ཁྱུང་སེར་དཔོན་གྱི་བློན་ཆེན་ཡིག་བྲིས་གྲགས་ཅན་ཞང་ཞུང་སྐལ་བཟང་ནོར་བུའི་སྐོར་གླེང་བ།
_____རྩོམ་པ་པོ། ཞང་ཚུལ་མི།
ནང་དོན་གནད་བསྡུས། རྩོམ་ཡིག་འདིའི་ནང་དུ་དུས་རབས་བཅུ་དགུ་པའི་སྨད་དུ་མདོ་ཁམས་ཁྱུང་པོའི་ཡུལ་དུ་བྱུང་བའི་བྱ་ཟེ་དཔོན་གྱི་བློན་ཆེན་ཡིག་བྲིས་པ་གྲགས་ཅན་ཞང་ཞུང་སྐལ་བཟང་ནོར་བུའི་མི་ཚེའི་ལོ་རྒྱུས་དང་ཁྱིམ་ཚང་གི་གནས་བབས་བཅས། དོན་ཚན་ཁ་ཤས་ཀྱི་ཐོག་ནས་ངོ་སྤྲོད་རྒྱས་པར་བྱས་ཡོད།
བརྡ་ཆད་གཙོ་བོ། ཕ་ཡུལ། ཁྱིམ་ཚང་། སློབ་གཉེར་གནང་སྐོར། ཡིག་གཟུགས་སྒྱུ་རྩལ། ཡིག་གཟུགས་སློབ་མ། བྱ་ཟེའི་བློན་ཆེན་བཅས་སོ། །
ཞང་ཞུང་སྐལ་བཟང་ནོར་བུའི་ཕ་ཡུལ།
ཁྱུང་ཡུལ་བྱ་ཟེ་དཔོན་གྱི་བློན་ཆེན་ཡིག་བྲིས་པ་གྲགས་ཅན་ཞང་ཞུང་སྐལ་བཟང་ནོར་བུ་མཆོག་ནི་གནས་རི་སྤུ་རྒྱལ་གངས་དཀར་གྱི་བྱང་ཤར་རྒྱུད། ཞང་ཞུང་སྡོམ་པ་ཞེས་པའི་འབྲོག་སྡེ་རུ་རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ཕྱི་ལོ ༡༨༩༢ ལོར་ཕ་ཞང་ཞུང་ཚེ་རིང་ཕུན་ཚོགས་དང་མ་ཧོར་ཟ་བསོད་ནམས་མཚོ་སྐྱིད་གཉིས་ཀྱི་བུ་རུ་སྐྱེས། ཡུལ་དེར་ཞང་ཞུང་སྡོམ་པ་ཟེར་དོན་ནི་སྔོན་ཆད་ཡུལ་སྡེ་ཕལ་ཆེར་ཞང་ཞུང་གི་རུས་རིགས་ཅན་ཡིན་པ་དང་། ལུང་པ་དེའི་མདོར་རྡོ་ཕ་བོང་ཆེན་པོ་ཞིག་ཡོད་པ་དེར་སྡོམ་ར་ཐོང་ཙམ་ཞིག་གནས་སྡོད་བྱས་པས་ཡུལ་མིང་དུ་སྡོམ་གཞུང་ཞེས་ཐོགས་པར་གྲགས། ཞང་ཞུང་ཞེས་པའི་རུས་རིགས་འདི་ལོ་རྒྱུས་ཅུང་ཟད་རིང་ཞིང་སྔོན་ཆད་བན་བོན་གཉིས་ཀའི་ཆོས་རྒྱུད་དུ་སྐྱེས་ཆེན་དུ་མ་ཞིག་འཁྲུངས་མྱོང་བའི་ལོ་རྒྱུས་ཀྱང་(1)འདུག་གོ།
ཞང་ཞུང་སྡོམ་པ་ནི་བོད་ཆབ་མདོ་སྟེང་ཆེན་རྫོང་གི་འབྲོག་སྡེ་ཞིག་ཡིན་ལ་མི་རིགས་ཀྱི་འཚོ་བ་གཙོ་བོ་འབྲོག་ལས་ལ་བརྟེན་ནས་འཚོ་བཞིན་ཡོད། ཕྱུགས་རིགས་ལ་གཡག་དང་། འབྲི། ར། ལུག རྟ་བཅས་གཡང་གི་ར་བ་སྒོ་བཞི་འཛོམས་ས་ཞིག་ཡིན་པ་དང་། ཞིང་ལས་ཐོན་སྐྱེད་ལ་ཡུང་མ་དང་། སྔོ་ཚོད་མ། ལྗང་བུ་སོགས་ཀྱིས་མཚོན་པའི་སོ་ནམས་འདེབས་འཛུགས་ཀྱང་གཉེར་ཆོག་གི་ཡོད། དེ་བཞིན་རྩ་ཆེའི་རི་སྐྱེས་སྨན་སྣ་དབྱར་རྩྭ་དགུན་བུ་དང་། རྫ་ཡུང་། བེ་སྨུག བོང་བ་དཀར་ནག སྲོ་ལོ་དཀར་དམར། ན་ག་གེ་སར་སོགས་དབྱར་དུས་སྨན་སྣ་བརྒྱ་སྐོར་དུ་མ་སྐྱེ་ཡི་ཡོད།
རྒན་རབས་ཚོའི་ངག་རྒྱུན་ལ་ཡུལ་འདི་སྔོ་སྨན་རིགས་ཧ་ཅང་མང་པོ་སྐྱེ་ས་ཞིག་ཡིན་པ་དང་། ལྷག་པར་དུ་ལུང་པ་གཞན་ལ་མཐོང་དཀོན་པའི་རྩ་ཆེའི་སྨན་སྣ་དུ་མ་ས་གནས་འདིར་སྐྱེ་བར་བཤད་སྲོལ་མཆིས། ལུང་པའི་མདོར་སྡོམ་ཚ་ཉལ་ཞེས་པའི་རང་བྱུང་གི་ཆུ་ཚན་ཆེན་པོ་ཞིག་ཡོད་དེའི་གཞི་བདག་ནི་ལྷ་རྗེ་འམ་སྨན་པ་ཞིག་ཡིན་སྐོར་གྱི་གཏམ་རྒྱུད་བཤད་རྒྱུ་ཡོད། རྒྱུ་མཚན་དེའི་ཕྱིར་ན་ས་གནས་དེར་སྨན་སྣ་མང་པོ་སྐྱེས་པ་ཡིན་པར་གྲགས།
རི་སྐྱེས་སྲོག་ཆགས་ཀྱི་སྐོར་ལ་དྲེད་མོང་དང། ཝ། གསའ། གཟིག གཡི། སྤྱང་ཀི་སོགས་གཅན་གཟན་གྱི་རིགས་དང་། ཤ་བ་དང་། གླ་བ། རྣ་བ། རྒྱ་གོ་ར། རྒོ་བ་སོགས་རི་དྭགས་སྣ་ཚོགས་ཡོད་པ་དང་། གནའ་དུས་ཡུལ་འདིར་རྐྱང་དང་འབྲོང་བཅས་ཡོད་རུང་དེང་སྐབས་མེད་པ་ཆགས་ཟིན་པ་ཡིན། སྐབས་རེར་སྤྲེའུ་རེ་གཉིས་ཙམ་མཐོང་དུ་ཡོད་རུང་ཡུལ་དུ་རྒྱུན་ལྡན་ཡོད་པའི་སྲོག་ཆགས་རིགས་ནི་མིན། འདབ་ཆགས་ལ་ཁྲུང་ཁྲུང་དང་། ཁུ་བྱུག རྒོད། གོ་བོ། བྱ་ཝང་། སྐྱ་ཀ། གླག གུང་མོ་སོགས་ས་མཐོའི་བྱ་བྱེའུ་རིགས་ཧ་ཅང་མང་པོ་ཡོད།
ཡུལ་གྱི་ཆགས་དབྱིབས་ནི་ལུང་འགོ་ཤར་དུ་བསྟན་ཞིང་ལུང་མདའ་ནུབ་དུ་བསྟན་ནས་ཡོད་པ་དང་། ཉིན་སྲིབ་ཀྱི་རི་བོ་མཐོ་ཞིང་ལུང་སྨད་ནས་འགག་དོག་ལ་ལུང་སྟོད་ནས་ཁོག་ཇེ་ཡངས་སུ་གྱུར་ནས་ཡོད། ཉིན་རི་ནས་སྤང་དང་ཤིང་ནགས་སྟར་མར་གནས་ཀྱང་ལུང་པའི་སྟོད་ནས་སྤང་རི་སྤང་ཐང་ཟ་འོག་བསྣོལ་བ་ལྟར་རི་ཐང་ཀུན་ལ་ཁྱབ། སྲིབ་རིའི་བརྒྱ་ཆ་བདུན་ཅུ་ཙམ་ཤིང་ནགས་ཀྱི་བཟུང་ཡོད་པ་དང་དེའང་ཤུག་པ་དང་། སྟག་མ། སྐྱེར་བ། གླང་མ་སོགས་ཤིང་སྣ་དུ་མས་བརྒྱན་ནས་ཡོད།
ལུང་པའི་སྟོད་དུ་གངས་རི་དང་། སྤང་རི། གཡའ་རི། རྫ་རི། རྩྭ་ཐང་། འབབ་ཆུ། རྒྱུག་ཆུ་སོགས་མཛེས་པའི་ཡུལ་ལྗོངས་སྣ་ཚོགས་ཟ་འོག་ལ་རི་མོ་བྲིས་པ་ལྟར་དུ་ཡོད་པ་དང་། ལྷག་ཏུ་ཁྱུང་ཡུལ་སྟོད་ཀྱི་མཚོ་མོ་སྐད་གྲགས་ཅན། ལ་རྒན་མཚོ་རྒན་མ་དང་། ལ་རྒན་མཚོ་ནག་མ་སོགས་ཞི་རྒྱས་དབང་དྲག་གི་དབྱིབས་གཟུགས་ལྡན་པའི་ངོ་མཚར་ཅན་གྱི་མཚོ་དང་མཚེའུ་ཇི་སྙེད་ཅིག་རི་དང་རི་ཕྲན་གྱི་བར་དུ་སྟར་ནས་ཡོད།
ལོ་རྒྱུས་ཀྱི་ཐད་ནས་ཞང་བོད་སུམ་གསུམ་གྱི་རྒྱལ་རབས་ཁྲོད་གནའ་དུས་ས་གནས་འདི་ཉིད་སུམ་པ་རྒྱལ་པོའི་མངའ་རིས་སུ་གྱུར་ཡོད་པ་དང་། བཙན་པོ་སྲོང་བཙན་སྒམ་པོའི་ཆབ་སྲིད་ཀྱི་དབུ་རྨོག་ཇེ་མཐོར་ཕྱིན་ནས་སྟོད་ཞང་ཞུང་གི་རྒྱལ་ས་བླངས་ནས་བཙན་པོའི་མངའ་རིས་སུ་བསྒྱུར་རྗེས། ཞང་ཞུང་རྒྱལ་པོའི་མི་རྒྱུད་ཁག་གིས་ཞང་ཞུང་སྒོ་པའི་(དྭང་ར་དང་རྟ་སྒོའི་ཡུལ)ས་གནས་རྒྱ་བསྐྱེད་བཏང་སྟེ། སྨད་སུམ་གླང་གི་གྱིམ་ཤོད་དམ་མདོ་ཁམས་ཁྱུང་པོ་སྟེང་ཆེན་གྱི་ཡུལ་དེ་ཞང་ཞུང་སྒོ་པའི་མངའ་རིས་སུ་བསྡུས་པས་ཞང་ཞུང་སྒོ་པའི་སྒོ་པ་ཞེས་སུ་གྲགས། དུས་དེ་ནས་ས་གནས་འདི་ཉིད་ནི་ཞང་ཞུང་རྒྱལ་པོའི་ཆབ་འབངས་སུ་གྱུར་རུང་དུས་རབས་བརྒྱད་པའི་ནང་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཞང་ཞུང་སྒོ་པ་དྭང་རའི་ཡུལ་གྱི་རྒྱལ་པོ་བཀྲོངས་ནས་ཞང་ཞུང་སྟོད་སྨད་ཀྱི་ཡུལ་སྡེ་ཚང་མ་བོད་བཙན་པོའི་མངའ་རིས་སུ་བསྡུས་པས། ཁྱུང་པོ་སྟེང་ཆེན་གྱི་ཡུལ་འདིའང་ཆབས་ཅིག་ཏུ་བཙན་པོའི་མངའ་ཁོངས་སུ་གྱུར་ཡོད་པར་སྙམ།
