ཁྱུང་མཁར་ཐལ་རྫོང་ངོ་སྤྲོད།
ཁྱུང་མཁར་ཐལ་རྫོང་ངོ་སྤྲོད།
དགེ་གཤེན་ཚེ་ཚང་འོད་ཟེར་རྒྱལ་མཚན།
ཁྱུང་སེར་འབུམ་རྗེ་གྲགས་པའི་རྫོང་ཆེན་བཅོ་བརྒྱད་སྤྱིར་གླེང་བ།
ད་ལྟ་མཇལ་ཡུལ་དུ་ཡོད་པའི་ཁྱུང་རབས་གང་རྙེད་རྣམས་ཕྱོགས་བསྒྲིགས་ཞིག་བྱ་ཐུབ་ན་དོན་གཉེར་ཅན་མང་པོ་ཞིག་ལ་ཕན་ཐོག་འབྱུང་བར་བསམ་ཡང་རེ་ཞིག་ཕྱིར་ཤོལ་དུ་ལུས། ཉེ་ལམ་འགའ་ཞིག་ནས་དེ་སྔོན་གུས་པས་བྲིས་པའི་ << ཁྱུང་པོ་གསེར་ཚའི་ལོ་རྒྱུས་སྲིད་པ་རྒས་པོའི་འབེལ་གཏམ་ >> ནང་མི་སྣའི་ལོ་དུས་དང་ལུང་འདྲེན་དཔྱད་ཁུང་འགའ་ཞིག་ནོར་བ་དང་གསལ་པོ་མེད་རིགས་ལ་དག་བཤེར་དགོས་པའི་དགོངས་ཚུལ་གསུངས་གནང་བའི་རྐྱེན་གྱིས་སླར་ཡང་ཁྱུང་རབས་བསྡུ་བསྒྲིགས་ཀྱི་ལས་དོན་དེ་མུ་མཐུད་པར་བྱས།
ད་ལན་དཔེ་འཚོལ་དང་དཔེ་ཀློག་གི་རྒྱུད་རིམ་དང་འགྲོག་སྟེ་གུས་རང་ཉིད་ཆུང་ནས་འདྲིས་པའི་ས་ཆ་གལ་ཆེན་ཞིག་ངོ་སྤྲོད་བྱ་འདོད་བྱུང་། ཁྱུང་དཀར་ནག་སེར་གསུམ་གྱི་ལོ་རྒྱུས་དེབ་ཐེར་ཁག་དང་ངག་རྒྱུན་སོགས་ལ་གཞི་བཅོལ་ཏེ། ཁྱུང་སེར་གྱི་དཔོན་རབས་གླེང་སྐབས་ཁྱུང་སེར་འབུམ་རྗེ་གྲགས་པ་ནི་ཧ་ཅང་གི་དབང་དང་མཛད་རྗེས་ཅན་གྱི་མི་སྣ་ཞིག་ཡིན་པར་རྟོགས་ཡོང་། འབུམ་རྗེ་གྲགས་པ་ནི་ཁྱུང་སེར་དཔོན་གེ་འབུམ་དང་སྟག་ལུང་ཟ་བོན་མོ་གཉིས་སུ་ཁྱུང་སེར་རྒྱལ་པོའི་འབྲོག་གི་དབྱར་ས་རུ་གྲགས་པའི་རུ་གཞུང་འབུམ་མཚོའི་ཚེ་ལུང་ནང་སྐུ་བལྟམས།
ཁྱུང་རབས་ལོ་རྒྱུས་དང་ངག་རྒྱུན་སོགས་ལ་གཞིག་ན་ཁོང་གི་མཛད་རྗེས་རྣམས་ཀྱི་ཆེ་བ་བརྗོད་ཕྱིར་འབུམ་རྗེ་གྲགས་པས་ཉིན་གཅིག་ལ་རྫོང་ཆེན་བཅོ་བརྒྱད་སོགས་བཞེངས་པར་བཤད་ཀྱང་། གང་ལྟར་ཁོང་གི་སྐུ་ཚེའི་ནང་གཡས་གཡོན་ས་གནས་མང་པོ་ཞིག་དབང་དུ་བསྡུས་པར་མ་ཟད་ཡུལ་ཕྱོགས་གཞན་ནས་ཡོང་བའི་ཚོང་པ་དང་འགྲུལ་པ་སོགས་ཁྱུང་སེར་ས་ཁོངས་ནས་བརྒྱུད་དགོས་ཚེ་དཔྱ་ཁྲལ་འཇལ་དགོས་པ་སོགས་ཧ་ཅང་གི་དབང་ཐང་དང་ནུས་སྟོབས་ཅན་ཞིག་ཡིན་པ་གསལ།
