ཁྱུང་པོའི་ཡིག་གཟུགས་སྐོར་ལ་རྒྱང་འདྲི།
ལག་བསྟར་བ། དོ་དམ་པ། · ཟླ་བཅུ་གཉིས་པ། 29, 2021
<< བོན་གྱི་དྲིས་ལན་དྲ་མཛོད་ >> ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༥ ཉིན་དབུ་བརྙེས་པ་ནས་བཟུང་ངེད་ཚོས་སོ་སོའི་སློབ་གཉེར་དང་ལས་ཀའི་བར་གསེང་ནས་ཞང་བོད་ཀྱི་རིག་གནས་སྤྱི་དང་། སྒོས་སུ་གཡུང་དྲུང་བོན་གྱི་ལྟ་གྲུབ་དང་ལོ་རྒྱུས་སོགས་དེང་རབས་ཆ་འཕྲིན་གྱི་ལམ་ནས་འདིའི་ཕྱོགས་སུ་ཐུགས་སྣང་ཡོད་རིགས་ལ་དྲི་བ་དྲིས་ལན་གྱི་ཚུལ་དུ་རྩོམ་ཡིག་གང་མང་ཞིག་སྤེལ་བཞིན་ཡོད་པས། རྒྱལ་ཕྱི་ནང་ཁག་ནས་ཀློག་པ་པོ་དང་ཞིབ་འཇུག་པ་གང་མང་ཞིག་གིས་བསྟོད་བསྔགས་དང་རྒྱབ་སྐྱོར་ཚད་མཐོར་གནང་བཞིན་ཡོད།
དེར་འབྲེལ་ << བོན་གྱི་དྲིས་ལན་དྲ་མཛོད་ >> ངོས་ནས་འཆར་གཞི་དང་ལས་དོན་གང་མང་ཞིག་གྲ་སྒྲིག་ཡོད་པའི་ནང་གསེས་མི་སྣར་དྲི་བ་དྲིས་ལན་ཞུ་རྒྱུའི་ལས་ཚན་ “ ཞང་བོད་གླེང་སྟེགས་” ཀྱི་མི་སྣར་དྲི་བ་དྲིས་ལན་ནི་བླ་སྤྲུལ་དང་། དགེ་རྒན། ཞིབ་འཇུག་པ། ཆེད་མཁས། སྒྱུ་རྩལ་བ། སློབ་གཉེར་བ་སོགས་ཅི་རིགས་འདུས་པའི་ལེ་ཚན་ཞིག་ཡིན།
འདིར་བཀའ་དྲི་ཞུ་ཡུལ་རྣམ་པར་ཆེ་མཐོང་གུས་བཀུར་ཆེད་དོ་བདག་གི་མཛད་རྣམ་ཆེས་བསྡུས་པ་རེ་འགོད་བཞིན་ཡོད་པ་ལས་ལོ་རྒྱུས་ཆ་ཚང་འགོད་པར་སྟབས་བདེ་མིན་ལ་སོང་དེ་ལུགས་ཐུགས་ལ་འཇགས་པ་ཞུ་རྒྱུ་དང་། དེ་བཞིན་འདིར་འཁོད་པའི་དྲིས་ལན་རྣམས་བཀའ་ལན་གནང་མཁན་རང་གི་དགོངས་ཚུལ་ལས་ངེད་དྲ་བའི་རྩོམ་སྒྲིག་ཁང་གི་ལྟ་བ་དང་ལང་ཕྱོགས་ཡིན་པའི་ཁྱབ་པ་མེད་པས་དེ་ལུགས་ངེས་དགོས་སོ།། །།
ཁྱུང་བྲིས་པ་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་ལགས་ཀྱི་ལོ་རྒྱུས་སྙིང་བསྡུས།
ཁྱུང་བྲིས་པ་ཆུང་རྒྱུད་ཚེ་དབང་རྣམ་རྒྱལ་ནི་སྤྱི་ལོ ༡༩༩༢ ལོར་བོད་ལྗོངས་ཆབ་མདོ་གྲོང་ཁྱེར། ཁྱུང་པོ་སྟེང་ཆེན་རྫོང་། ཁྲི་རྡོ་གྲོང་རྡལ་ཟམ་ཞིག་གྲོང་གི་ཆུང་རྒྱུད་ཚང་དུ་སྐྱེས་ཤིང་། སྤྱི་ལོ་ ༡༩༩༧ ལོར་ཁོང་གི་ཡབ་ཞང་བོད་ཡིག་གཟུགས་ཀྱི་རྒྱུད་འཛིན་པ་ཆུང་རྒྱུད་ཚེ་དབང་མཐར་ཕྱིན་གྱི་མདུན་ནས་ཡི་གེ་འབྲི་ཀློག་དང་རིམ་གྱིས་ཡིག་གཟུགས་ལ་ཆེད་སྦྱངས་བྱས་ཏེ་མི་ལོ་བཅུ་ཕྲག་ལྷག་གི་རིང་དུ་ལུང་པ་གཅིག་དང་མི་ཚང་གཅིག་ནས་རྣམ་གཡེང་དང་རྩེད་རྒོད་དོར་ཏེ་གཞན་གང་ཡང་མ་ཕྱིན་པར་བསྡད། དེ་ལྟར་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཀྱི་དཔེ་བཞིན་ཡབ་ཆེན་གྱི་ལག་ཤེས་བུ་ལ་ཇི་བཞིན་འབྱོར་ཏེ་ཕ་ཤུལ་བུ་ཡིས་ཟིན་ནས་ད་ལྟའི་བར་པོ་ཏི་ཆེན་པོ་བཅུ་ཕྲག་གཉིས་ལས་བརྒལ་བ་ཞིག་བྲིས་ཟིན། ཞོར་དུ་བོད་ལྗོངས་ཀྱི་ས་གནས་ཁག་དང་། གཞན་རྒྱ་ནག་གི་གྲོང་ཁྱེར་ཆེན་མོ་གཤང་མིན། ཁམས་ཀྱི་ཡུལ་ཤུལ་དང་། མདོ་སྨད་ཀན་ལྷོ་སོགས་ཀྱི་ཡིག་གཟུགས་འགྲེམས་སྟོན་དང་། ཡིག་གཟུགས་འགྲན་བསྡུར་སོགས་ཀྱི་མཛད་སྒོ་དུ་མ་ལ་ཞུགས་ཏེ་ཁོང་གི་སོར་མོའི་རྩལ་ལས་བྱུང་བའི་ཡིག་གཟུགས་ལ་ཡང་རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར་དང་རྫོང་ཁག གྲོང་རྡལ་དང་དགོན་སྡེ་གང་མང་ཞིག་གིས་བྱ་དགའ་གནང་བ་མ་ཚད། སྤྱི་ལོ་ ༢༠༡༨ ལོར་སྟེང་ཆེན་རྫོང་སྲིད་གཞུང་གི་བཀོད་སྒྲིག་འོག་《ཞང་བོད་ཡིག་གཟུགས་ཀུན་བཏུས་གསེར་ཐང་ཆེན་མོ》ཞེས་པ་འཛམ་གླིང་ཆེན་མོ་ཅི་ཉི་སིའི་གཟེངས་རྟགས་ཐོབ་པ་དང་དེའི་བཞེང་བསྐྲུན་གྱི་འགན་ཁུར་གཙོ་བོའི་མི་སྣ་དང་དབུ་མཛད་དུ་ཡང་བདམས་པའོ། །ད་དུང་ཡིག་གཟུགས་འགྲན་བསྡུར་སྐབས་ཀྱི་དཔྱད་བསྡུར་དགེ་རྒན་དུ་གདན་འདྲེན་མང་པོ་ཞུས་པ་དང་། དགོན་སྡེ་དང་སློབ་གྲྭ་གང་མང་ཞིག་ལ་ཡིག་གཟུགས་ཟབ་ཁྲིད་ཀྱི་དགེ་རྒན་ཡང་མང་པོར་ཕྱིན་མྱོང་ཡོད།
