གཏེར་དུ་མ་སོང་བའི་བོན་དཔེ་གང་ཡོད་དམ།
རྩོམ་བྲིས་པ། གཤིས་ཀ་འཚོལ་བ་སོགས། དྲི་བ་གཏོང་མཁན། ཧི་མ་ལ་ཡའི་རྒྱལ་སྲས།
དྲི་བ། བོན་ལུགས་སུ་གཏེར་དུ་མ་སོང་བའི་དཔེ་ཆ་གང་དང་གང་ཡོད་དམ། ཞལ་རྒྱུན་ཙམ་མིན་པར་ལུང་རིགས་གང་རུང་གི་རྒྱབ་རྟེན་ཡོད་པ་ཞིག་གསུང་གནང་རོགས།
ལན། གཏེར་དུ་མ་སོང་བའི་བོན་ནི་ཞང་ཞུང་སྙན་བརྒྱུད་འདི་ཡིན་ཏེ། སྙན་རྒྱུད་བླ་མའི་ཐར་ལས། “ད་ལྟ་ཡང་བོན་ཞང་ཞུང་སྙན་བརྒྱུད་གཏེར་དུ་མ་ནུབ་ཅིང་། བྱིན་རླབས་ཆེ་བ་ཡང་དེ་ཙུག་ལགས་སོ། ། ” ཞེས་གསུངས་པ་སོགས་རྒྱུ་མཚན་དུ་མ་བཀོད་པས་སོ། །
_____གཤིས་ཀ་འཚོལ་བ་ནས།
རིག་པའི་ཐོག་ནས་དཔྱད་ན་ཨ་ཙ་ར་མི་གསུམ་གྱིས་ཕྱི་ལོ་ ༩༡༣ ལོར་བསམ་ཡས་ནས་བརྐུས་པའི་བོན་སྡེ་དེ་རྣམས་གཏེར་མ་ཡིན་ཟེར་དགོས་ན་ཁག་པོ་རེད། གང་ཡིན་ཟེར་ན་ཨ་ཙ་ར་མི་གསུམ་བསམ་ཡས་སུ་གནས་ཚང་གཡར་ནས་སྡོད་སྐབས་བོན་སྡེ་དེ་རྣམས་ཁོ་པ་ཚོ་སྡོད་སའི་ལྷ་ཁང་དེའི་སྒྲོམ་ཞིག་གི་ནང་དུ་སྒོ་དམ་པོར་བྱས་ནས་བཞག་པ་ཙམ་ལས་ས་འོག་ཏུ་སྦས་ཡོད་ཚུལ་གྱི་གནད་དོན་གང་ཡང་མི་གསལ། དེ་ནས་ཁོ་ཚོས་གསེར་དུ་རློམ་ནས་བརྐུས་ཏེ་བྲོས་བྱོལ་བྱས་ཤིང་། དཔེ་ཆ་རྣམས་རིམ་བཞིན་ཅ་དངོས་ཟས་རིགས་ལ་བརྗེ་བོ་བརྒྱབ་ནས་མི་ལག་ཏུ་སོང་བ་ཞིག་ཡིན་ཚུལ་གསལ། དེ་ཕྱིར་བོན་སྡེ་དེ་རྣམས་ཁྲི་སྲོང་སྐབས་སྤྱོད་མ་ཆོག་ནས་གནས་སྐབས་ཁང་པའི་ནང་དུ་ཉར་ཚགས་བྱས་པ་ཙམ་ལས་གཏེར་དུ་སྦས་ཟེར་དགོས་ན་ངོ་མ་ཁག་པོ་རེད་ལ། ཁོ་པ་གསུམ་གྱིས་གཏེར་ཐོན་ཟེར་དགོས་ན་དེ་བས་ཀྱང་ཁག་པོ་རེད། གལ་སྲིད་དེ་ཚོ་གཏེར་སྟོན་ཡིན་ན་དེང་སང་ལྷ་ཁང་ཁག་གི་ནང་དུ་ཉར་ཚགས་དམ་པོར་བྱས་པའི་དཔེ་ཆ་དག་རྐུ་བའི་རྐུ་མ་ཚོ་ཡང་གཏེར་སྟོན་ཡིན་པ་ཐལ་ལོ། མདོར་ན་ཁོ་བོས་བསམ་པར་གཏེར་དུ་མ་སོང་བའི་བོན་དཔེ་དེ་ཚོ་ཡིན་པ་འདོད་ན་རིག་པས་སྐྱོན་གང་ཡང་མི་འདུག་སྙམ།