དེ་མཚམས་བོད་སིལ་བུའི་རྗེས་དུས་རབས་བཅའ་བཅུའི་ནང་སྐོར་ནས་ཁྱུང་པོའི་མི་རྒྱུད་རྣམས་སྟོད་རྒྱུད་ཞང་ཞུང་ཕུགས་པ་ནས་སྒོ་པ་སུམ་པ་གླང་གི་གྱིམ་ཤོད་ཀྱི་ཡུལ་དུ་ཕེབས་འབྱོར་བྱུང་ནས། ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་དང་། སོག་གཡུང་དྲུང་གླིང་བཅས་ཁྱུང་པོའི་དགོན་སྡེ་དུ་མ་ཞིག་ཕྱག་བཏབ་མཛད་ནས་དབང་བསྒྱུར་ཤུགས་ཆེན་བྱས་པ་དང་། ལྷག་ཏུ་ཁྱུང་པོ་སྟེང་ཆེན་གྱི་ཡུལ་དུ་ཁྱུང་དཀར་ནག་སེར་གསུམ་ཞེས་པའི་འགོ་དཔོན་མི་འདྲ་བ་གསུམ་དུ་གྱེས་སྐབས་ཞང་ཞུང་སྡོམ་པའི་འབྲོག་སྡེ་ནི་མི་དབང་ཁྱུང་སེར་རྒྱལ་པོའི་མངའ་རིས་སུ་གྱུར་(2)ནས་ལོ་རྒྱུས་ཐོག་མཆོད་འབྲེལ་རྒྱུན་ཆད་མ་མྱོང་བ་ཡིན།
མ་གཞི་ཁྱུང་པོའི་ཡུལ་འདི་དུས་རབས་བཅུ་གསུམ་པའི་ནང་སོག་དམག་བོད་ལ་དཔུང་འཇུག་བྱས་རྗེས་ཧོར་ཚོ་པ་སོ་དགུའི་མངའ་ཁོངས་སུ་གྱུར་ནས་རིག་གནས་གསར་བརྗེའི་བར་དུ་སོག་དུས། རྒྱ་དུས། བོད་དུས་གསུམ་ཞེས་པའི་ཆབ་སྲིད་ཀྱི་འགྱུར་བ་དང་བསྟུན་པའི་དུས་རིམ་མི་འདྲ་བ་གསུམ་དུ་དབྱེ་སྲོལ་བྱུང་བ་དང་། དུས་རབས་བཅོ་བརྒྱད་པའི་ཕྱི་ལོ ༡༧༢༨ ལོར་ཆིང་གོང་མའི་སྲིད་གཞུང་གིས་སྐུ་ཚབ་ཨམ་བན་ལྷ་སར་གནས་སྡོད་བྱས་པ་ནས་ཚོ་པ་སོ་དགུའི་ཡུལ་དུ་བོད་སྡོད་ཨམ་བན་གྱིས་དབང་བསྒྱུར་བྱས་པས་དེ་ལ་རྒྱ་དུས་ཞེས་བརྗོད་པ་དང་། དེ་རྗེས་ཆིང་རྒྱལ་རབས་འཐོར་ཞིག་ཏུ་སོང་ན་ཕྱི་ལོ་ ༡༩༡༢ ལོར་བོད་ས་གནས་སྲིད་གཞུང་གིས་མངའ་ཁོངས་སུ་བཅུག་པ་དང་། དེ་རྗེས་ཕྱི་ལོ་ ༡༩༤༢ ལོར་ཚོ་པ་སོ་དགུ་དེ་རྫོང་ཁག་དྲུག་ཏུ་བསྒྱུར་ནས་དེའི་སྒྲིག་འཛུགས་ནི་རིག་གནས་གསར་བརྗེའི་བར་དུ་གནས་པ་དེར་བོད་དུས་ཞེས་བརྗོད་པར་གྲགས། །
ཞང་ཞུང་སྐལ་བཟང་ནོར་བུའི་ཁྱིམ་ཚང་གི་སྐོར།
ཁོང་གི་ཁྱིམ་ཚང་མིང་ལ་ཞང་ཞུང་ཚེ་རིང་ཕུན་ཚོགས་ཚང་ངམ་ལྐོག་ལྟ་ཚང་ཞེས་འབོད་སྲོལ་ཡོད། ལྐོག་ལྟ་ཚང་ཟེར་དོན་ནི་ཁྱིམ་ཚང་གི་ཁང་གཞིས་ཆགས་སའི་ས་གནས་གྲོང་སྨད་ལྐོག་ཞིག་ཏུ་ཡོད་པས་དུད་མིང་ལ་དེ་ལྟར་ཐོགས་པར་གྲགས། ཞང་ཞུང་ཚེ་རིང་ཕུན་ཚོགས་ཚང་ནི་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་ཞིག་ཡིན་པ་དང་། ཁྱིམ་དུ་ཕ་རབས་བུ་རྒྱུད་ནས་བོན་ལུགས་ཀྱི་ཆོ་ག་བཅའ་འདོན་དང་ཡིག་བྲིས་རྟེན་བཞེངས་མཆོད་འབུལ་སྨོན་ལམ་ནི་ཀུན་གྱིས་ཡིད་རངས་བྱེད་ཡུལ་ཞིག་ཏུ་ཡོད་འདུག ཕྱུགས་རིགས་ཀྱི་གྲངས་འབོར་དང་འཕེལ་ཁ་ཧ་ཅང་གཞི་རྒྱ་ཆེན་པོ་ཡོད་པར་གྲགས། ལོ་རེར་ཞི་བརྒྱ་ཁྲི་མཆོད་རེ་འབུལ་བ་དང་ཀུན་རིག་གཙང་བླུགས་ཀྱང་དུས་ནས་དུས་སུ་མ་ཆད་པར་བྱེད་ཀྱི་ཡོད་འདུག ལྷག་ཏུ་ཁྱིམ་ཚང་འདི་ཉིད་ལ་མི་རབས་མང་པོར་འབྲི་བཞེངས་བྱས་པའི་ཡི་གེ་གཟེབ་དུ་མ་ཡོད་སྐོར་བཤད།
དུས་རབས་ཉི་ཤུ་པའི་ལོ་རབས་གཅིག་གཉིས་ནང་སྐོར་ཙམ་དུ་ཡུལ་འདིར་དབྱར་དུས་ཆུ་རུད་ཆེན་པོ་ཞིག་བརྒྱུགས་ཏེ་ལྐོག་ལྟ་ཚང་གི་ཁང་ཁྱིམ་ཆུས་འཇིག་པས་ནང་རྟེན་གསུང་རབ་ལ་བོར་གཏོར་ཚབས་ཆེན་བྱུང་བས། ཡི་གེ་གླེགས་བམ་མང་པོ་ཁྲི་རྡོའི་རྒྱུད་(3)ནས་རྙེད་སྐབས་ད་དུང་ཡི་གེ་ཆུད་ཟོས་མ་སོང་ནས་ཡོད་འདུག སྐབས་དེ་དུས་ཞང་ཞུང་སྐལ་བཟང་ནོར་བུ་ཕྲུ་གུ་ལོ་ན་དྲུག་བདུན་ཙམ་ལོན་པ་ཞིག་ཡོད། ཆུ་རུད་དེའི་གོད་ཆགས་ཁྲོད་ནས་སྡོམ་པའི་མི་གྲངས་དགུ་རྐྱེན་ལམ་ཤོར་བ་དང་རྒྱུ་དངོས་ནོར་ལུག་ལ་གོད་ཆགས་ཚབས་ཆེན་ཞིག་ཐེབས་ཡོད་འདུག སྐབས་དེར་ཞང་ཞུང་ཚེ་རིང་ཕུན་ཚོགས་ཚང་ནི་ཁྱུང་ཡུལ་ག་ཐ་ནས་སྟོབས་འབྱོར་གང་ཅིའི་ཐད་ཁྱིམ་དུད་རྩེ་གྲས་ཤིག་ཡིན་པ་དང་། ག་ཤེལ་དགོན་གྱི་བསྟན་སྦྱིན་གལ་ཆེན་ཞིག་ཡིན་པ་མ་ཟད། ཞང་ཞུང་སྐལ་བཟང་ནོར་བུ་ག་ཤེལ་དགོན་གྱི་ཚོགས་ཆེན་དབུ་མཛད་ཀྱང་ཡིན།
ཞང་ཞུང་སྡོམ་པ་ནི་ཚོ་དེམ་གཉིས་(4)ཀྱི་ས་མཚམས་སུ་ཡོད་པའི་འབྲོག་སྡེ་ནོར་ལུག་ཅན་ཞིག་ཡིན་སྟབས་དེམ་ཆིའི་མི་རྣམས་ཀྱིས་སྡོམ་པའི་ནོར་ལུག་ལ་འཇབ་རྒོལ་བྱས་པ་ནི་ལན་གྲངས་ཉུང་ཉུང་མིན་པར་གྲགས། དེམ་ཆི་དང་ཕན་ཚུན་ཁྲག་དྲི་བྲོ་བའི་དགྲ་རྒྱག་འཐབ་འཁྲུགས་དུས་ཡུན་རིང་པོར་བྱས་ཀྱང་ཉིན་གཅིག་ཀྱང་ཕམ་ཁའི་མགོ་བོ་སྒུར་མ་མྱོང་ཟེར་ནས་རྒན་རིགས་ཚོས་མགྲིན་པ་གཟེངས་སུ་བསྟོད་ནས་བཤད་སྲོལ་མཆིས། དུས་དེར་ཞང་ཞུང་སྡོམ་པའི་ཆིག་སྒྲིལ་དང་ནུས་སྟོབས་ནི་ད་ལྟ་དང་བསྡུར་ཐབས་མེད་པ་ཞིག་ཡོད་པར་རྟོགས་ནུས། སྡོམ་གྱི་ལུང་པར་ཞང་ཞུང་ལས་གཞན་པའི་རུས་རིགས་ཉུང་ཉུང་ཡིན་པ་དང་ཞང་གི་རུས་ཚན་རྣམས་ནང་ཁུལ་མཛའ་འབྲེལ་ཟབ་ཅིང་ཕྱི་དགྲ་ལ་བློ་ཁ་མཉམ་པ། དཔའ་སྙིང་སྟོབས་མཛངས་ཡ་རབ་ཀྱིས་ཕྱུག་པའི་ཕོ་ཤར་ཇི་སྙེད་ཅིག་ཡོད་པའི་ཁྲོད་ནས་སྐད་གྲགས་ཆེ་ཤོས་ནི་ཞང་ཞུང་སྐལ་བཟང་ནོར་བུ་དང་ཞང་ཞུང་བུ་རྡོ་གཉིས་ཡིན་པར་གྲགས།
ཁོ་གཉིས་ལ་ཡུལ་མི་རྣམས་ནས་གུས་རྩི་ཆེ་སྟབས་རྒྱུན་ལྡན་ཞང་ཞུང་ཨ་ཧོ་ཞང་ཞུང་མི་གྲགས་ཞེས་གཅེས་མིང་གི་ཚུལ་དུ་འབོད་པ་ལས་མིང་དངོས་སྨོས་མཁན་དཀོན་པོ་ཡིན་པར་བཤད། ཞང་ཞུང་བུ་རྡོ་ནི་རིག་གནས་སྨྲ་བ་ཞིག་ཡིན་པའི་ལོ་རྒྱུས་མེད་རུང་བྱ་ཟེ་དཔོན་གྱི་བློན་ཆེན་ཡིན་པ་དང་། ཚོ་དེམ་གཉིས་ཀྱི་བར་དུ་དགྲ་གྱོད་དམག་འཁྲུགས་ནས་དཔའ་འཛངས་འགྲན་ཟླ་བྲལ་བ་ཞིག་ཡིན་པར་གྲགས། དེར་མ་ཟད་བྱ་ཟེ་དཔོན་གྱི་བློན་ཆེན་ཁྲོད་ནས་དབང་ཐང་གཟི་བརྗིད་ཆེ་གྲས་ཤིག་ཡིན་འདུག