འདིར་བཤད་བྱའི་རྫོང་ཆེན་བཅོ་བརྒྱད་ཐད་གྲངས་འདྲེན་ཚུལ་མི་འདྲ་བ་འགའ་ཞིག་འདུག་པ་དཔེར་ན། << ཞེས་པ་མ་ཡིག་གཡུ་མགོ་མ་འདི་ནི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་དུ་རྟོག་གོ་ཞེས་བྱ་བ་བཞུགས། >> (1) ཞེས་པ་ལས། “ ཁྱུང་གི་འབུམ་རྗེ་གྲགས་པ་དེས། ཉིན་གཅིག་ལ་རྫོང་བཞི་བཞག་ཚུལ་ནི། །སྤུ་ཡི་དཀར་མོ་འབུམ་རྫོང་དང་གཅིག གསེར་མདོ་སྔོན་མོ་གཡུ་རྫོང་དང་གཉིས། སྟག་སྡེ་སྟག་རྫོང་ཁྲ་མོ་དང་གསུམ། །རྨ་རོང་ནག་རྫོགས་མདའ་མཁར་དང་བཞི། །མོང་རྩེ་གད་མཁར་སྐྱ་བོ་དང་ལྔ། །ར་སྐྱེས་སྲིན་པོའི་མཁར་དམར་རྫོང་དང་དྲུག །གཟིག་ལུང་ཚེར་མཁར་ཟངས་རིང་དང་བདུན། །གྲིབ་གདོང་མཁར་ནག་ཡོལ་བ་དང་བརྒྱད། །སྒོ་རའི་དམར་འགྱིལ་མ་དང་དགུ། །ཝ་མཁར་སྦི་ལི་ཞབས་རྫོང་དང་བཅུ། །ཆུ་འབུམ་རྟ་བྲང་ཆེ་རྫོང་དང་བཅུ་གཅིག །དགུ་ཡ་འབྲས་ཀྱི་ཐུན་རྫོང་སྔོན་མོ་དང་བཅུ་གཉིས། །སྟོད་ན་དཔོན་པོ་བྲག་དཀར་སེང་གེ་རྫོང་དང་བཅུ་གསུམ། །སྨད་ན་གཡོག་མོ་ཁྲུ་ད་རྫོང་དང་བཅུ་བཞི། །བར་ན་བློན་པོ་སྐྱ་ག་རྫོང་དང་བཅོ་ལྔ། །ངད་ཁྱིམ་ཤྭ་བ་ཡུ་མོ་རྫོང་དང་བཅུ་དྲུག །ཐོད་རྫོང་སྟག་མོ་ངར་བ་རྫོང་དང་བཅུ་བདུན། །རི་དམར་མེ་རི་འབར་བའི་རྫོང་དང་བཅོ་བརྒྱད། །འབུམ་རྗེས་བཞེངས་སོ། །” ཞེས་པ་ཞིག་དང་།
ཡང་། << ཁྱུང་གི་གདུང་རབས་ལོ་རྒྱུས་མ་ཡིག་གཡུ་མགོ་མ་ཞེས་བྱ་བ་བཞུགས་པ་ལེགས་སོ། >> (2) ཞེས་པ་ལས། “ གཞན་ཡང་འབུམ་རྗེ་གྲགས་པ་ཁོང་གིས་དཔུང་ཆེན་དམག་གི་ལས་བྱས་ནས། ན་དམར་མཚོ་ཁ་ཚུན་ཆད། །འབྲི་འདམ་བྱང་ལ་ཚུན་ཆད། །དངུལ་ཆུ་གསེར་ལྡན་ཡན་ཆད་དུ། །ས་མི་འགྱུར་རྫོང་གཞི་བཅོ་བརྒྱད་བཞག །སྒར་ཐོག་མགྲོན་པོའི་ཇ་ཁྲལ་བླངས། །ཞེས་པས། སྒར་ཁང་གསེར་ཁང་ཁྲ་མོ་ཡར་ལ་བཅད། བྱ་ཟེ་དམར་མོ་ཇ་ཡིས་བརྡུངས། རྫོང་གཞི་བཅོ་བརྒྱད་འགོ་འདྲེན་པ། །གོང་གསུམ་བཙན་གྱི་འགྲིམས་ལམ་ན། །བཙན་ལྕམ་དམར་མོའི་ཁ་གནོན་ལ། དགྲ་འདུལ་མཐིང་མཁར་སྔོན་མོ་བརྡུངས། །རུ་གཞུང་དགྲ་ཡི་འགྲིམ་ལམ་ན། །དགྲ་ཐལ་བ་བརླག་པའི་ཐལ་རྫོང་བརྡུངས། །རི་གླང་ཆེན་འགྱིང་འདྲའི་རི་འགོ་ན། །རྫོང་སྨུག་པོ་གུ་ལངས་ཁྲག་གིས་བརྡུངས། །འབའ་རུ་ཆུ་ལ་ཉིན་སྲིབ་དེ། །ནམ་མཁོའི་དུས་སུ་ཡོད་ལེ་བྱས། །ལྕི་སྟོད་ལྕི་སྨད་ས་མཚམས་ན། །ལྕི་ཡི་རྩ་ར་རྫོང་འགོ་བརྡུངས། །བེར་འབྲོང་གཉིས་ལ་ས་མཚམས་བྱས། །རྐེ་རྫི་མཁར་དཀར་འོ་མས་བརྡུངས། །སྒོམ་སྡེ་ཚོ་ལ་ས་མཚམས་བྱས། །ཤག་གི་སྦང་ངུ་ཟམ་སོ་ན། །འབུམ་རྗེའི་ཤེལ་དཀར་སྨུག་ཆུང་བརྡུངས། །ཕོ་ཧ་གོ་མང་པོས་གཏམ་དེ་བསྐོར། །སྟོད་སྨད་ཧོར་བོད་དབང་དུ་བསྡུས། །སོག་ལྷ་རི་ལྷ་རྩེ་ལྷ་མཁར་གསུམ། །ཁྱུང་པོ་སྐྱིད་པའི་མཁར་གསུམ་བརྡུངས། །མི་དཔོན་དར་ཐོག་བརྒྱ་རེ་འཚོགས། །ཕོ་ངར་ཆེན་མང་པོའི་གཡས་རུ་ཕབ། །རྨ་དང་དཔལ་སྐྱེམ་བར་མཚམས་ན། །སྟོད་ན་རྒྱལ་པོ་སེང་གེ་རྫོང༌། །བར་ན་བློན་པོ་སྐྱ་ག་རྫོང༌། །སྨད་ན་གཡོག་མོ་ཁྲུ་ད་རྫོང༌། །ས་མི་འཆུག་པ་ཡི་རྫོང་གསུམ་བརྡུངས། །ལྷོ་ས་དམར་རྫའི་བུ་དྲུག་ན། །རི་ཤ་རྒྱ་གཉིས་ཀྱི་ཁྲལ་དེ་བླངས། །གྲེས་མདའི་བྱ་ནག་བྱིལ་རྫོང་བརྡུངས། །ཁྲ་ནག་གཉིས་ལ་གཏེ་ནག་བྲེས། །མང་ཚེའི་གད་མཁར་སྐྱ་བོ་བརྡུངས། །རིས་སར་དགྲ་མདའ་ཟིལ་མོ་དེ། །གཡས་སྟག་གདོང་ནང་ལ་ཇམས་སེ་བཞག །ནམ་མཁོའི་དུས་སུ་ཡོད་པར་བྱས། །སྟག་མདའི་སྟག་རྫོང་ཁྲ་ཡག་བརྡུངས། །ཁྲོམ་ཚང་གཞུ་མོ་ཀླད་ཆེན་དེ། །གཡོན་གཟིག་ཤུབ་ནང་ལ་ཇམས་སེ་བཞག །ནམ་མཁོ་བའི་དུས་སུ་ཡོད་ལེ་བྱས། །ར་སྐྱེས་སྲིན་པོ་མཁར་དམར་བརྡུངས། །འབྲུ་རོང་པོ་གཉིས་ལ་གཉའ་སྒ་གཏད། །གོང་སྔོན་ཉག་གི་ལམ་གོང་དུ། །གསེར་ཀ་བདག་གི་ཆུང་རྫོང་བརྡུངས། །རྒྱ་དབུས་མགྲོན་པོའི་ཁྲལ་ལམ་བླངས། དེ་རྫོང་གཞི་བཅོ་བརྒྱད་བཞག་ཚུལ་ལོ། ། ” ཞེས་དང་།