གཞན་ཡང་གཏེར་དུ་འགྲོ་མ་མྱོང་བ་སྣང་གཞེར་ལོད་པོས་ཉར་ཚགས་གནང་བའི་ཞང་ཞུང་སྙན་བརྒྱུད་དང་མེ་རི་སོགས་དང་། མུ་ཟི་གསལ་བཟང་རྨ་རི་དེལ་གསུམ་དུ་འགོག་པ་བཞུགས་སྐབས་བདག་ཉར་གནང་བའི་འདུལ་བ་རྒྱུད་དྲུག་བཅས་དཔེ་འགའ་ཡོད་ཚུལ་གསལ།
_____ཞང་ཚུལ་མི་ནས།
སྤྱིར་བཏང་གཏེར་སྟོན་གྱི་ས་མཚམས་དེ་ཁག་ཚད་ཅིག་འདུག ཨ་ཙ་ར་མི་གསུམ་གྱིས་ཁྱེར་བའི་བོན་སྡེ་དེ་དག་གི་གཏེར་སྟོན་ངོ་མ་ཞིག་འཇོག་དགོས་ན། ཁོ་ཚོས་ཐོག་མར་བཙོང་སའི་བོན་པོ་མཐའ་ཞུ་འཕྲུལ་གསས་ཞུ་བ་ཁོང་ཡིན་དགོས་པ་འདུག དེའང་སྲིད་རྒྱུད་ལས། “འཕྲུལ་གསས་སྒམ་པོའི་སྤྲུལ་པ་ནི། །མཐའ་ཞུ་འཕྲུལ་གསས་བྱ་བ་འབྱུང་། །སྦས་པའི་གཏེར་སྒོ་ཕྱེད་པ་འོང་། །” ཞེས་ལེགས་བཤད་མཛོད་ལས་གསུངས་ཡོད། འདུལ་བ་རྒྱུད་དྲུག་སྟོད་ལུགས་དང་སྨད་ལུགས་གང་ཡིན་ནམ་མ་ཤེས་ཀྱང་། ཨ་ཙ་ར་གསུམ་གྱིས་ཁྱེར་ཡོང་བའི་སྟག་གྲོའི་ནང་ནས་འདུལ་བ་རྒྱུད་དྲུག་བྱུང་། ཞེས་གསུངས། དེ་མིན་ལེགས་བཤད་མཛོད་ལས་ཕྱི་དར་གྱི་བོན་ལ་བཀའ་མ་དང་གཏེར་མ་གཉིས་ཞེས་པའི་བཀའ་མའི་ཁོངས་སུ་བྱོན་པ་རྣམས་གཏེར་དུ་མ་སོང་བའི་བོན་སྡེར་བཞེད་དགོས་སམ།
_____ཧི་མ་ལ་ཡའི་རྒྱལ་སྲས་ནས།
ལོ་རྒྱུས་ལ་བལྟས་ན། འདུལ་དྲུག་དབུས་གཏེར་ནས་ཐོན་ཚུལ་ཞིག་ཡོད་མོད། གཏེར་དུ་མ་སོང་བ་དེ་སྟོད་ལུགས་འདུལ་དྲུག་ཟེར་འདུག ཡིན་ནའང་མཁས་པ་རྣམས་ཀྱིས་འདོད་ཚུལ་ལ་གཏེར་དུ་མ་སོང་བ་དེ་ད་ལྟའི་འདུལ་དྲུག་འདི་རེད་གསུང་བཞིན་ཡོད་པ་འདྲ།
_____རིས་མེད་པ་ནས།
ཞུང་ཞུང་སྙན་རྒྱུད་དང་སྙན་རྒྱུད་རིགས། མེ་རི་བཀའ་མ། སྟོང་གསུམ་འཁྲུགས་པ་ཡོ་བཅོས་སོགས། ད་དུང་འདུལ་བ་རྒྱུད་དྲུག་ཀྱང་ཡིན་གསུངས་འདུག
_____མར་དཀར་རིལ་བུ་ནས།
འདུལ་བ་རྒྱུད་དྲུག་མུ་ཟིས་སོག་སྟོན་ལ་གསུངས་ཡོད་པར་འདུག་མོད་དེ་ཕར་ཆེར་དེང་ཨི་ཡོད་ན་སྙམ། གཞན་དག་རྨ་གཏེར་འདུལ་བ་རྒྱུད་དྲུག་དེ་ཡིན་གྱིན་རེད། འདུལ་བ་རྒྱུད་དྲུག་ལ་ཨ་ཙ་ར་དང་རྨ་སྟོན་གཏེར་མ་སོགས་ཡོད་ས་རེད། མུ་ཟིས་འདུལ་བ་རྒྱུད་དྲུག་གསུངས་ཚུལ་འདུག་མོད། ནམ་རྒྱུན་མཁས་པ་ཚོས་མུ་ཆོའི་ཁྲོམ་འདུར་ཡང་གཏེར་དུ་མ་སོང་བའི་བོན་སྡེ་ཡིན་ཟེར་འདུག ད་དུང་ཁོ་བོས་ཀུན་འབུམ་གོ་འབྱེད་དེའང་ཡིན་ས་རེད་སྙམ། རྒྱུ་མཚན་ནི་གཏེར་སྟོན་རྣམ་པས་བཏོན་པའི་གཏེར་བྱང་ནང་དུ་འཁོད་མི་འདུག་ལ། དེ་དང་འདྲ་བར་ད་དུང་ཀླུ་འབུམ་གྱི་རིགས་ཁ་ཤས་ཀྱང་ཡོད་ས་རེད་སྙམ།
སྤྱིར་བཏང་བོན་རྙིང་མའི་གཏེར་སྟོན་མང་ཆེ་བ་ནི། གཏེར་དཔེ་རྣམས་གཏེར་སྟོན་དང་གཏེར་སློབ་སུས་བཤུས་ནས་བཤུ་ཆོག་ཆོག་ཡོད་རྩང་དེ་ཚོ་ཚང་མ་གཏེར་མའི་ཁུངས་སུ་བརྩིས་བཞག་པ་ཡིན་ས་རེད། གཏེར་མ་རེད་ཅེས་ཟེར་ན་མི་འགྲིག་པ་གང་ཡང་མེད་སྙམ། རྒྱུ་མཚན་ནི་ཏུང་ཧོང་གི་བྲག་ཕུག་ཏུ་ཡོད་པ་ལ་ཏུང་ཧོང་གཏེར་ཡིག་ཟེར་བཞིན་པ་དང་གཅིག་མཚུངས་རེད།
དེ་མིན་གཏེར་དུ་མ་སོང་བ་ཡིན་སྙམ་པ་ནི་ཞང་ཞུང་སྙན་རྒྱུད། ཉམས་རྒྱུད་རྒྱས་འབྲིང་བསྡུས་གསུམ། མེ་རི་བཀའ་མའི་རྒྱུད་དང་སྒྲུབ་སྐོར། གཙུག་ལག་དཔལ་འབུམ་དཀར་པོ། རིན་ཆེན་ཀུན་འབུམ་ཁྲ་བོ། ཡེ་དབང་རིགས་ལྔའི་རྒྱུད་གཟུངས། ཨུད་དུ་འབར་བའི་ཏོག་གཟུངས། མུ་ཆོའི་ཁྲོམ་འདུར། འདུལ་བ་རྒྱུད་དྲུག་བཅས་མཁན་ཉི་མའི་བཀའ་བརྟེན་འགྱུར་གྱི་དཀར་ཆག་ནས་རྙེད་པ་དེ་རྣམས་ཡིན། གོང་གི་ཡེ་དབང་རིགས་ལྔའི་རྒྱུད་གཟུངས་ཞེས་པ་ནི་ཕལ་ཆེར་ཀུན་འབུམ་གོ་འབྱེད་ཡིན་རྒྱུ་རེད་སྙམ།
_____ཞང་ཞུང་ཁྱུང་ལུང་དངུལ་མཁར་བ་ནས།
འདུལ་བ་རྒྱུད་དྲུག་ལ་གཏེར་མ་མ་ཡིན་པ་དང་། གཏེར་མ་གཉིས་སུ་ཡོད་པའི་ཚོད་འདུག གཏེར་མ་མ་ཡིན་པ་ནི་ཁྲི་སྲོང་གིས་བོན་བསྣུབས་སྐབས་བོན་གཤེན་གསུམ་གྱིས་རྟག་གཟིགས་སུ་ཁྱེར་ནས་རྗེས་སུ་ལ་སྟོད་ཕྱོགས་ནས་དར་བའི་འདུལ་བ་དེ་ཡིན་པར་སྙམ། གཏེར་མ་ནི་བསམ་ཡས་ནས་ཐོན་པའི་བོན་གཏེར་ནང་དུ་ཕྱི་ཡི་བོན་འདུལ་བ་རྒྱུད་དྲུག་སོགས་ཡོད་པར་སྒ་སྟོན་གཏེར་གྱི་ཁ་བྱང་ལས་ཁ་གསལ་མང་པོ་གསུངས་འདུག