ཞང་ཞུང་ཚེ་རིང་ཕུན་ཚོགས་ལ་ཕྲུ་གུ་མིང་སྲིང་གཉིས་ལས་མེད། སྐལ་བཟང་ནོར་བུ་ལ་གོ་ཡི་སེང་གེ་ཚང་གི་བུ་མོ་ཞིག་མནའ་མར་བསུས་པས་དེར་ལྷ་སྐལ་ཟེར་བའི་བུ་མོ་གཅིག་ལས་ཕྲུ་གུ་གཞན་མ་བྱུང་སྟབས་སླད་ཕྱིན་སྐལ་བཟང་ནོར་བུའི་ཁྱིམ་ཚང་ཉམས་རྒུད་དུ་འགྲོ་དོན་ཡང་དེར་ཐུག་ནས་ཡོད། ཞང་ཞུང་སྐལ་བཟང་ནོར་བུ་རང་ལོ་རེ་གཅིག་ཆུ་འབྲུག་ཕྱི་ལོ་ ༡༩༥༢ ལོར་འདས་གྲོངས་སུ་ཕྱིན་རྗེས་ཁྱིམ་དེར་གནས་སྡོད་བྱེད་མཁན་མ་སྨད་གཉིས་ལས་ལྷག་མི་འདུག ཁོང་འདས་གྲོངས་གྱུར་པར་ཡུལ་མི་རྣམས་ཧ་ཅང་གི་སེམས་སྡུག་ཆེན་པོ་བྱུང་ནས་མྱ་ངན་གུས་འདུད་བྱས་པ་དང་། ནང་ཚང་གི་ཀུན་རིག་ལས་བཞིའི་མཆོད་པ་གྲ་རྒྱས་ཕུལ་ཞིང་ཞེ་དགུའི་བདུན་ཚིགས་རེར་ག་ཤེལ་ཁྲི་རིན་པོ་ཆེ་ལྐོག་ལྟ་ཚང་དུ་ཆེད་གཉེར་གྱིས་བདུན་བྱང་རེ་བཞུ་རུ་ཕེབས་པ་སོགས་མཆོད་འབུལ་སྨོན་ལམ་རྒྱ་ཆེར་བྱས་ཡོད། དུས་འགྱུར་སྐབས་མ་སྨད་གཉིས་ཀྱི་རྒྱུ་དངོས་གཞུང་བཞེས་བཏང་བ་དང་ནང་རྟེན་གསུང་རབ་མེར་བསྲེགས་བྱས་པ་སོགས་མནར་གཅོད་ཆེན་པོ་བཏང་ཡོད་འདུག ཞང་བཟའ་ལྷ་སྐལ་ལ་མག་པ་ཤེལ་ཞིག་བླ་མ་ཞིག་བསྡད་ཀྱང་ཁོ་གཉིས་ལ་ཕྲུ་གུ་མ་བྱུང་ནས་ཁྱིམ་གྱི་ཤུལ་འཛིན་མེད་པར་གྱུར་བ་རེད། རིག་གསར་རྗེས་ཞང་བཟའ་ལྷ་སྐལ་རི་ཁྲོད་དུ་གནས་སྡོད་བྱས་པ་དང་དབྱར་དགུན་གྱི་མཚེར་ས་ཆ་ཚང་ཕྲན་གྱི་ཕ་མ་གཉིས་ཀྱིས་ཁྱིམ་གཞིས་གསར་འཛུགས་སྐབས་བདག་དབང་སྤྲད་ནས་དེར་གནས་སྡོད་བྱེད་དུ་བཅུག་པ་དང་། ང་ཚོའི་ནང་མིས་མོ་རང་མ་ཤི་བར་དུ་ལྟ་སྐྱོང་བྱེད་རྒྱུའི་གྲོས་མཐུན་བྱུང་བ་ཞིག་རེད་འདུག །
ཞང་ཞུང་སྐལ་བཟང་ནོར་བུའི་སློབ་གཉེར་གནང་བའི་སྐོར།
ཞང་ཞུང་ཚེ་རིང་ཕུན་ཚོགས་ཚང་ལ་བུ་གཅིག་ལས་མེད་སྟབས་ཕ་མ་གཉིས་ཀྱི་ཆུང་དུས་ཧ་ཅང་གཅེས་ཕྲུག་ཅིག་ཡིན་པ་དང་། ལོ་ན་ཆུང་དུས་ནས་ཆོ་ག་བཅའ་འདོན་དང་ཡིག་བྲིས་སོགས་ལ་སློབ་གཉེར་མུ་མཐུད་བྱས། བོན་ལུགས་ཀྱི་རྒྱུད་སྡེ་ཕྱི་ནང་ཁག་ལ་བཅའ་འདོན་དང་གྱེར་དབྱངས་ལ་ཐོགས་པ་མེད་པར་གྱུར་ནས་དབུ་མཛད་ཀྱི་མཚན་གནས་ཐོབ་ནས་སྔགས་འཆང་ཀུན་གྱིས་བསྟོད་པའི་རོལ་མོ་འཁྲོལ་ས་རུ་གྱུར། སྐབས་དེར་ཁྱུང་ཡུལ་དུ་ཆོ་ག་བཅའ་འདོན་དང་ཡིག་བྲིས་སློབ་གཉེར་ནི་སྐྱ་སེར་ཐུན་མོང་གིས་རིག་གནས་གལ་ཆེན་དུ་བལྟས་ནས་སྦྱོང་པ་ཆེར་བརྩོན་གནང་སྲོལ་ཡོད། སྐལ་བཟང་ནོར་བུའི་ཁྱིམ་ཚང་ལ་ཡི་གེ་འབོལ་ཆེན་ཞིག་ཡོད་སྐད་འདུག་པས་སྔོན་ནས་ཡིག་བྲིས་པ་རྒན་རབས་ཡོད་སྲིད་ནའང་། ཁོང་ལ་ཡིག་བྲིས་སློབ་མཁན་ནི་ཞང་ཞུང་དགེ་སློང་ཤེས་རབ་ཕུན་ཚོགས་ཞེས་པ་དེ་ཡིན།
ཤེས་རབ་ཕུན་ཚོགས་ནི་སྡོམ་གྱི་ཡུལ་སྡེ་སྨད་མ་གཞི་བདག་གྲགས་ཅན་བདུད་རེ་ཞེས་པའི་ལུང་པ་ནས་ཡིན། ཁྱིམ་ཚང་གི་མིང་དུ་བདུད་རེའི་ཞང་ཞུང་ཚང་ཟེར་སྲོལ་ཡོད་འདུག ཞང་ཞུང་ཤེས་རབ་ཕུན་ཚོགས་ཀྱི་མཚན་གཞན་ལ་ཞང་ཞུང་ཨོ་སྒང་ཡང་ཟེར། ཁོང་ཉིད་ཚེ་སྟོད་བཟའ་ཟླ་དང་ཕྲུ་གུ་ཡོད་རུང་སྐུ་ནར་སོན་རྗེས་རབ་ཏུ་བྱུང་ནས་ལོ་ན་བཅུ་ཕྲག་ལྷག་ལ་གྲྭ་སར་འགྲིམས་ཏེ་གདན་ས་གོང་འོག་བར་གསུམ་གྱི་མཁན་སློབ་རྣམས་ཀྱི་དྲུང་ནས་དབང་ལུང་ཁྲིད་གསུམ་གང་མང་གསན་པ་དང་བརྡ་དག་རིག་གནས་ལའང་སྦྱོང་པ་ཆེ་ལོང་ཙམ་བྱས། གྲྭ་སར་བཞུགས་རིང་༧ སྨན་རི་དགོན་བཅས་གདན་ས་ཁག་ལ་ཡིག་བྲིས་ཀྱི་ཕྱག་ལས་བསྐྱོན་པས་མཁན་སློབ་རྣམ་པ་ཐུགས་ཧ་ཅང་དགྱེས་པར་མཛད།
དེ་ནས་གངས་རིན་པོ་ཆེ་སོགས་སྟོད་རྒྱུད་གནས་ཆེན་དུ་མར་གནས་མཇལ་གནང་གྲུབ་རྗེས་ཕྱིར་རང་ཡུལ་དུ་ཕེབས་དུས་ག་ཤེལ་ཁྲི་ཆེན་རྩ་བའི་བླ་མར་བསྟེན་ནས་ག་ཤེལ་དགོན་པ་རུ་བཞུགས་པ་དང་། ཁོང་གི་ཐུགས་འདུན་ལ་རི་ཁྲོད་ཅིག་ཏུ་མཚམས་བཞུགས་གནང་རྒྱུ་གལ་ཆེན་ཡིན་པར་དགོངས་ཀྱི་ཡོད་སྟབས། ག་ཤེལ་ཁྲི་རིན་པོ་ཆེས་གོ་སྡོམ་གཉིས་ཀྱི་ལུང་མདོ་སྒ་རི་ཉག་ཅེས་པའི་ས་གནས་སུ་སྒ་རི་གཡུང་དྲུང་འདུ་གླིང་ཞེས་པའི་རི་ཁྲོད་ཕྱག་བཏབ་མཛད་དེ། ཁྲི་རིན་པོ་ཆེ་དང་ལྷན་དུ་དེར་རྩ་རླུང་སྒྲུབ་པ་བཞུགས་མཛད་པ་མ་ཟད། ཁྲི་ཆེན་ལ་སྟོང་རྒྱུང་གི་སྒྲུབ་སྐོར་ཡང་གནས་དེར་སྙན་རྒྱུད་བབས་པས་བྱིན་རླབས་ཅན་གྱི་གནས་རིར་གྱུར། དགེ་སློང་ཤེས་རབ་ཕུན་ཚོགས་ནི་ཁྱུང་ཡུལ་གྱི་ཡིག་བྲིས་པ་རྒན་རབས་ཁྲོད་ནས་གོ་གནས་གལ་ཆེན་འཛིན་མཁན་ཞིག་ཡིན་པ་དང་། ལོ་ན་གཞོན་དུས་གྲྭ་སར་འགྲིམས་པ་དང་གནས་སྐོར་ཕྱིན་པའི་འཚོ་བའི་ཡོང་ཁུངས་ནི་ཡིག་བྲིས་ལག་ཤེས་དེ་ཡིན་འདུག ཁོང་རི་ཁྲོད་དུ་བཞུགས་ནས་གཞན་ལ་ཡིག་བྲིས་གནང་བ་དང་། དེ་མིན་འབུལ་བ་བྱུང་བ་བཅས་ཕྱུགས་ལུག་གཞི་རྒྱ་ཆེན་པོ་འཕེལ་བར་གྲགས།
དགེ་སློང་ཤེས་རབ་ཕུན་ཚོགས་དང་སྐལ་བཟང་ནོར་བུ་གཉིས་རུས་རྒྱུད་གཅིག་པའི་གཉེན་ཚན་གྱི་འབྲེལ་ལམ་ཟབ་པ་དང་། ལྷག་པར་སྐལ་བཟང་ནོར་བུ་ནི་ལོ་ན་ཆུང་དུས་ནང་མའི་གཅེས་སྤྲས་ཙམ་མ་ཟད་ཡུལ་སྡེ་ཐུན་མོང་གི་གུས་རྩི་བྱེད་སའི་མི་ཡ་རབས་སྤྱོད་བཟང་ཅན་ཞིག་ཡིན་འདུག་པས་ཁོང་གིས་ཡིག་བྲིས་བསླབ་རྒྱུར་ཡང་ཐུགས་སྤྲོ་པོ་བྱུང་ཡོད་འདུག དེ་ནས་སྐལ་བཟང་ནོར་བུས་རང་གི་ཁུ་བོའི་དྲུང་དུ་དུས་ཡུན་གང་འཚམས་ཁྱུང་བྲིས་འབྲུ་མའི་ཡིག་གཟུགས་ལ་སློབ་གཉེར་བྱས་པས། མཚམས་གཅིག་ལ་དགེ་རྒན་གྱི་ཡིག་གཟུགས་ལས་མཛེས་པའི་ཡིག་གཟུགས་དམིགས་བསལ་བ་ཞིག་བྱུང་བས། དགེ་སློང་ཤེས་རབ་ཕུན་ཚོགས་ཐུགས་ཧ་ཅང་དགྱེས་ནས་བསྟོད་པ་ཆེན་པོ་གནང་བར་གྲགས། དུས་དེ་ནས་ཁོང་གི་ཡིག་གཟུགས་ཁྱུང་ཡུལ་སྟོད་སྨད་ཀུན་ལ་མཚན་སྙན་ཧ་ཅང་མཆེད་པ་དང་ཁྱུང་ཡུལ་གྱི་ཡིག་བྲིས་པ་ཀུན་གྱིས་བསྟོད་པའི་མཐེ་བོང་ཀེར་ས་ཞིག་ཏུ་གྱུར།
ག་ཤེལ་དགོན་དུ་ཁྱུང་ཡུལ་གྱི་ཡིག་བྲིས་པ་མང་པོ་གདན་ཞུས་བྱས་ནས་བཀའ་འགྱུར་ཚར་དུ་མ་བཞེངས་པའི་ཁྲོད་ནས་ཁོང་ནི་ཡིག་གཟུགས་ཚད་འཛིན་བྱེད་ས་ཨང་དང་པོ་ཞིག་ཡིན་འདུག ག་ཤེལ་དགོན་གྱི་བླ་རབས་རིམ་བྱོན་གྱི་ཡིད་དམ་ཕུར་པ་ཡིན་སྟབས་སྐལ་བཟང་ནོར་བུས་ཕུར་པའི་སྒྲུབ་སྐོར་དེ་ཆེས་གཟབ་བྲིས་བྱས་པས་སྐད་གྲགས་ཆེན་པོ་བྱུང་སྟེ་ཡུལ་མི་རྣམས་ཀྱིས་རྒྱུན་ལྡན་ཞང་ཕུར་ཞེས་འབོད་སྲོལ་ཡོད། ག་ཤེལ་དགོན་གྱིས་གསང་སྔགས་མ་རྒྱུད་བཅའ་འདོན་དང་སྒྲུབ་པ་གར་འཆམ་ནི་ལོ་རེའི་དུས་མཆོད་ཁྲོད་ནས་གལ་ཆེན་དུ་འཛིན་པས། མ་རྒྱུད་སྒྲུབ་སྐོར་གྱི་པོ་ཏི་ཆེན་པོ་དེའང་སྐལ་བཟང་ནོར་བུས་དག་བཞེངས་བྱས་པ་(5)དང་། ཁོང་གིས་བྲིས་པའི་པོ་ཏི་ཇི་སྙེད་ཡོད་པའི་ཁྲོད་ནས་སྐད་གྲགས་ཆེ་ཤོས་དེ་གྱུར་ཡོད།
