གནས་སྐོར་འགྲོ་དུས་གནས་ཀྱི་དམ་ཚིག་སྲུང་སྟངས་སོགས་ཇི་ལྟར་དགོས།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཁ་བའི་ཁྱུང་།
སྤྱིར་བཏང་གནས་སྐོར་ཞེས་པ་ནི། ལུང་གིས་ཟིན་པའི་གནས་རི་མཚོ་རྣམས་ལ་སྔོན་རབས་ཀྱི་སྟོན་པ་དང་ཡིད་དམ་རིག་འཛིན་མཁའ་འགྲོ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རླབས་པ་ཡིན་སྟབས། དེ་དག་ལ་སྐོར་ཕྱག་དང་མོས་གུས་བྱེད་པ་ནི་གོང་སྨྲས་ལྟར་ལྷ་དང་དཔོན་གསས་ཡིད་དམ་རྣམས་ལ་དངོས་སུ་མཆོད་པ་ཕུལ་བ་དང་ཁྱད་པར་མེད་པས། དེས་ཕྱི་མ་དང་ད་དབང་གཉིས་ཀར་ཕན་པ་རྒྱ་ཆེར་ཡོད་པར་མངོན་ཏེ། དེའང་ལུང་ལས། ʼʼགནས་ཀྱི་འབྲེལ་བ་གང་བཞག་རྣམས། །མ་དག་སེམས་ཅན་ལུས་བོར་ནས། །དག་པའི་ཞིང་དུ་སྐྱེ་བར་ངེས། ། ʼʼ ཞེས་དང་། ʼʼསྐོར་བ་བཅུ་རྒྱབ་ས་བཅུའི་རིག་འཛིན་ཐོབ། ʼʼ སོགས་གསུངས།
དེ་བཞིན་དཔེར་ན་གངས་རིན་པོ་ཆེ་ལྟ་བུར་མཚོན་ན། དབོན་གསས་ཐ་མི་ཐད་ཀའི་ཞལ་ནས། །ʼʼ རྫོགས་སྐུ་ཀུན་ཏུ་བཟང་པོ་ཡི། །ཐུགས་ཉིད་མི་གཡོ་མཛོད་ཁང་ནས། །འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། །སྟོད་སྨད་བར་དང་གསུམ་གྱི་ནི། །གནས་ཆེན་གསུམ་དུ་བྱིན་གྱིས་བརླབས། །ཁྱད་པར་སྐུ་ཡི་གཏིང་རུམ་ནས། །ཨ་དཀར་འོད་དང་ལྡན་པ་ཞིག །མཁའ་ལ་འོད་དུ་འཕྲོས་ནས་ནི། །ཁྱད་པར་གནས་མཆོག་འདི་ལ་ཐིམ། །གཉིས་མེད་གཅིག་ཏུ་བྱིན་གྱིས་བརླབས། །དེ་ཕྱིར་གནས་མཆོག་ཁྱད་པར་ཆེ། །ཀུན་བཟང་སྐུ་དང་གཉིས་སུ་མེད། །ʼʼ ཅེས་དང་། རིག་འཛིན་སྤེ་བོན་གྱི་ཞལ་ནས། ʼʼ གཉན་ཆེན་གངས་དཀར་ཏི་སེ་ལ། །སྒོམ་སྒྲུབ་ཡུན་དུ་གང་བྱས་པ། །རབ་ལ་སྟོང་ཉིད་ལྟ་བ་ནི། །ཐོགས་མེད་རྩེ་རྒྱལ་ལྟ་བ་འཆར། ་་་ །ཕྱག་དང་སྐོར་བ་བྱས་པ་རྣམས། །གཅིག་བཅུ་ཁྲི་འབུམ་དག་ཏུ་འགྲོ། །མཚན་བཅས་བཟླས་བརྗོད་བྱས་པ་རྣམས། །ངག་གི་སྒྲིབ་པ་དག་ནས་ཀྱང་། ʼʼ ཞེས་སོགས་དུ་མ་ཞིག་གསུངས་ཡོད། དེ་དང་འདྲ་བར་གནས་གཞན་ལ་རིགས་འགྲེ་ན་གནས་ཀྱི་ཡོན་ཏན་གང་འདྲ་འདུག་ཤེས་སླ།
