་ཡོད་པར་བཤད་པ་མ་ཟད། སྐབས་དེར་གཟུ་བཞི་དཔང་བརྒྱད་ཞལ་ལྕེ་ཆེ་ལྔ་སོགས་ཀྱང་གསལ་ཡོད། དེ་བས་སྐབས་འདིར་རག་ཙམ་ཤེས་ཐུབ་པ་ཞིག་ནི། བོན་གྱི་ཆོ་ག་ཕྱག་ལེན་ལས། ཆེ་བ་ངོ་མཚར་རྒྱས་ཟློག་ནས་ཆུང་བ་ཚེ་སྒྲུབ་བླ་བསླུ་བར་མང་ཆེར་ཞིག་ལ་ཤོ་དང་ཆོ་ལོའི་པྲ་རྟགས་དེ་ཡོང་བཞིན་ཡོད་པས། དེའི་རྒྱབ་ལྗོངས་ཀྱང་གཤེན་རབ་དང་ཀོང་ཙེ་འཕྲུལ་རྒྱལ་གྱི་རྣམ་ཐར་ལ་ཐུག་པ་རེད་སྙམ། དེ་བཞིན་གཏོ་ཆོག་ཀུན་ལ་སྤྱི་རུ་རྒྱུག་པའི་སྐོས་རྗེ་ཞེས་པ་ཡང་ཕྱྭ་ཀེང་ཙེ་ལན་མེད་དང་འབྲེལ་དམ་ཟབ་ཡོད་པ་རེད་བསམ། དེ་ཡང་འཁོར་གཟུ་བཞི་དཔང་བརྒྱད་ཞལ་ལྕེ་ཆེ་ལྔ་བཅས་གཅིག་མཚུངས་ཡོད་པས་དང་། རྣམ་པ་དང་བྱེད་ལས་གང་ཅིའི་ཐད་ནས་ལ་དང་ལུང་པ་ཆུ་དང་གྲམ་པ་གཅིག་པ་འདྲ་ ཞིག་འདུག་སྙམ།༢༠༡༩/༣/༣༡