མདོར་ན་སྐབས་དེར་ག་ཤེལ་དགོན་གྱི་ནང་རྟེན་གསུང་རབ་རྒྱུན་མཆོད་སྒྲུབ་སྐོར་རྩ་ཆེའི་རིགས་རྣམས་ཞང་ཞུང་སྐལ་བཟང་ནོར་བུས་བྲིས་གནང་མཛད་འདུག དུས་སྐབས་དེར་ཁྱུང་ཡུལ་གྱི་ཡིག་བྲིས་པ་སྐད་གྲགས་ཆེ་ཤོས་ནི་ཁྱུང་ཡུལ་སྤུ་རྒྱལ་ཁུལ་དུ་བྱུང་བ་དང་། ག་ཤེལ་དགོན་ནི་སྔོན་ཆད་ཁྱུང་ཡུལ་གྱི་ནང་རྟེན་གསུང་རབ་བཞེངས་བསྐྲུན་ཆེ་ཤོས་ཤིག་ཏུ་གྱུར་ཡོད། ག་ཤེལ་ཁྲི་རིན་པོ་ཆེས་སྤུ་རྒྱལ་ཁུལ་གྱི་ཡིག་བྲིས་པ་མཁས་ཚད་བསྡུ་རུབ་གནང་སྟེ་གསུང་རབ་ཧ་ཅང་མང་པོ་འབྲི་བཞེངས་གནང་བའི་ཁྲོད་ནས། དགོན་གྱི་ནང་རྟེན་གསུང་རབ་གཅེས་གྲས་རྣམས་སྐལ་བཟང་ནོར་བུའི་བྲིས་པར་དཔྱད་ན་ཁོང་ནི་སྐབས་དེར་ཁྱུང་ཡུལ་གྱི་སྙུག་འཛིན་པའི་ཁྲོད་ནས་གོ་གནས་རྩེ་ཕུད་འཛིན་མཁན་དེ་ཡིན་པ་ཡོངས་སུ་རྟོགས་ནུས། དགེ་སློང་ཤེས་རབ་ཕུན་ཚོགས་ཀྱི་དྲུང་དུ་ཡིག་བྲིས་བསླབ་པའི་བར་གསེང་ནས་བརྡ་དག་རིག་གནས་ཀྱང་བསླབ་སྟེ་གྲུབ་འབྲས་མི་དམན་པར་ཐོན་པར་བྱས། ཕྱིས་ཁོང་ཉིད་དབུས་ལྷ་ས་དང་དགའ་ཆབ་མདོ་སོགས་ས་གནས་དུ་མར་སྤྱི་སྒེར་ཅི་རིགས་ཀྱི་ཆེད་དུ་ཁྲིམས་ཁང་དུ་གྱོད་དོན་ཕྱིན་དུས་ཡིག་གཟུགས་བརྡ་དག་ལ་བསྟོད་པའི་མཐེ་བོང་ཀེར་མཁན་ཧ་ཅང་མང་པོ་བྱུང་འདུག །
ཞང་ཞུང་སྐལ་བཟང་ནོར་བུའི་ཡིག་གཟུགས་སྒྱུ་རྩལ་གྱི་སྐོར།
ཞང་ཞུང་སྐལ་བཟང་ནོར་བུའི་བྲིས་གཟུགས་ནས་ཆེས་སྐད་གྲགས་ཆེ་ཤོས་དེ་ཁྱུང་ཡུལ་གྱི་འབྲུ་ཁམས་དེ་ཡིན། ཁྱུང་ཡུལ་ས་གནས་ཁག་གི་འབྲུ་མའི་བྲིས་ཁམས་རྩ་བའི་ཁྱད་ཆོས་འདྲ་ཡང་མི་འདྲ་བའི་ཆ་ཡང་ཅུང་ཙམ་ཡོད་པར་བཤད། དེང་དུས་མ་ནུའི་ཁམས་དང་། སྒོ་ཧྲང་ཁམས། ཞང་ཞུང་ཁམས། ཁྲ་ཁམས། རིག་ཚའི་ཁམས། མགར་རའི་ཁམས་སོགས་མང་པོ་བཤད་སྲོལ་འདུག་པ་ནི་རྣམ་པ་གཅིག་ལ་འགྲེལ་ཚུལ་སྣ་ཚོགས་ཀྱི་གཏམ་དུ་སྣང་། སྐལ་བཟང་ནོར་བུའི་འབྲུ་མའི་ཡིག་གཟུགས་འདི་ལ་ཁྱུང་ཡུལ་གྱི་ཡིག་བྲིས་པ་ཀུན་གྱིས་ཆེས་མཐོང་ཆེན་དང་གདེང་འཇོག་ཆེན་པོ་བྱེད་ཀྱི་འདུག ཉེ་རབས་ཁྱུང་པོ་སྟེང་ཆེན་དགོན་པས་གཙོ་གཉེར་གྱིས་ཁྱུང་པོའི་ཡིག་བྲིས་པ་རྒན་གཞོན་དུ་མ་འཛོམས་ནས་ཡིག་གཟུགས་རྩེད་ཕུད་མང་མོས་ཀྱིས་འོས་འདེམས་བྱས་དུས། སྐལ་བཟང་ནོར་བུས་བྲིས་པའི་ཕུར་པ་དེའི་ཡིག་གཟུགས་ཀྱི་མཛེས་ཆ་དང་། ཤ་ལྷུ་རུས་གསུམ། དཀར་ཆ་ནག་གསུམ། ལི་ཁམས་ཟག་གསུམ་སོགས་གང་ཅིའི་ཐད་ནས་འདེམས་ཐོན་བྱུང་ཡོད་འདུག མིང་དུ་ཁྱུང་བྲིས་ཁྲ་ཆེན་དང་ཁྲ་ཆུང་ཞེས་བཏགས་ཡོད་རུང་ཁྲ་དང་ཞང་ཞུང་གི་བྲིས་པའི་ལོ་རྒྱུས་གསལ་པོ་བྱུང་མེད་མོད།
ད་ལན་ཕྲན་གྱིས་ཁོང་གི་བྲིས་ཁམས་སྒྱུ་རྩལ་སྐོར་ལ་ཡིག་བྲིས་མཁས་ཅན་གཉིས་ལ་བཅར་འདྲི་ཞུས་པར་མ་ནུ་གཡུང་དྲུང་མཐར་ཕྱིན་(6)ནས་འདི་ལྟར་ངོས་འཛིན་གནང་བྱུང་། “ ཞང་ཞུང་སྐལ་བཟང་ནོར་བུའི་བྲིས་ཁམས་ནི་ཁྲ་བྲིས་བཞིན་དུ་གྲུང་ཤ་དང་མཛེས་ཆ་ལྡན་ལ། ལྷུ་འཇམ་རྩུབ་བརྗིད་གསུམ་ལས་རྩུབ་ལྷུ་ཡིན། སྟ་རེའི་ཁམས་བཞིན་དུ་རྩུབ་ལྷུ་ཆེ་བ་མ་ཡིན་པས་སྟ་རེ་ལ་བརྟགས་ན་ཞང་ཞུང་གི་ཁམས་འདིར་འཇམ་རྩུབ་གཉིས་ཀའི་ལྷུ་ཆ་ལྡན། མི་ཆེན་དཔའ་བོ་མཛེས་བརྗིད་ཅན་ལྟ་བུའི་བརྗིད་ཚུགས་ཡང་ལྡན། གཙོ་བོ་ལྷུ་རུས་ཚུགས་གསུམ་ཡག་པོ་ཡོད་དགོས་པ་ནི་བྲིས་ཀྱི་རྨང་གཞི་ཡིན། མདོར་ན་བྲིས་ཁམས་ལ་མཛེས་ན་བརྗིད་པའི་ངེས་པ་མེད་ལ། བརྗིད་ན་མཛེས་པའི་ངེས་པ་མེད། དེ་གཉིས་ཀ་ལྡན་ཡང་ཡག་པའི་ངེས་པ་ཡང་མེད་དོ། །དཔེར་ན་དེ་དག་ཡ་རེ་དང་གཅིག་གཉིས་ལྡན་པའི་མི་བཞིན་ནོ། །མཛེས་བརྗིད་ཡག་གསུམ་ཚང་བའི་མི་ནི་ཧ་ཅང་དཀོན་པོ་ཡིན་པ་བཞིན་མཛེས་བརྗིད་ཡག་གསུམ་ལྡན་པའི་བྲིས་ནི་ཧ་ཅང་དཀོན་པོ་ཡིན་པས། ཞང་ཞུང་སྐལ་བཟང་ནོར་བུའི་ཁམས་ནི་དེ་དག་ཚང་མ་ཚང་འདུག་གོ།
ཡིག་འབྲུ་མིག་ལ་མཛེས་ན་ཕར་ཆེར་གྲུང་ཆ་ལྡན་པའི་ངེས་པ་ཡོད་ལ། གྲུང་ཆ་ལྡན་ན་ཡང་མཛེས་པའི་ངེས་པ་མེད་པའོ། །མདོར་ན་དེ་གཉིས་ལྡན་པའི་མི་བཞིན་ནོ། །ཁྲ་ཁམས་ནི་མཛེས་ཆ་དང་གྲུང་ཤ་དོད་ལ་བརྗིད་ཆ་མེད་ཅིང་མི་རེ་འགའ་བཞིན་མཉམ་དུ་གཤིབས་རིམ་བཞིན་དུ་ཡག་པའི་ཆ་ཆུང་། མགར་ར་བྱམས་མ་དང་མ་ནུ་སྟག་ལ་གཡུང་དྲུང་གི་བྲིས་ཚུགས་དེ་གཉིས་ནི་ཧ་ཅང་འདྲ་ཆེ་ལ་བརྗིད་ཆ་དང་མི་ཡག་པོ་བཞིན་མཉམ་དུ་འགྲོག་རིམ་བཞིན་དུ་སྐྱོན་དོན་རྒྱུ་མེད་པས་ཡག་ཏུ་འགྲོ་བའི་ཆ་ལྡན། དེ་གཉིས་ཀྱིས་བྲིས་པའི་ཡིག་འབྲུ་ལ་མི་གསོན་པོ་བཞིན་བརྗིད་ཡག་གཉིས་ཀའི་ཐོག་ལ་རི་མོ་ལྟ་བུ་མ་ཡིན་པ་གསོན་པོ་ལྟ་བུའི་གསོན་ཉམས་ལྡན། ཡིན་ན་ཡང་དེང་དུས་འདི་གཉིས་ཀྱི་ལག་སྲོལ་ཆད་ཚར་འདུག། དེ་ཕངས་པོ་ཞིག་རེད། དུས་ཕྱིས་ནི་ཞང་ཞུང་སྐལ་བཟང་ནོར་བུ་དང་། མ་ནི་དགའ་རིས། རིག་ཚ་ཨོ་དྭངས། མ་ནི་རྣམ་དག་འདི་དག་གི་བྲིས་ཁམས་ལ་མཛེས་བརྗིད་གྲུང་མཉེན་བཞི་ཡི་ཆ་ལྡན་པས་འདི་དག་ལྟར་གནའ་དེང་གང་གི་དུས་སུ་ཡང་འབྱུང་མི་སྲིད་པ་ཞིག་ཡིན་ངེས་པར་འདུག ” ཅེས་བཤད་པ་དང་།