གནས་སྐོར་འགྲོ་སྐབས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ཇི་ལྟར་འཁྱེར་དགོས་པའང་གོང་གི་ལུང་དེ་དག་གིས་ཤེས་ནུས་ཀྱང་། གསལ་ཁ་ཅུང་འདོན་ན། ལུས་ཀྱིས་ཕྱག་དང་སྐོར་བ་ལ་འབད་ན་གོང་གསུངས་ལྟར་འབྲས་བུ་དགེ་ལས་སུ་འཕེལ། དེ་ལས་ལྡོག་ན་ངན་སོང་དུ་འགྲོ་བའི་རྒྱུ་བསོག་པར་མ་ཚད་དུས་ཚོད་རྩ་ཆེན་དེའང་འཕྲོ་བརླག་དང་གཟུགས་པོར་དཀའ་ལས་བྱུང་བ་སྡུག་གྱོང་ཉོས་པ་ཁོ་ན་ཙམ་ཡིན།
ངག་གིས་བསྙེན་པ་དང་བཟླས་བརྗོད་ལ་འབད་ན་ངག་གི་སྒྲིབ་པ་བྱང་བ་དང་སྨྲ་མཁས་ཚིག་དོན་ཟབ་པར་ཡོང་། དེ་ལས་ལྡོག་སྟེ་འཆལ་གཏམ་དང་ལོང་བཤད་ཁོ་ནས་དུས་འདའ་ན་འབྲས་བུ་ཡང་དེ་ལས་དཔགས་པ་ཞིག་ལས་མི་འབྱུང་།
ཡིད་ཀྱིས་རབ་ལྟ་བ་སྟོང་ཉིད་དང་འབྲིང་སྙིང་རྗེ་སྒོམ་བཟླས་ལ་འབད་དགོས། དེ་ལྟར་མ་བྱུང་ནའང་ཐ་མ་རང་ཉིད་གནས་རི་རྩ་ཆེན་ཞིག་ལ་སྐོར་བ་འགྲོ་བཞིན་པ་ལས་དོན་མེད་རི་ཀླུང་ཉུལ་སྡོད་པ་ཞིག་མིན་པར་སེམས་ལ་བཟུང་དགོས།
དམ་ཚིག་སྲུང་ཚུལ་ནི། སྤྱིར་བཏང་གོང་གི་རྒྱལ་བའི་བཀའ་དང་འཕགས་པའི་ལུང་དེ་དག་ལ་ཡིད་ཆེས་དང་དད་པ་ཡོད་ནས་གནས་སྐོར་དང་མཆོད་འབུལ་བྱེད་ཀྱིན་ཡོད་ན། གནས་དེར་སླེབས་དུས་རང་བཞིན་གྱིས་དད་པ་དང་མོས་གུས་སྐྱེ་རྒྱུ་ཡིན་ཡིན་པ་རེད། མ་ཚད་གནས་སྐོར་སྐབས་སུ་གོང་ཞུས་ལྟར་བླང་དོར་ཇི་དགོས་ཤེས་ཐུབ།
དེ་མིན་ཡིད་ཆེས་དང་མོས་གུས་ཅང་མེད་ཀྱང་སྙན་གྲགས་དང་མི་ཁ་འགྲིམ་ཡ་ཙམ་ཞིག་ལ་ལྟ་ནས་རི་ཐང་བརྒྱ་ཕྲག་མང་པོ་རྐང་འོག་ཏུ་གནོན་གྱིན་རྒྱུག་སྡོད་ན་སོ་སོར་དཀའ་ལས་ཁག་ཡ་དང་ཕྱི་མར་སྡིག་པའི་རམ་འདེགས་ཡོང་རྒྱུ་ལས་གང་ཡང་མེད་པས། དེ་ལྟ་བུའི་གནས་སྐོར་འགྲོ་བ་ལས་གྱང་ཁུག་ཏུ་ཉི་མར་ལྡེ་སྡོད་ན་ལུས་སེམས་གཉིས་ཀར་ངལ་གསོ་འཐོབ། །