ཁྲིག་ཆོད་དང་ཐོད་རྒལ་སྐོར་གྱི་དྲི་བ།
དྲི་བ་གནང་མཁན། ཡེ་ཤེས་རྒྱལ་བ། ལན་གནང་མཁན། ཨར་ལྟ་བླ་མ།
དྲི་བ། ཁྲིག་ཆོད་དང་ཐོད་རྒལ་གཉིས་ཀྱི་སྐོར་དམིགས་བསལ་རང་གཞུང་དུ་གསལ་ཁ་ཅན་མཇལ་མྱོང་མཁན་ཡོད་ན་གསུང་རོགས།
ལན། བླ་མེད་རྫོགས་པ་ཆེན་པོ་ལ། ཁྲིག་ཆོད་དང་ཐོད་བརྒལ་གཉིས་ལས། སྤྱིར་གང་ཟག་དབང་རྟུལ་རིམ་ཅན་རྣམས་ལ་ཁྲིག་ཆོད་དང་། གང་ཟག་དབང་རྣོ་ཅིག་ཆར་བ་རྣམས་ཀྱིས་ཁྱད་དུ་ཐོད་བརྒལ་གསུངས་ཡང་། གང་ཟག་བློ་འབྲིང་ཐོད་རྒལ་བ་རྣམས་ཀྱིས་ཡང་དང་པོ་མཉམ་བཞག་ལ་བརྟན་པ་ཐོབ་ན། དེ་ནས་ཐོད་བརྒལ་ཉམས་སུ་ལེན་ཚུལ་དང་། ཡང་བློ་རབ་ཀྱིས་གཉིས་ཀ་གཅིག་ཉམས་སུ་ལེན་ཏེ། ནང་ཁྲིག་ཆོད་ཀྱི་ཉམས་ལེན་དང་ཕྱི་ཐོད་བརྒལ་གྱི་ཉམ་སྣང་གཉིས་རིམ་བཞིན། དང་པོ་ཕྱིའི་སྣང་བ་མཐོང་ཚུལ་ནི། རྩེ་གཅིག་ཏུ་ཉམས་སུ་བླངས་པས། དུས་ཇི་ཞིག་ལ་སྣང་བ་འཕེལ་བའི་ཉམས་སྣང་འཆར་སྟེ། ཤེལ་མདོག་རིག་པའི་ཐིག་ལེ་སྲན་མ་ཙམ་ནས། ཐིག་ལེ་དེ་དག་གི་དཀྱིལ་ན་ལྷ་སྐུའི་རྣམ་པ་སྣང་ཙམ་གཡོ་འགུལ་འཐོར་འདྲིལ་དང་བཅས་ཀྱི་བར་དང་།
གཉིས་པ་ནང་གི་ཉམས་མྱོང་སྐྱེ་ཚུལ་ནི། དེའི་དུས་སུ་རྩེ་ཅིག་གི་ཉམས་འཆར་སྟེ། ཤེས་པ་གསལ་ལ་མི་འཕྲོ་བ་དྭངས་སིང་ངེ་བ་གནས་པའི་ཉམས་སྟོང་རིག་མ་བུ་འཕྲོད་པའི་དུས་སུ། དེའི་དུས་སུ་ཐུན་སྒོམ་ཟད་སར་སྐྱོལ་བའོ།།
གཉིས་པ་མཆེད་པའི་ཚུལ་ལ། དེ་དག་གི་དཀྱིལ་ན་གཟུགས་སྐུའི་རྣམ་པ་འཕྲ་མོའམ། ཡིག་འབྲུའམ། མཆོད་རྟེན་ལ་སོགས་གང་ཡང་རུང་བའི་གཟུགས་རྣམ་པ་སྣ་ཚོགས་དང་། ཤར་བ་རྣམས་སྔར་བས་དལ་ཞིང་གཡུང་བའོ། གཉིས་པ ནང་གི་ཉམས་མྱོང་སྐྱེ་ཚུལ་ནི། གོང་གི་རྩེ་ཅིག་གི་ཉམས་སྲབ་མོ་དེ་ཉིད་སྤྲོས་བྲལ་གྱི་ཉམས་འཆར་སྟེ། བསྒོམ་པའི་ངང་སྒོམ་སླེབས་པ་ཡིན་ནོ།།