ཡང་མགོ་ལ་རྣམ་དག་(7)ནས་ “ སྤྱིར་སྐལ་བཟང་ནོར་བུའི་བྲིས་ནི་བསླབས་ནས་ཤེས་པ་ཞིག་མ་ཡིན་པར་ལུང་བསྟན་བརྒྱུད་ནས་བབས་ཡོང་བ་ཞིག་ཡིན་པའི་བཤད་རྒྱུན་ཡོད། ཁོང་གི་བྲིས་ཀྱི་ཐུན་མིན་ཁྱད་བོན་དེ། བྲིས་ལ་རུས་ལྷུ་ཚུགས་གསུམ་དང་། ཟབ་སྒུར་ལྡེམ་གསུམ། ལི་ཁམས་ཟག་གསུམ། དཀར་ཆ་ནག་གསུམ་བཅས་ཚད་ཐོབ་འཛོམས་ཀྱང་། གཞན་གྱིས་ལད་མོ་བྱེད་མི་ནུས་པའི་བྲིས་ཀྱི་ཁྱད་བོན་དེ་རུས་ལྷུ་ཚུགས་གསུམ་གྱི་ཚུགས་ཀྱི་ཐོག་ནས་མཉེན་མ་ཤོར་བ་ཞིག་དང་། མཉེན་གྱི་ཐོག་ནས་ཚུགས་མ་ཤོར་བ་ཞིག་ཡིན་པ་དེ་རེད། བྲིས་པ་མང་ཆེ་བས་མཉེན་ཕོག་ན་ཚུགས་ཤོར་འགྲོ་བ་དང་། ཚུགས་ཡོད་ན་མཉེན་ཤོར་འགྲོ་བ་གཉིས་ཆ་འཛོམས་པ་ཧ་ཅང་དཀོན་པོ་རེད། ཁྱད་བོན་གཞན་ཞིག་ནི་བྲིས་ཁོག་ནས་བྱུང་ཡོད་རེད། ནང་གི་དཀར་ཆ་ནག་གསུམ་ལ་ཆེ་ཆུང་རྩ་བ་ནས་མ་ཤོར་བ་ལྷ་བཞེངས་པ་ནང་བཞིན་ཁྲ་ལམ་ལམ་དུ་ཡོད་པ་དེ་རེད། ཁྱད་བོན་དེ་དག་ལ་ལད་མོ་བྱེད་མཁན་མང་པོ་ཡོད་ཀྱང་ལད་མོ་བྱས་ནས་ལད་ཟློས་ཚད་ལྡན་བྱེད་ནུས་མཁན་ད་བར་བྱུང་མེད་ལ། གལ་ཏེ་ལད་མོ་བྱས་རུང་རང་བྲིས་ཉམས་བྱེད་ལས་ལད་མོ་ཇི་བཞིན་བྱེད་ཐུབ་མཁན་མེད་ཟེར་སྲོལ་ཡོད། རིག་ཚ་ཨོ་དྭངས་ཀྱིས་བྲིས་པའི་མ་རྒྱུད་དེ་ལད་མོ་གང་འཚམས་ཐོན་ཡོད་པ་ལས་དེ་མིན་སུས་ཀྱང་དེ་ནང་བཞིན་འབྲི་ཐུབ་མཁན་མེད་ཟེར་བ་རེད། ” ཅེས་བཤད་བྱུང་། །
ཞང་ཞུང་སྐལ་བཟང་ནོར་བུའི་ཡིག་བྲིས་ཀྱི་སློབ་མ་དང་སློབ་རྒྱུད།
ཞང་ཞུང་སྐལ་བཟང་ནོར་བུ་མཆོག་ནི་ག་ཤེལ་དགོན་གྱི་ཚོགས་ཆེན་དབུ་མཛད་དང་། འཆམ་དཔོན། ཡིག་གཟུགས་དགེ་རྒན་བཅས་ཡིན་པས་རིག་གནས་དེ་དག་དང་འབྲེལ་བའི་སློབ་མ་དུ་མ་བྱུང་ཡོད་ནའང་། ཡིག་གཟུགས་ཀྱི་སློབ་མའི་ཁྲོད་ནས་ཁྱུང་ཡུལ་སྟོད་སྨད་ཀུན་དུ་གྲགས་ཆེ་བའི་ཡིག་བྲིས་མཁས་ཅན་རིག་ཚ་ཨོ་དྭངས ( ༡༩༢༥-༡༩༩༩ ) མཆོག་བྱུང་བ་ཡིན། ཁོང་ནི་ཤར་རྫ་རིན་པོ་ཆེའི་མཛོད་ཆེན་ལྔ་གཙོས་པའི་གསུང་འབུམ་ཁག་ལ་སྦྱོང་པ་ཆེར་བརྩོན་མཛད་མྱོང་མཁན་ཞིག་དང་སྐུ་ཚེའི་སྨད་དུ་རྫོགས་པ་ཆེན་པོའི་བོན་སྡེ་ཁག་ལ་བློ་སྦྱོང་མཛད་ནས་ངེས་པ་དོན་གྱི་དགེ་བྱེད་པ་རུ་གྱུར། རིག་གསར་སྐབས་གྲོང་གསེབ་སློབ་ཆུང་གི་དགེ་རྒན་མཛད་ནས་གཞོན་སྐྱེས་མང་པོར་ཡི་གེ་འབྲི་འདོན་བསླབས་ཏེ་ཡིག་རྨོངས་སེལ་བའི་ཕྱག་ལས་རྒྱ་ཆེར་བསྐྱོན་གནང་མཁན་ཞིག་ཡིན། དུས་འགྱུར་རྗེས་སྲིད་གཞུང་གི་ཡིག་གཟུགས་འགྲན་བསྡུར་ཁག་ལ་མཉམ་ཞུགས་གནང་བས་ལྗོངས་རིམ་པས་ཚད་མཐོའི་གཟེངས་བསྟོད་ལན་མང་བསྩལ་མྱོང་།
སྐལ་བཟང་ནོར་བུའི་ཡིག་གཟུགས་སློབ་མའི་འཕེལ་ཕྱོགས་དེ་ཙམ་ཤེས་མཁན་མེད་རུང་། རིག་ཚ་ཨོ་དྭངས་ཀྱི་ཡིག་གཟུགས་སློབ་མ་མགོ་ལ་རྣམ་དག་མཆོག་གིས་བཤད་དོན་ལྟར་ན། ཁོང་གིས་རིག་ཚ་ཨོ་དྭངས་དྲུང་དུ་ཡིག་གཟུགས་སློབ་གཉེར་སྐབས་ཨོ་དྭངས་ཀྱི་ཡིག་བྲིས་དགེ་རྒན་ནི་ཞང་ཞུང་སྐལ་བཟང་ནོར་བུ་ཡིན་སྐོར་བཤད་པ་མ་ཟད་སྐལ་བཟང་ནོར་བུས་བྲིས་པའི་ཀ་དཔེའང་སྐབས་དེར་རིག་ཚ་ཨོ་དྭངས་མཆོག་གིས་གཅེས་ཉར་མཛད་ཡོད་སྐོར་བཤད་བྱུང་། རིག་ཚ་ཨོ་དྭངས་མཆོག་གིས་རིག་གནས་གསར་བརྗེའི་སྐབས་ཁྱུང་ཡུལ་ག་ཐར་དགེ་རྒན་གྱི་ཕྱག་ལས་བསྐྱོན་དུས་ཡིག་བྲིས་པ་ཧ་ཅང་མང་པོ་སྐྱེད་སྲིང་བྱས་པ་དང་དེའི་རྗེས་རི་ཁྲོད་དུ་མཚམས་བཞུགས་གནང་དུས་ཀྱང་གཞོན་སྐྱེས་མང་པོ་ཞིག་ལ་ཡིག་བྲིས་སློབ་ཁྲིད་གནང་ནས་མཛད་རྗེས་རླབས་ཆེན་ཞིག་བཞག་གནང་ཡོད།
ཁྱུང་ཡུལ་ག་ཐའི་ཡིག་བྲིས་པའི་ཁྲོད་ནས་སློབ་ཕྱོགས་འཕེལ་ཆེ་ཤོས་དེ་རིག་ཚ་ཨོ་དྭངས་མཆོག་ཡིན་འདུག ཁོང་གིས་སྔ་རྗེས་སུ་ཡིག་བྲིས་པ་མང་པོ་གསོ་སྐྱོང་གནང་བའི་ཁྲོད་ནས་སློབ་མའི་མཆོག་གྱུར་ད་ལྟ་ཁྱུང་ཡུལ་ག་ཐའི་ཡིག་བྲིས་པ་གྲགས་ཅན་མགོ་ལ་རྣམ་དག་མཆོག་ཡིན། མགོ་ལ་རྣམ་དག་མཆོག་གི་ཡིག་བྲིས་སློབ་མ་གཞོན་སྐྱེས་སྙུག་འཛིན་དུ་མ་ཡོད་པ་དག་ནི་སྐལ་བཟང་ནོར་བུའི་སློབ་རྒྱུད་དུ་ངེས་པ་ཡིན་ནོ། །
ལྷ་སར་བྱ་སྒར་གཉིས་ཀྱི་གྱོད་འདུམ་དུ་ཕྱིན་པའི་སྐོར།
ཞང་ཞུང་སྐལ་བཟང་ནོར་བུ་རང་ལོ་ཉི་ཤུ་ཟིན་སྐོར་ཙམ་ནས་བྱ་ཟེ་དཔོན་གྱི་བློན་ཆེན་གྱི་གོ་གནས་བཞེས་པ་དང་། དུས་རབས་ཉི་ཤུ་པའི་ལོ་རབས་བཅུ་པའི་ནང་སྐོར་དུ་ཁྱུང་ཡུལ་བྱ་ཟེ་དཔོན་དང་སྒར་ཁང་གཉིས་ཕན་ཚུན་གྱོད་ཐུག་ནས་ཁྲིམས་གཏུག་བྱེད་རྒྱུའི་གྲོས་ཆོད་བྱུང་ནས་ཕྱོགས་སོ་སོ་ནས་སྐུ་ཚབ་རེ་ལྷ་སར་གཏང་རྒྱུའི་གྲ་སྒྲིག་བྱས། སྐབས་དེར་ཞང་ཞུང་སྐལ་བཟང་ནོར་བུ་རང་ལོ་ཉེར་གཉིས་ཟིན་པའི་ཕོ་གཞོན་ཞིག་ཡིན་པ་དང་། གཏམ་བཤད་བྱེད་པ་དང་། གྱོད་ཡིག་འབྲི་བ། བློ་ཁོག་ཆེ་ལ་གཞུང་དྲང་བ་ལོ་ན་གཞོན་པ་ཀུན་གྱིས་ཡིད་སྨོན་ཤོར་ས་ཞིག་ཡོད་འདུག་པས་ཕྱི་ལོ་ ༡༩༡༣ ལོར་བྱ་ཟེ་དཔོན་གྱི་སྐུ་ཚབ་ཆེད་ལྷ་སར་གྱོད་འདུམ་ཆེད་དུ་ཕྱིན་པ་རེད། བྱ་ཟེ་དཔོན་ལ་བློན་ཆེན་མང་པོ་ཡོད་པའི་ཁྲོད་ནས་ཁོང་བདམས་གསེས་བྱས་ཏེ་བཏང་པ་ཞིག་ཡིན།
སྐབས་དེར་བྱ་སྒར་གཉིས་ཕན་ཚུན་ཅི་ཕྱིར་གྱོད་བྱུང་མིན་ད་ལྟའི་བར་ཤེས་རྟོགས་མ་བྱུང་ནས་ལུས། ཁོ་བོས་འདིའི་སྐོར་གྱི་གནས་ཚུལ་ནི་སྐལ་བཟང་ནོར་བུའི་བུ་མོ་ཞང་་བཟའ་ལྷ་སྐལ་དང་། དེ་མིན་ཡུལ་མི་བགྲེས་རབས་དུ་མའི་ངག་རྒྱུན་ཡུན་རིང་གསོག་ཉར་བརྒྱུད་ནས་ཅུང་ཟད་དག་ཐེར་བྱས་ཏེ་བཀོད་པ་ཞིག་ཡིན། སྐལ་བཟང་ནོར་བུ་ལྷ་སར་འབྱོར་ཏེ་བཀའ་ཤག་སྲིད་གཞུང་ལ་གྱོད་དོན་སྙན་ཞུ་ཕུལ་ནས་ཞུ་གཏུག་བྱས་པ་དང་། སྒར་ཁང་ཚང་གི་སྐུ་ཚབ་ཀྱིས་སྙན་ཞུའི་ཡི་གེ་ཕུལ་བར་ངོས་ལེན་ཡག་པོ་མ་བྱུང་བས། མཐར་སྐལ་བཟང་ནོར་བུས་ནང་ཁུལ་འདུམ་སྒྲིག་ཏུ་དམིགས་ནས་སྒར་ཁང་གི་གྱོད་ཡིག་དེའང་ཁོང་གིས་བྲིས་ནས་ཁྲིམས་གཏུག་བྱེད་པས་ཕྱོགས་ཕན་ཚུན་གཉིས་ཐད་ནས་སེམས་འཚབ་མེད་པར་གྱོད་དོན་གྲོས་འགྲིག་ཡག་པོ་བྱུང་བས་སྐད་གྲགས་ཆེན་པོ་བྱུང་བར་གྲགས། དུས་དེར་སྐལ་བཟང་ནོར་བུའི་གྱོད་ཡིག་དག་གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་གཟིགས་པས་ཐུགས་ཧ་ཅང་དགྱེས་ཏེ་བོད་གཞུང་གི་དྲུང་ཡིག་ཆེན་མོའི་གོང་ཕུད་བྱུང་འདུག་ཅེས་བསྟོད་པ་ཆེན་པོ་གནང་བར་གྲགས།
