ཁྲོ་གཞུང་ལས་རྔམ་པའི་གར་དགུ་ཞེས་པ་གང་ཡིན་ནམ།
རྩོམ་བྲིས་པ། དགེ་བཤེས་བློ་གྲོས་རབ་གསལ། དྲི་བ་འདོན་མཁན། ལྡོང་སྐྱ་ལི།
དྲི་བ། ཁྲོ་གཞུང་ལས་རྔམ་པའི་གར་དགུ་ཞེས་པ་གང་ཡིན་ནམ།
ལན། བོན་སྤྱོད་གསང་སྔགས་དང་ཁྲོ་གཞུང་ལས་ཡིད་དམ་དྲག་པོ་རྣམས་ཀྱི་ཆ་ལུགས་བཤད་སྐབས་རྔམ་པའི་གར་དགུ་ཞེས་པ་དེ་ཚོའི་སྐོར་༧སྨན་རིའི་དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱིས་བརྩམས་གནང་བའི་(གནའ་བོའི་ཞང་བོད་ཚིག་མཛོད)ལས་དྲངས་ན། “ལྷ་ཁྲོ་བོའི་རིགས་ལ་ཚང་དགོས་པའི་ཁྱད་བོན་ཏེ། སྤྱན་ལྡོག་པ། སྙན་གདེང་བ། ཤངས་གཉེར་བ། ཞལ་གདངས་བ། ཚེམས་གཙིགས་པ། ལྗགས་འདྲིལ་བ། རྐན་རྡེབ་པ། ཡུམ་འཁྲིལ་བ། གཟིངས་བསྟོད་པ་བཅས་སོ།། ཡང་ན། རྒྱན་དང་ཆ་ལུགས་ལྡན་པའི་སྒེག་ཉམས། བདུད་བཞི་གདན་དུ་བཏིང་བས་དཔའ་ཉམས། སྐུ་ཆེ་ཡན་ལག་རགས་པས་འཇིགས་ཉམས། གཡས་ཞལ་དཀར་ལ་འཚེར་བས་བཞད་ཉམས། གཡོན་ཞལ་དམར་ལ་གདངས་པས་བརྗིད་ཉམས། དབུས་ཞལ་མཐིང་ལ་ནག་པས་གཏུམ་ཉམས། དུག་གསུམ་ཞལ་དུ་བསྲོ་བའི་ཁྲོ་ཉམས། རྒྱུད་དྲུག་ཐུགས་རྗེས་སྒྲོལ་བའི་སྙིང་རྗེའི་ཉམས། སྟོང་ཞིང་མཚན་མ་མ་གྲུབ་པའི་གསལ་ལ་དྭངས་པའི་ཉམས་བཅས་སོ། “ཞེས་གསུངས་འདུག་པ་ལྟར་ཡིན། །