གདུང་སེམས་མཉམ་དུ་བསྐྱེད་པ།
རྩོམ་བྲིས་པ། འདི་གའི་རྩོམ་སྒྲིག་པ་དགེ་མེ་ལོང་།
དུས་གཅིག་འབྱུང་བཞིས་ཡུལ་མིའི་བྲང་ཁ་གནན་ནས། །
སྐད་ངན་གླིང་བཞིའི་ཁམས་སུ་གཙེར་གཙེར་སྒྲོག་དུས། །
ལྷ་འབོད་ཀླུ་འབོད་མང་སའི་དགོན་པའི་གཟུགས་བརྙན། །
ཡ་ཀིར་ཧྲང་ངེར་འགྱིང་དུས་སེམས་པ་གསོན་སོང་། །
སྣང་བ་ཕྱི་རུ་སྟོན་ལ་ཞེན་པ་ལོག་ནས། །
རིག་པ་ནང་ནས་བསྐྱེད་ན་ཨི་དྲགས་བསམ་ཡང་། །
དམིགས་པའི་གྲངས་ཀ་དེ་ལ་ཁྲིགས་སེ་མེད་དུས། །
གཅེས་འཛིན་རང་སར་གྲོལ་བའི་ལམ་ནང་ཕྱིན་ཡོད། །
མི་རྟག་ཕར་ལ་བཤད་པའི་ལྕེ་རྩེའི་མེ་ལྕེས། །
རང་ཉིད་ཚུར་ལ་འཚིག་པའི་མིག་ཆུ་རློན་པ། །
སེམས་དང་ལུས་པོའི་གཞུང་ནས་ཤག་ཤག་བབ་ཀྱང་། །
བདེན་མེད་རོ་ཡི་བྲོ་བས་སེམས་རྩ་དྲོས་སོང་། །
གདུང་སེམས་ཚེར་མའི་རྣོ་ཡིས་ལུས་པོ་གཤག་ཀྱང་། །
ཀློང་དུ་ཐིམ་པའི་བེམ་པོ་གསོན་རེ་མེད་པས། །
སྨོན་ལམ་ཡིད་ཀྱིས་བཏབ་པའི་ཞིང་ཁམས་དེ་ནས། །
མེ་ཏོག་པད་མའི་ལྷན་དུ་འོད་སྐུར་གྲོལ་ཤོག །
རྒྱ་གྲོང་ཐལ་བ་འཚུབ་པའི་སྣང་བརྙན་རེ་རེས། །
འདས་པོའི་གྲངས་ཀ་སྤར་བའི་གྲབས་སྡོག་བྱེད་བཞིན། །
ཁ་ཆག་སྣ་རལ་ཅན་པོས་མདུན་ངོས་བཀང་དུས། །
རང་བྱུང་སྙིང་རྗེའི་རླབས་ཀྱིས་ལུས་པོ་འདར་སོང་། །
འབྱུང་བའི་གཤེད་ཀྱིས་གཙེས་པའི་སེམས་ཅན་རེ་རེའི། །
དད་པའི་ལྕགས་ཐག་དེ་ལ་གས་སྲུབ་མེད་ན། །
སངས་རྒྱས་མི་རུ་བཞེངས་པའི་བླ་མ་གྲྭ་པའི། །
ཐུགས་རྗེའི་འོད་ཀྱིས་འཇིག་རྟེན་གཅིག་ཏུ་བཟུང་འདུག །
སྙིང་རྗེའི་རི་མོ་དེ་ལ་ཟས་གོས་མེད་ཅིང་། །
གདུང་ཚོར་སེམས་པ་དེ་ལ་གནས་མལ་མེད་ཀྱང་། །
བརྩེ་བའི་མིག་ཟུང་དེ་གཉིས་འོད་ཟེར་ཡིན་པས། །
ཤ་རུས་གསེང་ནས་ཁོལ་བའི་དྲོད་ཅིག་རྙེད་ཡོང་། །
འབྱུང་བའི་ཀློང་དང་འདྲེས་པའི་རྟེན་གསུམ་དེ་ཚོ། །
རང་གི་འཇིགས་པ་སྐྱོབ་པའི་ཡུལ་དུ་བྱས་ཀྱང་། །
ཐམས་ཅད་འདུས་བྱས་ཡིན་པའི་གཤིས་ལུགས་ཉུག་ནས།།
དད་པའི་རྟོད་ཕུར་དེ་ལ་འཕོ་འཆུག་མ་གནང་། །
མདོར་ན་ད་རེས་འབྱུང་བཞིའི་ཐིམ་རིམ་རྫོགས་པའི། །
གཤིན་པོའི་རྣམ་ཤེས་བདེ་བའི་ས་རུ་སླེབས་ཤིང་། །
གསོན་པོའི་བདེ་སྐྱིད་སླར་ཡང་རང་སོར་ཡོང་བའི། །
བསམ་དོན་སྨོན་ལམ་དགེ་བའི་སྐུལ་མས་ཞུས་སོ། །
མེ་ལོང་འཕྲིན་སྟེགས་ནས་ཕྱི་ལོའི་ ༢༠༡༥ ཟླ་ ༠༤ ཚེས་ ༢༥ ཉིན།