ཁོང་ལ་སྡེ་པ་གཞུང་གིས་ལྷ་སར་སྲིད་གཞུང་གི་དྲུང་ཡིག་བྱེད་དེ་འདུག་དགོས་པའི་བཀའ་གནང་(8)བས། ཁོང་ལྷ་སར་གཏན་སྡོད་བྱེད་ཐབས་གཏན་ནས་མེད་པ་དང་རྒྱུ་མཚན་ནི་ཁོང་གི་ཕ་ཡུལ་དེ། ཚོ་དེམ་གཉིས་ཀྱི་ས་མཚམས་དགྲ་ཇག་ཧ་ཅང་ཚ་ས་ཞིག་ཡིན་པ་དང་། ས་རྒྱ་ཆེ་ལ་ཡུལ་སྡེ་ཉུང་ས་ཞིག་ཡིན་སྐོར་ཞུས་པས་ཁྱེད་རང་གལ་ཏེ་འདིར་དྲུང་ཡིག་གི་ཕྱག་ལས་བསྐྱོན་ཐུབ་ན་ཞང་ཞུང་སྡོམ་པས་མི་ལོ་བཞི་བཅུ་ལ་ཁྲལ་མི་དགོས་པར་བཀའ་གནང་ཡོད་འདུག བཀའ་ཤག་ནས་གནང་བའི་ཁྲལ་མི་དགོས་པའི་ཡི་གེ་དེ་བླངས་ནས་ལྷ་སར་ལོ་གཅིག་ཙམ་དྲུང་ཡིག་བྱས་ནས་བསྡད། དེ་རྗེས་རང་ཡུལ་གཞིས་སྐོར་འགྲོ་བའི་དགོངས་པ་ཞུས་ནས་ཕྱི་ལོ་ ༡༩༡༤ ལོར་ཕྱིར་ཁྱུང་ཡུལ་དུ་བསྐྱོད།
ལྷ་སར་གནས་སྡོད་བྱས་ཚེ་ས་གནས་གཞན་གྱི་ཁྲིམས་གཏུག་བ་མང་པོ་ཡོད་འདུག་པ་དག་ལ་གྱོད་ཡིག་མང་པོ་འབྲི་རོགས་བྱས་པ་དང་། ག་རྒྱ་འགྲམ་ནག་དང་ཐུག་ཕྲད་བྱུང་སྐོར་བཤད་རུང་ལོ་ཚིགས་ཐོག་ནས་ཅུང་ཟད་དོན་འཁྱོལ་དཀའ་བའི་ཚོད་དུ་འདུག་པས་དཔྱད་གཞི་རུ་འབུལ། ལྷ་སར་བསྡད་ཚེ་ཟུར་ནས་མི་གཞན་ལ་ཡི་གེ་བྲིས་པ་དང་གྱོད་ཡིག་འབྲི་རྒྱུའི་ལས་རོགས་མང་པོ་བྱས་པས་དཔལ་འབྱོར་གྱི་ཡོང་སྒོ་ཡང་གང་འཚམས་བྱུང་བས་ཕྱིར་རང་ཡུལ་དུ་ཕྱིན་དུས་འཕྲུལ་མདའ་ཡག་བ་དང་དེ་མིན་རྒྱུ་དངོས་མང་པོ་ཉོ་སྒྲུབ་བྱས་ཏེ་ཕྱིན་ཡོད་འདུག །
སྐལ་བཟང་ནོར་བུ་དང་བྱ་ཟེའི་བློན་ཆེན་གཞན་བར་དུ་འགལ་གཞི་བྱུང་སྐོར།
སྐལ་བཟང་ནོར་བུ་ལྷ་ས་ནས་ཕྱི་ལོ་ ༡༩༡༤ ལོར་ཕྱིར་བསླེབས་རྗེས་སྡོམ་པས་བོད་གཞུང་ལ་ལོ་མང་ཁྲལ་མ་བརྒྱབ་པས། བྱ་ཟེའི་བློན་ཆེན་མང་པོ་ཞིག་གནས་ཚུལ་དེ་ལ་ཡིད་མ་རངས་ནས་ཡོད་རུང་འོན་ཀྱང་ཐད་ཀར་སུས་ཀྱང་སྐྱོན་བརྗོད་མ་ནུས་ནས་ལྷག ཕྱི་ལོ ༡༩༡༧ ལོར་དབུས་གཞུང་ནས་མཁན་ཆུང་གྲགས་པ་རྣམ་རྒྱལ (?-༡༩༢༠) (9)བྱང་སྤྱི་རུ་བསྐོ་བཞག་བྱས་པ་དང་། གྲགས་པ་རྣམ་རྒྱལ་ནི་ཁྲིམས་ཁ་ཚ་དྲགས་ནས་མི་ཚང་མ་འཇིགས་སྣང་སྐྱེ་ས་ཞིག་ཡིན་པས། གོ་སྐབས་དེ་དང་བསྟུན་ནས་བྱ་ཧོང་ཤོག་བཞིའི(10)་བློན་པོ་ཚོས་བརྒྱུད་སྐུལ་གྱིས་ཁྲལ་སྡུད་མཁན་སྡོམ་གཞུང་དུ་བཏང་རུང་། སྐལ་བཟང་ནོར་བུས་བོད་སྲིད་གཞུང་གིས་སྤྲད་པའི་མི་ལོ་བཞི་བཅུ་ལ་ཁྲལ་མི་དགོས་པའི་ཡིག་ཆ་དེ་བསྟན་ནས་ཁྲལ་མ་བརྒྱབ་པས། བློན་ཆེན་གཞན་ཚོས་གནས་ཚུལ་དེ་སྐྱ་ཀས་ཤ་ཁུར་བ་ལྟར་སྤྱི་ཁྱབ་གྲགས་རྣམ་གྱི་དྲུང་དུ་ཁྲིམས་གཏུག་བྱས་ནས་སྡོམ་པས་ཁྲལ་མ་བརྒྱབ་པ་དང་། ཡིག་ཆ་དེ་ཚོ་ནི་སྲིད་གཞུང་ནས་སྤྲད་པའི་ཚད་ལྡན་ཡིག་ཆ་མིན་པར་རྫུན་བཟོ་ཡིན་སྐོར་གྱི་སྙན་ཞུ་ཕུལ། བྱ་ཟེ་དཔོན་གྱི་བློན་ཆེན་ཁྲོད་ནས་སྐལ་བཟང་ནོར་བུ་ཤེས་འཇོན་གང་ཐད་ནས་གླགས་མ་ཁ་སྟབས་བྱང་སྤྱི་གྲགས་རྣམ་གྱི་བཀའ་ཁྲིམས་ཚ་མོ་དེ་གཏུག་ནས་ཁྲིམས་ཁང་དུ་བསྐྱལ་ཏེ་བཙོན་འཇུག་བྱ་འཆར་ཡོད་པར་གྲགས།
སྤྱི་ཁྱབ་གྲགས་རྣམ་གྱིས་ཐད་ཀར་སྐལ་བཟང་ནོར་བུ་ལ་ཡི་གེ་བསྐུར་ནས་སྟེང་ཆེན་དུ་ཡོང་དགོས་སྐོར་བཤད། སྤྱི་ཁྱབ་གྲགས་རྣམ་ནི་ཁྲིམས་ཁ་ཧ་ཅང་ཚ་དྲགས་ནས་ཉེས་ཆད་ཕོག་མཁན་ཚོའི་ཡན་ལག་གཏུབ་པ་དང་། མིག་འདོན་བ། སྣ་གཅོད་པ་སོགས་ཚད་ལས་བརྒལ་བའི་དྲག་ལས་བྱེད་མཁན་ཞིག་ཡིན་པ་དང་། འོན་ཀྱང་ཁྲིམས་དྲང་པོ་བྱེད་མཁན་ཞིག་ཡིན་པ་ནི་བདེན་པ་སུ་ལ་ཡོད་ན་རྒྱལ་ཁ་དེ་ལ་སྤྲད་པར་གྲགས། སྐབས་དེར་སྡོམ་པའི་མི་རྣམས་འཇིགས་སྣང་ཧ་ཅང་སྐྱེས་ནས་སྐལ་བཟང་ནོར་བུ་ས་གནས་གཞན་དུ་བྲོས་བྱོལ་དགོས་སྐོར་གླེང་མཁན་མང་པོ་བྱུང་། སྐལ་བཟང་ནོར་བུས་གལ་ཏེ་སྤྱི་ཁྱབ་གྲགས་རྣམ་མི་དྲང་པོ་ཁྲིམས་ཡོད་མཁན་ཞིག་ཡིན་ཚེ་ང་ལ་ཆད་པ་གཅོད་དགོས་དོན་མེད་ཟེར་ནས་སྟེང་ཆེན་ཁྲིམས་ཁང་དུ་ཕྱིན་ནས། སྔར་སྡེ་པ་གཞུང་གིས་སྤྲད་པའི་ཡི་གེ་བསྟན་པས་སྤྱི་ཁྱབ་གྲགས་རྣམ་གྱིས་ཡི་གེ་དེ་ལན་འགའ་གཟིགས་ནས་འདི་ནི་ཁོ་བོས་ཐག་གཅོད་ཐུབ་པ་ཞིག་མ་རེད་ཟེར་ནས། ཆབ་མདོ་ས་དབང་གི་དྲུང་དུ་ཐག་གཅོད་བྱེད་དུ་བཏང་བ་རེད།
སྐལ་བཟང་ནོར་བུ་ཆབ་མདོར་ཕྱིན་ནས་ས་དབང་ཆེན་མོ་མཇལ་བཅར་ཞུས་པས། ཡིག་ཆ་དེ་ཚོའི་ཇི་ལྟར་རག་ཚུལ་ཐད་འདྲི་རྩད་ནན་པོ་བཏང་བས་ཁྲལ་མི་དགོས་པའི་ཡིག་ཆ་རག་པའི་བརྒྱུད་རིམ་ཆ་ཚང་གསལ་བཤད་བྱ་སའི་གོ་སྐབས་ཡག་པོ་བྱུང་བ་དང་། ལྷག་ཏུ་ས་དབང་ཆེན་མོའི་དྲུང་དུ་ཞུ་ཡིག་རིམ་པས་འབུལ་སའི་གོ་སྐབས་བྱུང་ནས་ཞུ་ཡིག་ཐེངས་གསུམ་དུ་ཕུལ་བ་དང་། ཞུ་ཡིག་རྣམས་ཧ་ཅང་གཟབ་བྲིས་བྱས་ཏེ་བདུན་ཕྲག་རེ་ཙམ་དུས་ཚོད་བཏང་སྟེ་ཁོ་བོའི་ཡིག་ཆ་དེ་གལ་ཏེ་རྫུན་མ་ཡིན་ཚེ་ཁྲིམས་ཐག་གང་ཞིག་བཅད་ན་ངོས་ལེན་གཙང་མ་བྱེད་རྒྱུ་དང་། ཡིག་ཆ་དེ་བོད་ཀྱི་སྲིད་གཞུང་གིས་སྤྲད་པ་ར་སྤྲོད་བྱུང་ནས་ཁོ་བོ་དཀར་འདོན་བྱུང་ཚེ་མ་ཉེས་ཁ་ཡོག་བྱེད་མཁན་རྣམས་ལ་ཁྲིམས་ཐག་ཚ་ནན་གཅོད་དགོས་པའི་སྙན་ཞུ་ཕུལ་བས། ཞུ་ཡིག་ཐེངས་གཉིས་པའི་སྐབས་ཁྲིམས་གཏུག་བློན་པོ་གཞན་ལ་འདྲི་རྩད་དགོས་པའི་དོགས་གཞི་བྱུང་བ་དང་།
སླར་ཡང་བདུན་གཅིག་གི་རྗེས་ནས་ཞུ་ཡིག་ཐ་མ་དེ་ཕུལ་མཐར། ཆབ་མདོ་ས་དབང་ནས་བྱ་ཟེའི་བློན་ཆེན་རྣམས་ལ་སྐལ་བཟང་ནོར་བུར་མ་ཉེས་ཁ་ཡོག་བྱས་པའི་ཉེས་ཆད་བཀལ་དགོས་པ་དང་མ་ཟད་བྱ་ཟེ་དཔོན་གྱི་མགོ་ཏོག་རྟ་སྡོམ་ཡང་གཞུང་བཞེས་བཏང་ནས་དཔོན་གྱི་གོ་གནས་ཕབ་དགོས་སྐོར་བཀའ་བཏང་བས། དེ་འཕྲལ་བྱ་ཟེའི་བློན་ཆེན་གཞན་རྣམས་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཐད་ཀར་སྐལ་བཟང་ནོར་བུའི་དྲུང་དུ་བཅར་ཏེ་དངུལ་དཀར་སླེ་ཁུག་གང་སྤྲད་ནས། ཁྲལ་མི་དགོས་པའི་ཡིག་ཆ་དེ་རྫུན་མ་ཡིན་པའི་ངོས་ལེན་བྱེད་རོགས་དེ་མིན་བྱ་ཟེ་དཔོན་གྱི་གོ་གནས་ལས་ཕབ་འགྲོ་གི་འདུག་ཅེས་བཤད་པར། སྐལ་བཟང་ནོར་བུ་ནི་བྱ་ཟེ་དཔོན་ལ་དད་གུས་ཚད་མེད་བྱེད་མཁན་ཞིག་ཡིན་སྟབས། དངུལ་དེ་ཚོ་ང་ལ་མི་དགོས་ཁྱེད་རང་ཚོ་ཆབ་མདོ་ས་དབང་དྲུང་དུ་བཅར་ནས་གྱོད་ནང་འགྲིག་བྱུང་སྐོར་ཡི་གེ་ཕུལ། ངས་ཀྱང་ངོས་ལེན་ཡི་གེ་སྤྲད་དགོས་ཞེས་བཤད་པར་དེ་དོན་བཞིན་ཆབ་མདོ་ས་དབང་ལ་སྙན་ཞུ་ཕུལ་བས། སླར་ཡང་གྱོད་ནང་གྲོས་ཆོག་པའི་བཀའ་ཁྲོལ་ཐོབ་ནས་བྱ་ཟེ་དཔོན་གྱི་གོ་གནས་སྔར་བཞིན་གནས་པ་དང་བློན་ཆེན་གཞན་ཚོས་སྐལ་བཟང་ནོར་བུ་ལ་མ་ཉེས་ཁ་ཡོག་བྱས་པར་ངོས་ལེན་བྱས་ཏེ་ཕན་ཚུན་གྱོད་འདུམ་འགྲིག་ཡག་པོ་བྱུང་ཡོད།
