གནམ་བོན་གཤེན་པོ་ཆེ་ཞེས་པའི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཞུ་ཚང་བ།
དྲི་བ། གནམ་བོན་གཤེན་པོ་ཆེ་ཞེས་པའི་ཐ་སྙད་དེ་སྟོན་པ་གཤེན་རབ་ཀྱི་མཚན་གྱི་བྱེ་བྲག་ཅིག་རེད་དམ། ཡང་ན་གང་ཟག་གཞན་ཞིག་ཡོད།
ལན། གནམ་བོན་གཤེན་པོ་ཆེ་ཞེས་པའི་ཐ་སྙད་འདི་ཆོས་པའི་རྒྱལ་རབས་ཁག་ལས་ཐོན་པ་ཞིག་ལས་བོན་པོའི་རྒྱལ་རབས་ལོ་རྒྱུས་ཀྱི་དཔེ་ཆ་ནང་ནས་ད་བར་མ་མཇལ། ཆོས་པའི་རྒྱལ་རབས་ཁག་ནས་ཐ་སྙད་འདི་བེད་སྤྱོད་ས་གཙོ་བོར་སྒྲུང་ལྡེའུ་བོན་གསུམ་ཞེས་པའི་སྐབས་ཀྱི་བོན་ལ་བེད་སྤྱོད་ཡོད་པར་མང་། དཔེར་ན། (ཡར་ལུང་ཇོ་བོའི་ཆོས་འབྱུང་) དུ། “ཡབ་གྲི་གུམ་བཙན་པོའི་རིང་ལ་ཞང་ཞུང་དང་། བྲུ་ཤའི་བོན་པོས་གཤིན་གྱི་དུར་བོན་བྱུང་། སྲས་སྤུ་དེ་གུང་རྒྱལ་གྱི་རིང་ལ། སྐུ་མཁར་འཆིང་ང་རྟག་རྩེ་བརྩིགས། སྒྲུང་དང་ལྟེའུ་བྱུང་། གནམ་བོན་གཤིན་པོ་ཆེ་བྱུང་ངོ་། །” ཞེས་དང་། (དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་)སུ། “སྤུ་དེ་གུང་རྒྱལ་ཡབ་ཀྱི་རིང་ལ་ཞང་ཞུང་དང་། བྲུ་ཤའི་གཤེན་གྱི་དུར་བོན་བྱུང་ཞིང་། སྲས་ཀྱི་རིང་ལ་སྒྲུང་དང་ལྡེའུ་གནམ་བོན་གཤེན་པོ་ཆེ་བྱུང་།” ཞེས་སོགས་ཀྱིས་ངེས་སླ།
དེ་བཞིན་ (ཆོས་འབྱུང་མཁས་པའི་དགའ་སྟོན་) དུ། “མ་འོངས་སྔགས་དང་འདུལ་བ་འབྱུང་བའི་ལྟས། །གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་།” ཞེས་འབྲས་བུའི་བོན་འབྱུང་བའི་སྔ་ལྟས་སུ་གནམ་བོན་གཤེན་པོ་ཆེ་ཞེས་པ་བྱུང་སྐོར་ཞིག་བཤད་ཡོད་ཀྱང་། རིམ་པར་འཆད་སྐབས་དེའི་དོན་ནི་མུ་སྟེགས་ཀྱི་བོན་པོའམ་རྡོལ་བོན་སོགས་བྱུང་རབས་ལུང་པ་གང་བཤད་ཡོད་པ། དཔེར་ན། ཆོས་འབྱུང་མཁས་དགའ་རང་དུ་ “ཕྱི་མོས་མཚན་དུ་གྲི་གུམ་བཙན་པོར་གསོལ། །དེ་ཡི་བཙུན་མོ་གླུ་སྲིང་མེར་ལྕམ་ལ། །ཤ་ཁྲི་ཉ་ཁྲི་བྱ་ཁྲི་གསུམ་ཡང་བལྟམས། །དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས། །གུ་ར་ཝ་ཏ་ཅེས་བའི་ཡུལ་ཁམས་ནས། ། མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང་། །གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་། །གཤེན་ཡུལ་བོན་མོ་ལུང་རིང་ཞེས་ཟེར་བ་དབུས་ཀྱི་འོན་ཏུ་རུས་གཤེན་གྱི་བྱིས་པ་བོང་བུ་རྣ་བ་སྒྲིབ་པའི་ཕྱིར་བལ་ཐོད་བཅིངས་ཏེ་འདྲེ་མཆོད་པའི་རྡོལ་བོན་དར། ” ཞེས་སོགས་ཀྱིས་སྐབས་དེ་དག་ཏུ་བན་བོན་གཉིས་དེ་ཙམ་མཐུན་པོ་མེད་སྟབས་ལོ་རྒྱུས་ལ་ཆོས་ལུགས་ཀྱི་ཆགས་སྡང་བསྲེས་པ་ཤིན་ཏུ་མང་། ཡིན་ནའང་བོན་ཕྱོགས་ནས་གལ་ཏེ་གནམ་བོན་གཤེན་པོ་ཆེ་ཞེས་པའི་ཚིག་མཇལ་དུ་ཡོད་ཚེ། དེ་ནི་སྟོན་པ་གཤེན་རབ་ཁོ་ནར་གོ་བ་མིན་པར་གཤེན་རབ་ཀྱི་བསྟན་པའི་བོན་དང་དེ་འཛིན་གྱི་གཤེན་པོ་རྣམས་ལ་གོ་མི་ཆོག་པའང་མེད་སྙམ། རྒྱུ་མཚན་ནི། བོན་གཞུང་ཁག་ཏུ་གནམ་བོན་དང་། གཤེན་ཆེན་སོགས་ཀྱི་ཚིག་དང་དེ་དག་གི་གོ་དོན་གང་ཡང་གང་མང་མཇལ་ཐུབ་པས་སོ།། །།