རྒྱུད་དྲུག་དེའི་མཚན་ཡང་ད་ལྟར་བཞུགས་པའི་འདུལ་བ་རྒྱུད་དྲུག་དང་གཏན་ནས་མི་འདྲ་བ་ཡོད་པ་རེད། སྤྱིར་འདུལ་བ་རྒྱུད་དྲུག་ལ་མཚན་གྱི་རྣམ་གྲངས་བགྲང་ཚུལ་མི་འདྲ་བ་གསུམ་ཙམ་ཡོད་ཚོད་འདུག
_____སྒོང་སྐྱེས་ནས།
འདུལ་བ་རྒྱུད་དྲུག་བགྲང་ཚུལ་མི་འདྲ་བ་དག་འདི་ལྟར། སྤྱིར་བཏང་འདུལ་བ་རྒྱུད་དྲུག་ལ་སྟོན་པའི་བཀའ་དང་། དེ་ཡི་དགོངས་འགྲེལ་གདུང་སོབ་མུ་ཆོའི་བཀའ་བརྟེན་གཉིས་སུ་ཡོད་ཅིང་། བཀའ་དེ་ལ་ཁྱད་པར་དང་རྣམ་གྲངས་མི་འདྲ་བ་དུ་མ་ཞིག་ཡོད་པར་མངོན་ཏེ། ལྷ་སྲས་པར་མའི་བཀའ་འགྱུར་ནང་གི་རྒྱུད་དྲུག་རྩ་བ་བཱ་ག་ཡངས་མ་ཀུན་འབྱུང་དབྱིངས་དག་གི་རྒྱུད་ཤོག་གྲངས་ ༢༦ ལས། ༡) ཕལ་ཆེན་སྡོམ་བྱེད་དམ་པའི་རྒྱུད། ༢) དུས་ཆེན་དུས་བཙན་སྡོམ་བྱེད་རྒྱུད། ༣) ཡོངས་རྫོགས་རྣམ་དག་སྡོམ་བྱེད་རྒྱུད། ༤) སོ་ཐར་བྱེ་བྲག་འབྱེད་སྡོམ་རྒྱུད། ༥) གཅིག་ཉམས་གཅིག་ལེན་ལས་སྡོམ་རྒྱུད། ༦) སྤྱི་ལྟོས་འགོག་པ་ཕྱོགས་སྡོམ་རྒྱུད། ཅེས་གསུངས་པ་དང་། རྗེ་བཙུན་ཁྲོ་ཚང་གི་གཏེར་མ་ << བྱམས་མ་ཆེན་མོ་རྩ་བའི་འབུམ>> ཁྲི་བརྟན་ནོར་རྩེའི་དཔེ་མཛོད་ཅན་ཤོག་གྲངས་ ༢༠ ལས། ༡) གཡུང་དྲུང་གསལ་སྨྲ་ཡོད་ཁམས་ཀྱི་རྒྱུད། གཡུང་དྲུང་གསལ་བ་འོད་གླིང་དུ་གསལ་བ་འོད་ལྡན་ལ་བཤད་པ་དང་། ༢) གཡུང་དྲུང་བརྟེན་པ་ལྷ་ཡི་རྒྱུད། ལྷ་ཡི་དྲང་སྲོང་རྣམས་ལ་བཤད་པ་དང་། ༣) གཡུང་དྲུང་རྨད་དུ་བྱུང་བའི་རྒྱུད། གཡུང་དྲུང་ཁྱིམ་བདུན་དུ་གཙུག་གཤེན་རྒྱལ་བ་ལ་བཤད་པ་དང་། ༤) གཡུང་དྲུང་ཕལ་ཆེར་འདུལ་བའི་རྒྱུད། མེ་ཏོག་གླིང་དུ་བཙུན་པ་ཁྱབ་པ་ལ་བཤད་པ་དང་། ༥) གཡུང་དྲུང་ཁྲི་སྨོན་རྒྱལ་བའི་རྒྱུད། ཁྲི་སྨོན་རྒྱལ་བཞེད་དུ་གཏོ་བུ་འབུམ་སངས་ལ་བཤད་པ་དང་། ༦) གཡུང་དྲུང་ཁོང་མ་དག་པའི་རྒྱུད། ཁོ་མ་ནེ་ཆུང་དུ་སྲས་མོ་གཤེན་ཟ་ནེ་ཆུང་ལ་སོགས་དག་པ་དྲང་སྲོང་མོ་རིགས་སྡེ་ལ་བཤད་པ་དང་དྲུག ཅེས་གསུངས་པ་འདི་ནི་གཤེན་རབ་ཉིད་ཀྱིས་བསྟན་པར་གསལ།