དེ་རྗེས་བྱ་ཟེའི་བློན་ཆེན་རེ་འགས་གཡོ་རྒྱུ་འཁྲབ་ནས་སྐལ་བཟང་ནོར་བུ་བྱ་ཟེ་ཡོངས་རྫོང་དུ་སྐད་བཏང་སྟེ་བྱ་ཟེའི་ཚང་དབང་གི་གོ་གནས་འཛིན་དགོས་སྐོར་བཤད་དེ་གོ་གནས་སྤར་བས། དེ་ལ་སྐལ་བཟང་ནོར་བུ་དོགས་གཞི་ཅུང་ཟད་བྱུང་ནས་གནས་ཚུལ་ལྟ་ཞིབ་བྱས་མཐར། དུས་དེར་ཁྱུང་པོ་སྒེར་རུ་ཤོག་བརྒྱད་ནས་ལྷ་སར་དམག་སྤྱི་གཉིས་གཏང་འཆར་ཡོད་པའི་ཁྲོད་དུ་ཁོང་ཚུད་ཡོད་པ་ཤེས་རྟོགས་བྱུང་མཐར། སྐལ་བཟང་ནོར་བུས་ལྐོག་ནས་ག་ཤེལ་དགོན་དུ་ཡི་གེ་བཏང་ནས་གནས་ཚུལ་སྙན་གསན་ཞུས་པས་དགོན་པས་ཐད་ཀར་སྡོམ་པར་བང་ཆེན་བཏང་བ་དང་། སྡོམ་པའི་མི་ཆེན་རྣམས་ཡོངས་རྫོང་དུ་ཕྱིན་ནས་སྐལ་བཟང་ནོར་བུ་དྲག་ཤུལ་གྱི་རྣམ་པའི་ཐོག་ནས་ཐད་ཀར་འཛིན་བཟུང་བྱས་པ་དང་། རྒྱག་ཁུལ་རྡུང་ཁུལ་བྱས་ཏེ་ཕོ་བྲང་ནས་བཏོན་རྗེས་འཁྲིད་མ་དྲུད་ཀྱིས་རྒྱང་རིང་དུ་རྟ་གྲ་སྒྲིག་བྱས་པ་དེའི་བར་དུ་སོང་བ་དང་དེ་ནས་རྟ་ལ་བཀྱོན་ཏེ་ཐད་ཀར་ག་ཤེལ་དགོན་དུ་ཕྱིན་ནས་སྔར་བཞིན་ཡིག་བྲིས་ཀྱི་ཕྱག་ལས་བསྐྱོན་པར་གྲགས། །
ག་རྒྱ་འགྲམ་ནག་དང་ཞང་ཞུང་སྐལ་བཟང་ནོར་བུ།
ག་རྒྱ་འགྲམ་ནག་གམ་ག་རྒྱ་དཀོན་མཆོག་རྒྱལ་མཚན་ ( ༡༩༠༧-༡༩༤༤ ) ནི་ཧོར་སྤྱི་ཁྱབ་རྒྱལ་པོའི་བློན་ཆེན་ཧོར་ཚོ་པ་སོ་དགུའི་མངའ་ཁོངས་ནས་དཔའ་སྙིང་སྟོབས་ཀྱི་མཚན་སྙན་འབར་མཁན་ཞིག་ཡིན་པ་དང་། ག་རྒྱ་ཚང་ནི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་བསྟན་སྦྱིན་དང་ཧོར་ཚོ་སོ་དགུར་སྙན་གྲགས་མཆེད་པའི་ཁྱིམ་དུད་ཅིག་ཡིན། སྐལ་བཟང་ནོར་བུ་དང་ག་རྒྱ་འགྲམ་ནག་གཉིས་ལྷ་སར་མཇལ་འཕྲད་བྱུང་སྟེ་ཕན་ཚུན་ཧ་ཅང་གློ་བ་ཉེ་པོ་ཞིག་བྱུང་ཡོད་འདུག དོན་ཡང་སྙིང་ག་རྒྱ་དང་ཞང་ཞུང་ཚང་བར་དུ་མཛའ་འབྲེལ་ཟབ་དོན་ཤེས་རྟོགས་(11)མི་ནུས་རུང་། བཤད་སྲོལ་ལྟར་ན་ག་རྒྱ་འགྲམ་ནག་མཆོག་སྐབས་དེར་ལྷ་སར་ག་ཚབ་གཉིས་ཀྱི་གྱོད་དོན་དུ་ཡོང་བ་དང་། སྐལ་བཟང་ནོར་བུའི་ཁོང་ལ་ཁྲིམས་གཏུག་ཞུ་ཡིག་འབྲི་རྒྱུའི་ཐད་ནས་ཕྱག་རོགས་མང་པོ་མཛད་པས་གྲོགས་པོ་བྱུང་སྐོར་གླེང་སྲོལ་མཆིས།
ཕྱིས་སྐལ་བཟང་ནོར་བུ་རང་ཡུལ་དུ་ཕྱིན་རྗེས་ག་རྒྱ་འགྲམ་ནག་མཆོག་ཆེད་གཉེར་གྱིས་ཁྱུང་ཡུལ་ག་ཐར་སྐལ་བཟང་ནོར་བུར་ཐུག་འཕྲད་དུ་ཕྱིན་ནས་ཉིན་ཤས་ལྷོད་ལྷོད་ངང་གླེང་མོལ་བྱས་ནས་བསྡད་པ་དང་། སྐལ་བཟང་ནོར་བུས་ག་རྒྱ་འགྲམ་ནག་ལ་སྟོན་མོ་ཆེན་པོ་བཤམས་ནས་ཕན་ཚུན་གློ་བ་ཉེ་བའི་སྐད་ཆ་བཤད་རེས་བྱས་ཏེ་དགའ་སྟོན་ལ་རོལ། སྐབས་དེར་ག་རྒྱ་འགྲམ་ནག་མཆོག་ལ་རྟེའུ་ཧ་ཅང་འགྲོས་མ་ཞིག་ཡོད་འདུག་པ་དེ་སླད་ཕྱིན་ཞང་ཞུང་སྐལ་བཟང་ནོར་བུ་ལ་བཙོང་རྒྱུའི་གྲོས་འཆམ་བྱུང་བ་དང་། མ་འོངས་པར་མུ་མཐུད་ཕྱག་ལས་མཉམ་འབྲེལ་བྱེད་རྒྱུའི་ཐད་ལ་གྲོས་མོལ་མང་པོ་བྱས་ཡོད་འདུག ག་རྒྱ་ཚང་ནི་ནང་རྟེན་གསུང་རབ་འབྲི་བཞེངས་ཧ་ཅང་གཉེར་མཁན་ཞིག་ཡིན་པས་སྐབས་དེར་ཁོང་ཡི་གེ་འབྲི་རུ་ག་རྒྱ་ཚང་དུ་ཡོང་དགོས་པའི་སྐུལ་མ་ཡང་བྱས་ཡོད་སྲིད།
དེ་རྗེས་སླར་ཡང་ག་རྒྱ་འགྲམ་ནག་མཆོག་ཞང་ཞུང་སྡོམ་པར་ཐེངས་གཉིས་དེ་ཡོང་བ་དང་། དུས་དེར་སྔར་གྱི་ཁ་ཆད་བཞིན་ག་རྒྱ་འགྲམ་ནག་གིས་སྐལ་བཟང་ནོར་བུ་ལ་རྟ་དེ་བཙོང་ནས་རྟ་རིན་དུ། འབྲི་མར་རྐྱང་རྐྱང་སྤྲད་པར་གྲགས། ཐེངས་དེར་ག་རྒྱ་འགྲམ་ནག་ཞག་ཤས་བསྡད་དེ་ཕན་ཚུན་མཛའ་བརྩེ་ཟབ་པའི་སྐད་ཆ་བཤད་རེས་བྱས་ནས་བསྡད། ག་རྒྱ་འགྲམ་ནག་ནི་སྤྱིར་བཏང་མི་ཡ་རབས་གཞུང་དྲང་ཅན་ཞིག་ཡིན་པས་སྐལ་བཟང་ནོར་བུའི་མི་གཞི་དང་ཀུན་སྤྱོད་ལ་ཡིད་སྨོན་ཤོར་ནས་གྲོགས་པོ་ནང་མ་ཞིག་ཏུ་རྩི་གི་ཡོད་འདུག་ལ། སྐལ་བཟང་ནོར་བུས་ཀྱང་ག་རྒྱ་འགྲམ་ནག་གི་འཇོན་ཐང་དང་དཔའ་རྩལ་ཡ་རབས་གཞུང་དྲང་ལ་དེ་བས་བློ་ཡིད་གུས་ནས་ཁོང་གཉིས་ཕན་ཚུན་གྲོགས་འབྲེལ་བརྟན་པོ་ཞིག་བྱུང་ཡོད་འདུག
སྐབས་དེར་ག་རྒྱ་འགྲམ་ནག་ནི་དབུས་ཉི་མ་ལྷ་ས་ནས་ཤར་དེམ་ཆིའི་བར་དུ་སྐད་གྲགས་ཡོད་པའི་མི་སྣ་ཞིག་ཡིན་མོད། ཁོང་གིས་ཞང་ཞུང་སྐལ་བཟང་ནོར་བུ་ལ་གུས་རྩི་དང་ཕན་ཚུན་ཆེ་མཐོང་བྱེད་ཕྱོགས་ལ་གཞིགས་ན་སྐལ་བཟང་ནོར་བུ་ནི་སྤྱིར་བཏང་ཡིག་གཟུགས་མཁན་པོ་ཙམ་མ་ཡིན་པར་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་གལ་ཆེན་ཞིག་ཡིན་པར་ཡོངས་སུ་རྟོགས། མ་ཟད་ཁྱུང་ཡུལ་སྟོད་ཀྱི་རྒན་རིགས་ཕལ་མོ་ཆེར་ཁོང་གོ་རྟོགས་མེད་མཁན་ཧ་ལམ་མི་འདུག་ལ། ཡུལ་གྱི་རྒན་རབས་ཕལ་མོ་ཆེའི་ངག་ལས་བྱ་སྒར་གཉིས་ཀྱི་གྱོད་འདུམ་བྱས་སྐོར་དང་ཕྱིས་བྱ་ཧང་ཤོག་བཞིའི་མ་ཉེས་ཁ་ཡོག་ལ་དགྲ་ལན་སློག་སྐོར་ནི་གླེང་ཤུགས་ཆེན་པོ་ཞིག་ཡིན། །
མཐའ་བསྡོམས་བརྗོད་པ།
ད་ལན་ཞང་ཞུང་སྐལ་བཟང་ནོར་བུའི་མི་ཚེའི་ངོ་སྤྲོད་འདི་ཕྲན་གྱི་གོ་ཐོས་གང་ཡོད་དང་། ལྷག་ཏུ་ཕུ་བོ་ཚེ་རིང་ནོར་བུ་ལགས་ཀྱིས་ལོ་མང་ཡུལ་གྱི་རྒན་རབས་དུ་མར་བཅར་འདྲི་བྱས་པ་རྣམས་གཞི་བཞག་ནས་བྲིས་པ་ཞིག་ཡིན། ཞང་ཞུང་སྐལ་བཟང་ནོར་བུ་ནི་སྤྱིར་བཏང་གི་ཡིག་བྲིས་པ་ཙམ་ཞིག་མ་ཡིན་པར་ཁྱུང་སེར་དཔོན་གྱི་བློན་ཆེན་ཡིན་པ་དང་། ད་ཆ་ཁྱུང་ཡུལ་དུ་བྲིས་ཁམས་མི་འདྲ་བ་བྲིས་རྒྱུན་མི་འདྲ་དུ་མའི་ཁྲོད་ནས་ཁྱུང་བྲིས་ཀྱི་རྒྱལ་པོ་ཞེས་སྨོས་ན་ཆོག་པ་ཞིག་ཡིན་ལ། ཁྱུང་པོའི་ཡིག་གཟུགས་ཀྱི་བྲིས་ཐང་རྣམས་འཛམ་གླིང་ཅི་ཉིའི་ཟིན་ཐོ་ (Guinness World Record) རུ་བཀོད་ནས་སྙན་གྲགས་ཧ་ཅང་ཆེན་པོ་གྱུར་ཡོད་མོད།