གསུམ་པ་རྒྱས་པའི་ཚུལ་ལ། དང་པོ་ཕྱིའི་སྣང་བ་མཐོང་ཚུལ་ནི། གོང་གི་སྣང་བ་དེ་དག་གི་ནང་ནས་མཆོག་གི་འོད་གསལ་ཅུང་ཟད་མངོན་དུ་ཤར་ཏེ། དེ་ལྟར་གྱི་མ་དག་པ་མེ་ཆུ་ས་རླུང་གི་སྣང་བ་རང་རྒྱུད་འདི་འགགས་ནས། དག་པ་སྐུའི་ས་བོན་དང་། ཞིང་ཁམས་ཀྱི་སྣང་བ་འཆར་ཏེ། འོད་ལྔའི་ཐིག་ལེ་སྦ་ཕུབ་ཙམ་དང་། དཀྱིལ་ན་སྐུའི་རྣམ་པ་དོད་ཙམ་དང་ཕྱེད་རྫོགས།དབུ་དོད་པ་དང་། ས་བོན་ཡིག་འབྲུ་གསལ་བ་ལ་སོགས་འོད་ཟེར་ཉག་ཐག་དང་བཅས་པ། ཐམས་ཅད་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་མང་ཉུང་སྣང་ཡུལ་གང་བར་འབྱུང་ཏེ། དེ་ལྟར་གྱི་སྣང་བ་དེ་དག་རེས་འགའ། གཡོ་འགུལ་མེད་པར་གནས་ཅིང་། རེས་འགའ་ཅུང་ཙམ་འདྲིལ་བའོ།།
གཉིས་པ་ནང་གི་ཉམས་མྱོང་སྐྱེ་ཚུལ་ནི། གོང་གི་སྤྲོས་བྲལ་རང་གྲོལ་གནས་ཆ་འཐུག་པོ་དང་བཅས་པ་དེ་ཉིད། ཇེ་ལྟར་ཅིག་ལ་རིག་པ་གཞི་མེད་ཡེ་སྟོང་རྩ་བྲལ་ཆེན་པོ་ཅིག་ཏུ་ཧར་གྱིས་སོང་ནས། ཕྱི་ནང་ཡུལ་ཤེས་འཁོར་འདས་ཅི་བྱུང་ཅི་ཤར་ཐམས་ཅད་ཁོའི་ངང་དུ་རོ་གཅིག་པ་གཅིག་འབྱུང་བས། སངས་རྒྱས་ཀྱི་དགོངས་པ་ལ་ཕྱེད་སླེབ་ཙམ་ཡིན་པས། ངང་བསྒོམ་ཟད་སར་སྐྱོལ་ནས། ཀློང་བསྒོམ་འགོ་ཟུག་པ་ཡིན་ནོ།།
བཞི་པ་སྣང་བ་རྫོགས་པའི་ཚུལ་ལ། དང་པོ་ཕྱིའི་སྣང་བ་མཐོང་ཚུལ་ནི། མཆོག་གི་འོད་གསལ་མངོན་དུ་གྱུར་སྟེ། སངས་རྒྱས་ཀྱི་སྐུ་དང་ཞིང་ཁམས་རང་ལ་ལྷུན་གྲུབ་དུ་ཡོད་པ་དེ་ཉིད། གབ་སྦས་མེད་པར་མངོན་དུ་འཆར་ཏེ། དེ་ཡང་རང་སྣང་དག་པས་ཞི་རྒྱས་དབང་དྲག་གི་དཀྱིལ་འཁོར་དང་། དེའི་དཀྱིལ་ན་རིགས་ལྔ་རྫོགས་པར་བཞུགས་པ་དང་། དེའི་དུས་ཀྱི་གཞལ་ཡས་འོད་དང་ཐིག་ལེ་ཟེར་དང་ཉག་ཐག་སྐུ་དང་བཅས་པ་ཐམས་ཅད་གཡོ་འགུལ་མེད་པར་གནས་པ་འབྱུང་བའོ།།