ཡང་ << དབྲ་དཀར་ཁྱུང་པོའི་གདུང་རབས་སྒར་ཁང་གདན་སར་བྱོན་ཚུལ་རྣམ་དག་ཤེལ་ཕྲེང་བདུད་རྩིའི་ཆུ་རྒྱུན། >> (3) ལས་རྫོང་ཆེན་བཅོ་བརྒྱད་སྐོར་དེ་ལུང་འོག་མ་དང་འདྲ་ཡང་ཐ་སྙད་འབྲི་སྟངས་དང་ཚིག་བཅད་མང་ཉུང་། ཚིག་ལྷུ་རིང་ཐུང་སོགས་ཕན་ཚུན་ཅུང་མི་འདྲ་བ་འགའ་འདུག ལྷག་དོན་འདིར་ད་ལན་ལུང་གང་དྲངས་པ་རྣམས་དེང་རབས་ཀྱི་བརྡ་དག་དང་མི་མཐུན་པར་ཡུལ་སྐད་ནང་བྲིས་པ་མང་ལ། བརྡ་དག་འོས་པ་རྣམས་ལའང་ཇི་བཞིན་མེད་པ་དེ་འདྲ་འདུག་ཀྱང་གུས་པས་བཅོས་བསྒྱུར་སོགས་གང་ཡང་མ་བྱས་པར་མ་དཔེ་ཇི་བཞིན་བཀོད་ཡོད་པས་དེ་ལུགས་མཁྱེན་དགོས། གང་ལྟར་ལུང་འོག་མ་གཉིས་ནས་རྫོང་རྣམས་ཀྱི་ཆགས་ཡུལ་དང་ས་འཚམས་སོགས་ཅུང་རྒྱས་ཙམ་བཤད་འདུག་པས་འདི་དག་སྐོར་ཉམས་ཞིབ་དང་བཙལ་འཚོལ་གནང་འདོད་ཡོད་མཁན་ཚོར་དཔེ་ཆ་འདི་རྣམས་མེད་ཐབས་མེད་པ་དང་གལ་ཆེའི་ལྡེའུ་མིག་ལྟ་བུ་ཞིག་ཡིན།
ཁྱུང་མཁར་ཐལ་རྫོང་གང་དུ་ཡོད་མེད།
གོང་དུ་བཤད་པ་ལྟར་འབུམ་རྗེ་གྲགས་པས་ཁོང་གི་སྐུ་ཐོག་ཏུ་རྫོང་མཁར་མང་པོ་ཞིག་བཞེངས་ཡོད་པ་གསལ་བ་ལྟར་འདིར་གཙོ་བོ་གོང་དུ་ “ དགྲ་ཐལ་བ་བརླག་པའི་ཐལ་རྫོང་བརྡུངས། ” ཞེས་པའི་སྐབས་ཀྱི་ཐལ་རྫོང་དེ་གང་དུ་ཡོད་མེད་གླེང་ན། དེ་ནི་ད་ལྟའི་ཆར་ཁྱུང་པོ་སེར་ཚ་རི་ཕ་ཉིན་ཐའི་ས་ཡི་ཆར་ཏེ། སེར་ཚ་ཤང་ནས་རི་ཆུ་འདེད་དེ་ཡར་འགྲོ་ན་སྤྱི་ལེ་ ༡༢ གྱི་སར་ཡོད། ས་གནས་དེའི་རི་ཆུའི་ཉིན་ཕྱོགས་སུ་ཐལ་རྫོང་འབུར་འགོ་ཅེས་པའི་བྲག་རི་ཅུང་དམར་ཤས་ཆེ་བ་ཞིག་གི་སྟེང་དུ་སྤང་རི་དང་ཚེར་ཤིང་སོགས་གང་འཚམས་སྐྱེས་ཡོད་པ་ཞིག་ཡོད། དེའི་བྲག་དིལ་དེའི་འགོར་རྩིག་ཞིང་ཆེ་ལ་ཧ་ཅང་རྒྱས་སྤྲོས་ཆེ་བའི་རྫོང་མཁར་གྱི་ཞིག་རོ་མངོན་གསལ་དོད་པོ་མཐོང་རྒྱུ་ཡོད། རང་ཉིད་ཆུང་དུས་གནས་དེར་རྫི་བོ་འགྲོ་སྐབས་ཅུང་ཞེད་སྣང་ཡོང་གི་ཡོད། དེ་ནི་ཡུལ་མིའི་དད་འདུན་དང་གནའ་གཏམ་སོགས་དང་འབྲེལ་ནས་ཡོད་པས་ས་དེ་སྤྱིར་བཏང་བཙན་ས་ཞིག་ཏུ་བརྩི་བ་ཡིན། མདུན་ནས་རྒྱུག་པའི་རི་ཆུའི་ཕར་རོལ་སྲིབ་ངོས་སུ་བྲག་རི་དང་འདྲེས་པའི་དིལ་འབུར་གཉིས་ཡོད་པ་གཅིག་ལ་དིལ་ཆེན་དང་། གཅིག་ལ་སྐྱ་ཁུག་ཅེས་འབོད། བྲག་རིའི་དིལ་འབུར་དེ་གསུམ་རྡོ་སྒྱེད་སུམ་ཚུགས་ཚུལ་དུ་གནས་ཡོད་པས། ཡུལ་མི་ཚོས་དེ་ནི་རི་ཕ་ཉིན་ཐའི་རྒྱབ་རི་བཙན་རྒོད་ཚ་ནེ་གྲགས་རྒྱལ་གྱི་ཐབ་རྡོ་ཡིན་པར་འདོད་ཀྱིན་ཡོད་པ་དང་། དེ་མིན་སྐྱ་ཁུག་ཅེས་པའི་གཤམ་འོག་ཉིན་ཕྱོགས་རི་ཆུའི་འགྲམ་དུ་བྱིས་པ་ཆུང་ངུའི་དུར་ས་དང་དུད་འགྲོ་མགོ་སྨྱོན་ནད་ཀྱིས་ཤི་བའི་མགོ་སོགས་འདོགས་སྲོལ་ཡོད་པས་ས་གནས་དམིགས་བསལ་བ་ཞིག་ཡིན།
མཁར་རྫོང་ཞིག་པའི་ཤུལ་དེར་ཡུལ་མི་ལ་ལས་དེ་སྔོན་སོག་པོའི་རྟ་དམག་ཁྱུང་ཡུལ་དུ་སླེབས་སྐབས་ཕར་ཕྱོགས་དིལ་ཆེན་ཞེས་པའི་ཐང་ཆེན་པོ་དེ་སོག་པོའི་རྟ་ར་དང་། དིལ་ཆེན་གྱི་འགོ་ལའང་རྒྱང་ནས་ལྟ་ན་ཁང་པ་ཞིག་ཤུལ་ལྟ་བུའི་སྤང་དབྱིབས་ཡོད་པས་དམར་སྒར་ཡིན་ཚུལ་ཞིག་དང་། ཡང་ལ་ལས་སྔོན་སྡེ་བ་གཞུང་གིས་ཁྱུང་པོ་ཁོག་ཏུ་ཁྲལ་འུ་ལག་བསྡུ་སྐབས་དིལ་བྲག་དེ་གཉིས་ཀྱི་བར་ལ་ལྕགས་བྲིང་གཏོང་ནས་འགྲུལ་པ་སོགས་ཀྱི་ཁྲལ་ལེན་ཚུལ་ཞིག་ཀྱང་བཤད་སྲོལ་ཡོད་འདུག ཡང་ལ་ལས་དེ་སྔོན་ཁྱུང་པོའི་དཔོན་རིགས་ཚོས་ཡུལ་ལུང་ཕན་ཚུན་བསྐྱོད་པའི་ཚོང་པ་དང་འགྲུལ་པ་ཚོའི་ས་ནས་ཚོང་ཁྲལ་བསྡུ་སའི་ས་ཚིགས་གལ་ཆེན་ཞིག་ཡིན་ཚུལ་ཡང་ཤོད་ཀྱིན་ཡོད། དོན་ངོ་མ་གོང་ཞུས་ཁྱུང་རབས་ལོ་རྒྱུས་ཁག་ལ་གཞིག་ན་དེ་ནི་ཡུལ་མིའི་བཤད་སྟངས་ཕྱི་མ་སྟེ། ཁྱུང་སེར་དཔོན་འབུམ་རྗེ་གྲགས་པས་བཞེངས་པའི་དགྲ་ཐལ་བ་བརླག་པའི་ཐལ་རྫོང་ཞེས་པ་དེའི་ཤུལ་ཡིན།
དེའང་གོང་གི་ལུང་ལས། “ སྒར་ཐོག་མགྲོན་པོའི་ཇ་ཁྲལ་བླངས། ། ” ཞེས་པ་དང་། “ རུ་གཞུང་དགྲ་ཡི་འགྲིམ་ལམ་ན། །དགྲ་ཐལ་བ་བརླག་པའི་ཐལ་རྫོང་བརྡུངས། ། ” ཞེས་པ་སོགས་ལ་གཞིགས་ན་ས་གནས་དེ་ནས་ཐུར་དུ་འབབ་པའི་ཆུ་བོ་དེའི་མིང་ལ་རུ་ཆུ་ཟེར་ལ། ཆུ་བོ་དེའི་འགོ་ཁུག་རུ་གཞུང་ནས་འབབ་ཀྱིན་ཡོད་པས་དེ་ལྟར་འབོད། འདི་སྐབས་ “ དགྲ་ཡི་འགྲིམ་ལམ་ ” ཞེས་པ་ཁྱུང་རབས་རྣམས་སུ་འབྲི་སྟངས་ “ རྒྱ ” དང་ “ དགྲ་ ” གཉིས་སུ་འདུག་པས་དཔྱད་དགོས་པ་དང་། འདིར་ཚིག་ཕྱི་མ་ “ དགྲ་ཐལ་བ་བརླགས་པའི་ ” ཞེས་པ་ནི་ས་གནས་དེ་རུ་གཞུང་སོགས་ནས་མགྲོན་པོ་ཡོང་ལམ་འགག་སྒོ་དོགས་ཤོས་ཏེ་བཙན་པོ་དགྲ་ཡ་མེད་ཡིན་ཀྱང་ཐལ་ས་མེད་པ་ལྟ་བའི་བཙན་སྐད་ཅིག་རེད་དྲན། དེའང་སྐབས་དེ་དུས་གལ་ཏེ་རྫ་སྟོད་དང་རི་གཞུང་། འབོ་གཞུང་རྣམས་ནས་སེར་ཚ་རྫོང་སོགས་སུ་ཚོང་འུ་ལག་ཆེད་ཡོང་དགོས་ན་ས་གནས་དེའི་ཉིན་སྲིབ་བར་གྱི་བྲག་རི་དེ་གཉིས་ལས་གཡོལ་ནས་འགྲོ་ས་ཞིག་གཏན་ནས་མེད་པས། ས་གནས་དེ་ནི་ཁྲལ་གྱི་འགག་སྒོ་ཧ་ཅང་བཙན་པོ་ཡིན་པར་རྟོགས་ཐུབ།
སྤྱིར་སྐབས་དེར་ཁྱུང་སེར་དཔོན་འབུམ་རྗེ་གྲགས་པས་ཁྲལ་དང་ཁྲིམས་མང་པོ་ཞིག་བཞག་ཡོད་པ་ནི། དེའང་ << མ་ཡིག་གོང་སྔོན་མ་ལས་གསལ་བའི་ཡུལ་སྡེ་ཆེན་པོ་བཅོ་བརྒྱད། >> (4) ཞེས་པ་ལས། “ ཁྱུང་པོ་འབུམ་རྗེའི་དུས་ནས་ཡོན་དང་ང་རྒྱལ་དྲེགས་པ་ཆེ་བས། ཁྲལ་དང་ཁྲིམས་རྣམས་ཞབ་ཏུ་བཏུག་ནས། ཤི་ཤི་ན་རབ་ཤི་ན། རྟ་ཁྲལ་འབུལ་དགོས། འབྲིང་ལ་མཛོ་མོ་འབུལ། ཐ་ན་ཡང་འབྲི་དང་ཁལ་བཅས་འབུལ་དགོས། ” ཞེས་དང་། ཡང་། << ཞེས་པ་མ་ཡིག་གཡུ་མགོ་མ་འདི་ནི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་དུ་རྟོག་གོ་ཞེས་བྱ་བ་བཞུགས།>> (5) ལས། “ ཉིན་ལ་སྐྱ་འཕྲང་བཅོ་བརྒྱད་བརྒྱབ། སྲིབ་ལ་ཇ་ཁྲལ་དང་ལ་ཁྲལ་ལེན། ཉིན་སྲིབ་བར་གྱི་ལམ་སོ་ན། གཟའ་ཚང་མཁོན་མཛོ། གཡག་གུ་འཕག་རྒྱ། རྔ་མ་རྩུབ་འཚེར། ཞིང་མི་ལམ་ཞུགས་གང་རིགས་ཀྱི་ཁྲིམས་མང་པོ་འབུམ་རྗེ་གྲགས་པའི་དུས་ལ་བཞག “ ཅེས་སོགས་ལ་བརྟག་ན་ཤེས་ནུས།
མ་ཟད་གོང་གི་ཁྱུང་རབས་ལོ་རྒྱུས་དེ་ཚོའི་ནང་གསལ་བ་མཚུངས་པར་ས་གནས་ཐལ་རྫོང་གི་མཁར་ཤུལ་སྐོར་ལ་ཡུལ་མི་རྒན་པ་ཚོའི་ངག་རྒྱུན་དུ་གནའ་སྔོན་མ་ཡུལ་གྱི་ཁྲལ་དཔོན་གྱིས་ཉིན་གྱི་ཐལ་རྫོང་བྲག་དང་སྲིབ་གྱི་དིལ་ཆེན་བྲག་གཉིས་ཀྱི་བར་ལྕགས་ཐག་བཏགས་ཏེ། དེའི་འོག་ནས་འགྲུལ་པ་སོགས་འགྲོ་སྐབས་གལ་ཏེ་རྟ་ཁལ་སོགས་འགྲོག་པ་དང་འཕག་པ། དེ་ཙམ་མ་ཟད་གཡག་གི་རྔ་མ་གཡུག་པ་ཙམ་གྱིས་ཇ་ཁྲལ་དང་ཚ་ཁྲལ་སོགས་བསྡུ་འགྲོ་བ་དང་། ལྕགས་ཐག་དེར་དྲིལ་བུ་དང་ཁྲོ་ཞགས་སོགས་བཏགས་ཡོད་པས་གལ་ཏེ་འགྲུལ་པའི་རྟ་ཁལ་མ་འགྲོག་པ་དང་རྔ་མ་མ་གཡུག་ཚེ་ཆེད་དུ་གཉེར་ནས་ལྕགས་ཐག་དེ་སྤྲུག་སྤྲུག་གཏོང་སྐབས་ད་གཟོད་རྟ་ཁལ་སོགས་འགྲོག་པས་གཡག་གུ་འཕག་ཇ་དང་། རྔ་མ་གཡུག་ཇ་ཟེར་བ་སོགས་ཀྱི་ཁྲལ་བསྡུ་འགྲོ་བའི་སྐོར་བཤད་སྲོལ་ད་ལྟ་ཡང་བསྡད་ཡོད།