ཡིག་བྲིས་ཡར་ཐོན་གྱི་གོམ་སྟབས་ལ་ཤུགས་སྣོན་འཕར་མ་ཞིག་སྤོ་མཁན་ནི་ཞང་ཞུང་སྐལ་བཟང་ནོར་བུ་ཡིན་པར་བཤད་ཆོག མ་ཟད་ཁྱུང་བྲིས་འབྲུ་མ་འདི་བཀའ་བརྟེན་གསུང་རབ་ཁྲོད་དུ་མཐོང་རྒྱུ་ཧ་ཅང་མང་བས་བོད་ཀྱི་རིག་གནས་ལ་ཞབས་ཕྱི་ཆེན་པོ་ཞུས་ཡོད། ཁྱུང་ཡུལ་དུ་དར་བའི་འབྲུ་མའི་ཡིག་གཟུགས་འདི་ནི་བོད་ཀྱི་ཡིག་གཟུགས་ཁྲོད་ནས་མཛེས་བརྗིད་ཆེ་ལ་རིན་ཐང་ཆེ་བ་ཞིག་ཡིན། མདོར་ན་རིག་གནས་དང་ཁྱུང་གི་ལོ་རྒྱུས་གཉིས་ཐད་དང་འབྲེལ་བ་ཡོད་སྟབས་འདིའི་སྐོར་གསལ་འདོན་ངོ་སྤྲོད་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ད་ལན་རྩོམ་ཡིག་འདིར་དཔྱད་གཞིའི་རྒྱུ་ཆ་མ་འདང་བའི་ཆ་ནི་སྐལ་བཟང་ནོར་བུའི་ཡིག་གཟུགས་སློབ་མ་གྲགས་ཅན་རིག་ཚ་ཨོ་དྭངས་མཆོག་སོགས་མི་སྣ་དུ་མར་བཅར་འདྲིའི་གོ་སྐབས་མ་རག་པ་དག་ཡིན། འོན་ཀྱང་སྐལ་བཟང་ནོར་བུའི་བུ་མོ་ལྷ་སྐལ་གྱི་བཤད་རྒྱུན་དང་། སྐལ་བཟང་ནོར་བུ་དང་དངོས་སུ་གྲོགས་འབྲེལ་བྱུང་མྱོང་བའི་ཡུལ་གྱི་རྒན་རབས་ཀྱི་བཤད་རྒྱུན་ལ་དག་ཐེར་གང་ཐུབ་བྱས་ནས་བཀོད་ཡོད། དཔྱད་རྩོམ་འདི་ཉིད་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༦ ཉིན་བོན་རིག་པའི་བགྲོ་གླེང་ཐེངས་དང་པོའི་སྐབས་སྒྲོག་སྦྱོང་ཞུས་ཡོད།། །།
ཟུར་མཆན།
1) བོན་ཕྱོགས་ནས་ཞང་སྟོན་ཉི་མ་བཟང་པོ་དང་། ཞང་དམ་པ་ཚུལ་ཤེས། ཞང་སྟོན་ཚུལ་ཁྲིམས་བློ་ལྡན། ཞང་བར་ཐང་པ་ཆེན་པོ། ཞང་སྟོན་བསོད་ནམས་རིན་ཆེན། ཞང་སྟོན་ཚུལ་ཁྲིམས་འབྱུང་གནས་སོགས་གདན་སའི་བླ་རབས་ཁྲོད་དུ་མང་པོ་བྱུང་ལ། བན་དེའི་ཕྱོགས་སུ་ཞང་གྲོ་ལུང་པ་བློ་གྲོས་འབྱུང་གནས་དང་། ཞང་འགྲོ་བའི་མགོན་པོ། ཞང་སྟོན་བསྟན་པ་རྒྱལ་མཚན། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག ཞང་བཙུན་རྡོ་རྗེ་འོད་ཟེར། ཞང་ཚེ་སྤོང་ཆོས་ཀྱི་བླ་མ། ཞང་བརྩོན་འགྲུས་གྲགས་པ་སོགས་སྔ་ཕྱིར་སྐྱེས་ཆེན་ཇི་སྙེད་ཅིག་བྱུང་ཡོད་པ་བཅས་སོ། །
2) ཞང་ཞུང་སྡོམ་པ་ཞེས་པའི་འབྲོག་སྡེ་སྔོན་ཆད་ཁྱུང་པོ་སེར་ཚའི་ཡུལ་སྡེ་འགས་འབྲོག་ས་བཅས་ནས་རིམ་བཞིན་འཕེལ་བ་ཞིག་ཡིན་པར་སྙམ། ཡུལ་གྱི་བཤད་སྒྲོས་ལ་སྡོམ་པ་ནི་བྱ་ཟེའི་ལྷ་སྡེ་ཡིན་ཟེར་སྲོལ་ཡོད་ལ། སྔོན་ཆད་སྡོམ་གྱི་ཞང་ཞུང་ཚེ་རིང་ཕུན་ཚོགས་ཚང་དང་སེར་ཚའི་རྒྱས་འགག་གི་ཞང་ཞུང་ཚང་གཉིས་ཁྱིམ་དུ་བུ་མ་བྱུང་དུས་ཕན་ཚུན་བུ་ཡར་སྤྲད་མར་སྤྲད་བྱེད་སྲོལ་ཡོད་པས་ཁྱིམ་ཚང་གཅིག་ནས་ཆད་པ་ཞིག་ཡིན་པའི་སྒྲུབ་བྱེད་དུ་གྱུར་སྙམ།
3) ཁྲི་རྡོ་དང་སྡོམ་པའི་བར་དུ་གནའ་དུས་རྟ་ཡི་ཉིན་ལམ་གཅིག་གི་ཆོད་པའི་ས་གནས་ཤིག་ཡིན།
4) ཚོ་དེམ་ནི་ཚོ་པ་སོ་དགུ་དང་དེམ་ཆི་ཉི་ཤུ་རྩ་ལྔ་གཉིས་ཀྱི་བསྡུས་མིང་ཡིན།
5) དུས་འགྱུར་སྐབས་ག་ཤེལ་དགོན་འཐོར་ཞིག་བྱུང་དུས་མ་རྒྱུད་སྒྲུབ་སྐོར་འདི་ཉིད་ཁྲི་རྡོ་མགར་ཆུང་བཟོད་པས་ཉར་ཚགས་ཐུབ་པ་དང་། ཕྱིས་༧སྨན་རིའི་༧ཡོངས་འཛིན་སློབ་དཔོན་བསྟན་བསྟན་འཛིན་རྣམ་དག་རིན་པོ་ཆེ་ཁྱུང་ཡུལ་དུ་ཕེབས་དུས། མ་རྒྱུད་སྒྲུབ་སྐོར་དེ་ཁོང་ལ་ཕུལ་བས་ད་ལྟ་གདན་ས་ཁྲི་བརྟན་ནོར་བུ་རྩེར་བཞུགས་ཡོད།
6) མ་ནི་གཡུང་དྲུང་མཐར་ཕྱིན་ནི་ཁྱུང་ཡུལ་གྱི་གྲགས་ཆེ་བའི་མ་ནིའི་བྲིས་ཁམས་འཛིན་མཁན་གྱི་ཡིག་བྲིས་པ་རྩེད་ཕུད་ཅིག་ཡིན་ལ། ད་ལྟ་གདན་ས་༧ཁྲི་བརྟན་ནོར་རྩེར་སློབ་གཉེར་གནང་མུས་ཡིན།
7) མགོ་ལ་རྣམ་དག་ནི་ཞང་ཞུང་སྐལ་བཟང་ནོར་བུའི་བྲིས་ཁམས་འཛིན་མཁན་ཞིག་ཡིན་ལ། དེང་སྐབས་ཁྱུང་ཡུལ་ག་ཐའི་རྒྱུད་ནས་བྲིས་པ་སྙན་གྲགས་ཆེ་ཤོས་ཤིག་ཡིན།
8) སྤྱིར་སྐལ་བཟང་ནོར་བུའི་བྲིས་རྩིས་ཡིག་གསུམ་ནི་སྙན་གྲགས་ཡོད་པ་ཞིག་ཡིན་མོད། འོན་ཀྱང་སྡེ་པ་གཞུང་ནས་ཁོང་མཐོང་ཆེན་བྱེད་དོན་ནི་ཕྱི་ལོ་ ༡༠༡༢ ལོ་ནས་བོད་སྲིད་གཞུང་གིས་ཚོ་པ་སོ་དགུ་དབང་བསྒྱུར་ཏེ། ཡུལ་དེ་གའི་མི་སྣ་སྟོབས་ཆེན་རྣམས་ཐབས་ཤེས་སྣ་ཚོགས་ཀྱིས་ནུས་མེད་དང་གཉའ་གནོན་བྱེད་མུས་ཡིན་ལ། ཞོར་དུ་དགེ་ལུགས་ཀྱི་ཆོས་ལུགས་སྤེལ་རྒྱུར་བྲེལ་ནས་ཡོད་པས་བསླུ་བྲེད་ཀྱི་རྙི་ཐག་ཞིག་ཀྱང་ཡིན་སྲིད།
9) སྤྱི་ཁྱབ་གྲགས་རྣམ་ནི་བོད་སྲིད་གཞུང་གིས་ཚོ་པ་སོ་དགུའི་ཡུལ་དུ་བསྐོ་བཞག་བྱས་པའི་བྱང་སྤྱི་དང་པོ་དེ་ཡིན། ཁོང་ཕ་ཡུལ་ཚ་བ་པ་ཤོད་ནས་ཡིན་པ་དང་མི་འཇོན་ཐང་ཆེ་ཞིང་ཁྲིམས་དྲང་མོ་ཅན་ཞིག་ཡིན།
10) གོང་གསུམ་དང་། སྲིབ་པ། འབུ་ཚབ། ཁྲ་རུ་བཞི་ལ་ཟེར།
11) སྐབས་དེར་ཁོང་གཉིས་གྲོས་འཆམ་གླེང་སློང་གི་རྒྱུད་རིམ་ལ་ང་ཚོས་ཚོད་དཔག་བྱས་ན་དོན་གནད་ཁ་ཤས་མཐོང་བ་ནི། ཧོར་ཚོ་པ་སོ་དགུ་དེ་སེ་ར་དགོན་པའི་ཆོས་གཞིས་བྱས་པ་དང་། བྱང་སྤྱི་ཞེས་པའི་སེ་རའི་མཁན་པོ་ཞིག་ཚོ་པ་སོ་དགུའི་ཡུལ་དུ་ཕྱིན་ནས་ཁྲལ་བསྡུའི་ལས་འགུལ་སྤེལ་ཞོར་བོན་ཆོས་ལ་འཕྱ་སྨོད་བྱས་པ་མ་ཟད། དགེ་ལུགས་པའི་ཆོས་ལུགས་སྤེལ་རྒྱུའི་བྱ་འགུལ་མང་དུ་བརྩམས་པས། ཚོ་པ་ཚོ་དགུའི་ཡུལ་གྱི་བོན་ཆོས་འཛིན་པའི་མི་སྣ་བླ་དཔོན་ཕལ་ཆེར་ལས་དོན་དེ་ལ་ཞེན་པ་ལོག་པ་མ་ཟད། ངོ་ལོག་གི་རྣམ་འགྱུར་རབ་དང་རིམ་པ་སྤེལ་བཞིན་ཡོད། དེའི་ཁྲོད་ནས་ལས་འགུལ་དེ་ལ་ངོ་རྒོལ་ཤུགས་ཆེར་བྱེད་མཁན་ཞིག་ནི་ག་རྒྱ་འགྲམ་ནག་ཡིན། ག་རྒྱ་འགྲམ་ནག་གིས་ག་རྒྱ་ཚང་གི་དར་ནག་ཁྱེར་ནས་ཇོ་ཁང་ལ་བོན་སྐོར་བརྒྱབ་པ་དང་། སེ་རའི་འདུ་ཁང་ནས་སྐེད་ཁྲི་མ་ཕབ་ནས་བོན་སྐོར་བརྒྱབ་པ་སོགས་མི་འདོད་པའི་རྣམ་འགྱུར་ཅི་རིགས་བསྟན་པར་གྲགས། བྱས་ཙང་སྐབས་དེར་ག་རྒྱ་འགྲམ་ནག་དང་ཞང་ཞུང་སྐལ་བཟང་ནོར་བུ་གཉིས་ནས་ཚོ་པ་སོ་དགུའི་ཁུལ་གྱི་བྱང་སྤྱིའི་གནོན་ཤུགས་དང་ཆོས་ལུགས་དབང་བསྒྱུར་ལ་སླད་ཕྱིན་གདོང་ལེན་ཇི་ལྟར་བྱ་དགོས་མིན་ཐད་གླེང་སློང་བྱས་ཡོད་སྲིད་ལ། དུས་དེར་ཚོ་པ་ཚོ་དགུ་དང་ཕན་ཚུན་དགྲ་ཇག་བྱེད་སའི་དེམ་ཆིའི་ཡུལ་སྡེ་ལ་གདོང་ལེན་བྱེད་རྒྱུའི་གྲོས་འཆར་སོགས་བྱུང་ཡོད་སྙམ།