གཉིས་པ་ནང་གི་ཉམས་མྱོང་སྐྱེ་ཚུལ་ནི། དུ་མ་རོ་གཅིག་དགེ་སྦྱོར་ཉམས་རྟོགས་ཀྱི་རློམ་པ་ཅུང་ཙམ་དང་བཅས་པ། དེ་ཉིད་ཅི་ཞིག་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་བློ་རྩོལ་ཐམས་ཅད་སེམས་སུ་གྲོལ་ནས། བསྒོམ་མེད་ཀྱི་ངང་ལ། རིག་པ་རྒྱུན་ཆགས་སུ་གནས་ཞིང་། དེ་ལས་མི་འདའ་བར་འབྱུང་སྟེ། སངས་རྒྱས་ཀྱི་ས་ལ་སླེབ་དུ་ཆ་བ་ཡིན་པས། མཐར་ཐུག་རྟོགས་པའི་ཀློང་བསྒོམ་ཡང་རྒྱུད་ལ་ངེས་པར་ཤར། མངོན་དུ་ལེགས་པར་མ་གྱུར་ཙམ་གྱི་སྐབས་སོ།།
ལྔ་པ་སྣང་བ་མཐར་ཐུག་པའི་ཚུལ་ལ། དང་པོ་ཕྱིའི་སྣང་བ་མཐོང་ཚུལ་ནི། དེ་ལྟར་ཤར་བའི་ཞིང་ཁམས་ཐིག་ལེ་འོད་ཟེར་ལྷ་སྐུ་ལ་སོགས་རང་སྣང་དག་པའི་འཆར་ཚུལ་སྤྲོས་བཅས་དངོས་མཚན་ཅན་ཐམས་ཅད་ཀྱང་། སྟོང་ཉིད་རྩ་བྲལ་ཀུན་གཞི་སྤྲོས་མེད་ཀྱི་ཀློང་དུ་མལ་གྱིས་ཐིམ།འུབ་ཀྱིས་བསྡུས་ནས་རྩོལ་བཅས་སྤྲོས་པའི་མཚན་མ་ཐམས་ཅད་ཁྲོལ་གྱིས་གྲོལ་ཏེ། སྒྲ་འོད་ཟེར་གསུམ་ལྷ་སྐུ་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་སེམས་སུ་འདུས་པར། དམར་ཐག་རྦད་ཀྱིས་ཆོད་པ་སྟེ། ཟད་པའི་མཐར་ཐུག་པའོ། གཉིས་པ་ནང་གི་ཉམས་མྱོང་སྐྱེ་ཚུལ་ནི། བསྒོམ་མེད་ཡེངས་མེད་དྲན་པ་ཡི་ཐག་པ་ཅུང་ཙམ་དང་བཅས་པ་དེ་ཉིད་ཇེ་ཞིག་ལ་དྲན་པའི་ཐག་པ་གཅོད། བསྒོམ་པའི་སྟོད་ཕུར་ཐོན་ནས། ཅི་བྱས་ཐམས་རྩོལ་བྲལ་གྱི་ངང་ལས་མི་འདའ། ཅི་འཆར་ཐམས་ཅད་ཡེ་ཤེས་སུ་འཆར། བསྒོམ་མ་བསྒོམ་ལ་ཁྱད་མེད། གཉིད་མ་གཉིད་ལ་ཁྱད་མེད།བཞག་ན་སྡོད། བཏང་ན་འགྲོ། དགོས་དུས་སླེབ། རང་དབང་རང་གིས་བསྒྱུར། དགྲ་དང་བུ་མཉམ། གསེར་དང་བོང་བ་མཉམ།ཡར་ལ་མི་རེ། མར་ལ་མི་དྭོགས་པ་དེ་ནི།རྟོགས་པའི་ཀློང་བསྒོམ་མངོན་དུ་གྱུར། བཅོ་ལྔའི་ཟླ་བ་ལྟར། གོམས་པ་མཐར་སྐྱོལ། ཀུན་ཏུ་བཟང་པོའི་རང་ས་ཟིན་པ་ཡིན་ནོ།། དེ་ཡང་རྫོགས་ཆེན་ལུགས་ལ་དབང་ཐ་རྣམས་གོམས་པས་དབང་འབྲིང་དང་དབང་རྣམས་གོམས་པས་དབང་རབ་དུ་འགྲོ་བའོ།།