སྤྱིར་བཏང་ཡུལ་སྐད་དུ་ས་གནས་དེར་ “ ཐིས་རྫོང་ ” འབོར་འགོ་དང་། གཡས་ཀྱི་ལུང་པའི་མིང་ལ་ཐིས་རྫོང་ནང་ཞེས་འབོད། དེའང་ “ ཐིས་ ” དང་་ “ ཐས་ ” སོགས་ནི་ཡུལ་སྐད་དེ་དོན་དུ་ཐལ་བའི་མིང་ཡིན། ཡུལ་སྐད་དུ་ཐལ་བའི་ཕུང་པོ་ལ་ “ ཐིས་ཕུང་ ” དང་། ཐལ་བ་བཤོ་བ་ལ་ “ ཐས་འཕོ་ ” ཞེས་ཟེར་སྲོལ་ཡོད།
ཉེ་བའི་ཆར་གཤེན་ཚེ་ཚང་གི་བུ་ཚེ་དབང་བསྟན་པས་ཆེད་གཉེར་ས་གནས་དེའི་འཁོར་ཡུག་རྣམས་པར་དང་བརྙན་བླངས་ནས་གུས་པར་བསྐུར་བྱུང་བས། མི་ལོ་ཉི་ཤུ་ལྷག་གི་རྗེས་སུ་ས་གནས་དེ་ཚོ་སླར་ཡང་མིག་ལམ་དུ་མངོན་པ་དང་། མེས་པོ་གོང་མ་རྣམས་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་འདི་དག་མཇལ་ཚེ་ས་གནས་དེ་ནི་ཧ་ཅང་གི་གལ་གནད་ཆེ་བ། ལོ་རྒྱུས་ཀྱི་དཔང་པོར་བཞེངས་པའི་རྡོ་རིང་། མེས་པོ་གོང་མ་ཚོ་གཤེགས་པའི་རྐང་རྗེས། རླབས་ཆེན་གྱི་མི་སྣ་ཞིག་གི་ཕ་མཁར་སྨུག་པོའི་འགྱིལ་ཤུལ། དབང་ཐང་དང་སྙན་གྲགས་ཅན་གྱི་མི་བུ་ཞིག་གི་རྣམ་ཤེས་ཐིམས་ས་ཞིག་རེད་འདུག་ཨང་སྙམ་ནས་སེམས་སྟེང་ནས་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་གིས་རྩོམ་ཐུང་འདིའི་མཇུག་བསྡུས་པ་ཡིན་ནོ།། །།
ཞེས་ཁྱུང་སེར་འབུམ་རྗེ་གྲགས་པའི་རྫོང་མཁར་བཅོ་བརྒྱད་ཀྱི་ནང་གསེས་ཐལ་རྫོང་གང་དུ་ཡོད་པའི་ངོ་སྤྲོད་ཐུང་ངུ་འདི་ཁྱུང་རབས་བསྡུ་རུབ་ཀྱི་དཔེ་ཀློག་བར་ནས་ཟིན་ཐོའི་ཚུལ་དུ་དགེ་ཧི་མ་ལ་ཡའི་རྒྱལ་སྲས་པས་ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༨ ཉིན་ནུབ་ཕྱོགས་ཡུལ་གྱི་ཆུ་བོ་དྷོ་ནཱའོ་གཙང་འགྲམ་དུ་ཡི་གེར་བཏབ།། །།
མཆན། ________________________