བསམ་ཡས་ནས་ཨ་ཙ་རས་གཏེར་བཏོན་པའི་འདུལ་བ་རྒྱུད་དྲུག་བོན་གྱི་དཔེ་དཀོན་ཕྱོགས་བསྒྲིགས་ནང་གི་ << སྒ་སྟོན་གཏེར་གྱི་ཁ་བྱང་ >> ཤོག་གྲངས་༨༡ ལས་གསལ་བ་ལྟར་ན། ༡) འདུལ་བོན་ཡེ་ཁྲིམས་རྒྱུད་དང་གཅིག ༢) འདུལ་བོན་མཚན་གསང་རྒྱུད་དང་གཉིས། ༣) འབུམ་ཁྲིམས་འབུམ་སངས་རྒྱུད་དང་གསུམ། ༤) འདུལ་ཁྲིམས་ཁུངས་ལུང་རྒྱུད་དང་བཞི། ༥) འདུལ་ཁྲིམས་གཙང་ཁོག་རྒྱུད་དང་ལྔ་། ༦) འདུལ་བ་ཤན་བཙུན་བོན་དང་དྲུག ཅེས་གསུངས།
ཡང་སྤྲུལ་སྐུ་བློ་ལྡན་སྙིང་པོའི་སྙན་རྒྱུད་ << དྲི་མེད་གཟི་བརྗིད་ >> བོད་ལྗོངས་དཔར་མའི་པོད་ ༡༢ པའི་སྲུང་ཁྲིམས་རྩ་མདོ་ཤོག་གྲངས་ ༩ ལྟར་ན། ༡) ཀུན་འབྱུང་དབྱིངས་དག་བོན་ཉིད་ལྟ་བའི་རྒྱུད། ༢) སྙོམས་འཇུག་འགོག་པ་ཏིང་འཛིན་སྒོམ་པའི་རྒྱུད། ༣) རྣམ་དག་དྲི་མེད་དཀའ་ཐུབ་སྤྱོད་པའི་རྒྱུད། ༤) བསླབ་པ་སུམ་ལྡན་དམ་ཚིག་སྡོམ་པའི་རྒྱུད། ༥) ངོ་མཚར་དོན་མཆོག་ཡིད་བཞིན་འབྲས་བུའི་རྒྱུད། ༦) གཡུང་དྲུང་སྤྱོད་འཇུག་ངོ་མཚར་ཕྲིན་ལས་རྒྱུད་དང་དྲུག་ནི་སྟོན་པ་གཤེན་རབ་དཀའ་བ་རྣམ་གསུམ་སྤྱད་རྗེས་སུ་འདུས་པའི་འཁོར་རྣམས་ཁྱིམ་སྤང་རབ་ཏུ་བྱུང་བའི་ཕྱིར་འདུལ་བ་ཁྲིམས་ཀྱི་གླིང་གསས་ཁང་བ་རབ་གསེར་གླིང་དུ་གསུངས་པ་བཅས་གྲངས་རིམ་བགྲང་ཚུལ་མི་འདྲ་བ་བཞི་ཙམ་མཆིས།
ཡང་ན་འདུལ་བ་སྟོད་ལུགས་དང་། སྨད་ལུགས་གཉིས་སུ་ཕྱེས་པའི་འདུལ་བ་རྒྱུད་དྲུག་གཉིས་ཡོད་པར་མངོན་ཏེ། ཀུན་མཁྱེན་ཉི་མའི་ཤེར་ཕྱིན་སྐབས་དང་པོ་ལས། “རྒྱུད་དྲུག་ནི། འདུལ་བ་སྨད་ལུགས་ལྟར་ན།” ཞེས་གསུངས་ནས་ད་ལྟ་ཡོད་པའི་བཀའ་འགྱུར་གྲལ་གྱི་འདུལ་བ་རྒྱུད་དྲུག་གི་རྣམ་གྲངས་འདི་བགྲངས་ཡོད་པས་ཤེས་ནུས་སོ།། །།
_____ཏི་སེའི་བུ་ནས།