(1) << ཞེས་པ་མ་ཡིག་གཡུ་མགོ་མ་འདི་ནི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་དུ་རྟོག་གོ་ཞེས་བྱ་བ་བཞུགས།>> བྲིས་མ། ཤོག་ལྡེབ། ༢༣ ནས་གསལ། དཔེ་ཆ་འདི་ནི་གཙོ་བོ་ཁྱུང་པོ་གཡུ་ཁྲིས་མཛད་པ་ཞིག་ཡིན་པ་དང་། མཇུག་རྣམས་ཝ་རྣམ་རིན་ཆེན་རྒྱལ་མཚན་ཞེས་པ་ཞིག་གིས་བྲིས་གནང་བ་དང་། ཕྱིས་སུ་དཔེ་བཤུ་འགའ་ཞིག་ཡོད་འདུག་སྟེ་འདི་ནི་དབང་ལྡན་ཞུ་གཡས་ཕྱག་དཔེ་དང་། ཁྱུང་རྒྱལ་བྱ་ཟེ་བེ་ཧུའི་ཕྱག་དཔེ་་གཉིས་ལ་དཔེར་བྱས་ཏེ་ཤེ་ཙུ་རད་ནས་ཡི་གེར་བཏབ་པ་ཞིག་ཡིན།
(2) << ཁྱུང་གི་གདུང་རབས་ལོ་རྒྱུས་མ་ཡིག་གཡུ་མགོ་མ་ཞེས་བྱ་བ་བཞུགས་པ་ལེགས་སོ། >> བྲིས་མ། ཤོག་ལྡེབ། ༡༨ ནས་གསལ། དཔེ་ཆ་འདི་ནི་མ་ཡིག་གཡུ་མགོ་མ་གཡུ་ཁྲིའིི་རྒྱུད་དུ་རྟོགས་ཞེས་པ་གཞིར་བཞག་སྟེ། སྒར་ཁང་ཁྱུང་རབས་རྣམ་དག་ཤེལ་ཕྲེང་དང་བྱ་ཟེ་བེ་ཧུའི་ཕྱག་དཔེ་གསུམ་ཟུང་བསྒྲིལ་ནས་༧དབྲ་ཁྱུང་སྐལ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནས་གཙོ་བསྒྲིགས་གནང་བ་ཞིག་ཡིན།
(3) << དབྲ་དཀར་ཁྱུང་པོའི་གདུང་རབས་སྒར་ཁང་གདན་སར་བྱོན་ཚུལ་རྣམ་དག་ཤེལ་ཕྲེང་བདུད་རྩིའི་ཆུ་རྒྱུན། >> བྲིས་མ། ཤོག་ལྡེབ། ༤༠ ནས་གསལ། དཔེ་ཆ་འདིའི་མཇུག་བྱང་དུ་ “ འདིར་ལོ་རྒྱུས་ཕྲན་བུ་འདི་རྒྱ་མཚོ་ཆུ་ཐིག་ཙམ་ཡོད་པས། ཁྱུང་བླ་གཡུ་རྒྱལ་གྲགས་པས་རུག་བསྡུ་གནང་བས་ཐུགས་དགྱེས་པ་ཞུ་འཚལ་ལོ། །” ཞེས་བྲིས་འདུག
(4) << མ་ཡིག་གོང་སྔོན་མ་ལས་གསལ་བའི་ཡུལ་སྡེ་ཆེན་པོ་བཅོ་བརྒྱད། >> བྲིས་མ། ལྡེབ། ༥ ལས་གསལ། དཔེ་ཆ་འདི་ཁྱུང་རབས་མ་ཡིག་གོང་སྔོན་མས་ནས་ཕྱིར་ཟུར་དུ་ཕྱུངས་པ་ཞིག་ཡིན་འདུག་སྟེ། མཇུག་བྱང་དུ། “ ཁྱུང་རབས་འདི་ཡང་གོང་སྔོན་མ་ཡིག་ནས་ཁྱུང་པོ་དཀར་ནག་སེར་གསུམ་ལ་སྡེ་ཡུལ་བཅས་རང་རང་བགོས་ཐོབ་དང་ཁྲལ་འུ་ལག་ཞིང་གཏེ་བཅས་ཀྱི་འགྲོ་ལུགས་གོང་སྔོན་མ་བཤུས་དོན་ཡིན་པར་དགེའོ། ། ” ཞེས་གསལ།
(5) << ཞེས་པ་མ་ཡིག་གཡུ་མགོ་མ་འདི་ནི་ཁྱུང་གི་རྒྱལ་པོ་གཡུ་ཁྲིའི་རྒྱུད་དུ་རྟོག་གོ་ཞེས་བྱ་བ་བཞུགས།>> བྲིས་མ། ཤོག་ལྡེབ། ༢༣ ནས་གསལ།