ད་ལྟ་ནི་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་མཛེས་རྩལ་མཁས་ཅན་ལྷན་ཚོགས་ཀྱི་ཚོགས་མི། བོན་གྱི་བཀའ་འགྱུར་གསེར་བྲིས་མའི་དབུ་མཛད་དམ་དགེ་རྒན་ཆེན་མོ། བོད་ལྗོངས་སྟེང་ཆེན་རྫོང་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་བཅས་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཡིག་གཟུགས་འགྲན་སྡུར་ཁྲོད་ནས་ཨང་དང་པོའི་བྱ་དགའ་ཐོབ་པ་དང་། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དྲྭ་ཐོག་འགྲན་སྡུར་ཁྲོད་ནས་ཨང་གཉིས་པའི་བྱ་དགའ་ཆབ་མདོ་གྲོང་ཁྱེར་ཡིག་གཟུགས་འགྲན་སྡུར་སྐབས་གཉིས་པའི་སྟེང་ཨང་དང་པོའི་བྱ་དགའ་སོགས་གཞུང་སྒེར་གཉིས་ཀྱིས་གཟེངས་རྟགས་མང་པོ་གནང་ཡོད། ཁོང་གིས་བྲིས་པའི་ཡིག་འབྲུ་རེ་རེ་ནི། ལྷུ་ཚུགས་དང་བརྗིད་ཉམས། གཙང་མཛེས་སོགས་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་ཕྱིར། རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་ཤེས་ལྡན་པ་དང་དང་བླ་སྤྲུལ་དགེ་རྒན་ལ་སོགས་གང་མང་ཞིག་གིས་བསྔགས་བརྗོད་དང་གདེང་འཇོག་ཆེན་པོ་མཛད་ཀྱིན་ཡོད། ཁོང་གིས་ནམ་རྒྱུན་བཤད་རྒྱུར་ངའི་ཕ་ཁྱིམ་འདི་བྲིས་ཀྱི་ཁྱིམ་རྒྱུད་ཅིག་ཡིན་པས་ངའི་མ་འོངས་པའི་མི་ཚེ་ཡང་ཡིག་གཟུགས་ལ་བསྟིམས་ཤིང་ཡིག་གཟུགས་ཀྱིས་ཀྱང་ངའི་མི་ཚེ་བསྐྱལ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་གསུང་བཞིན་འདུག །ད་ལྟ་སློབ་གླིང་དེར་དགེ་རྒན་བྱེད་ཞོར་ཕྱོགས་གཞན་ནས་ཡོང་བའི་སློབ་མ་དག་ལ་ཡང་ཡིག་གཟུགས་སློབ་བཞིན་ཡོད། ཁོང་གི་སོར་རྩེ་ནས་བཞུར་བའི་ཡིག་གཟུགས་གང་ཡིན་ཀྱང་ཀུན་གྱི་ཡིད་དབང་ངང་གིས་འཕྲོག་འགྲོ་བ་ཞིག་ཡིན་ཡང་དུས་རྒྱུན་འགྲོ་འདུག་གང་གི་སྐབས་སུ་ལུས་ཀྱི་གྲིབ་མ་བཞིན་འཁོར་གྱིན་པ་དེ་ནི་ཡིག་བྲིས་ཀུན་གྱི་གཞི་མ་རུ་གྱུར་བའི་འབྲུ་མ་དེའོ། །
ཞེས་རྒན་ཚེ་དབང་རྣམ་རྒྱལ་གྱི་ལོ་རྒྱུས་ཐུང་ངུ་ཞིག་ཨ་མདོ་རྔ་ཡུལ་ནས་རྒན་ཕ་བུ་ཟུང་གི་མདུན་སར་ཡོང་བའི་སློབ་བུ་དམར་པོས་བྲིས། །
ཁྱུང་པོའི་ཡིག་གཟུགས་སྐོར་ལ་རྒྱང་འདྲི།
ན་གཞོན་ཡིག་བྲིས་པ་སྐུ་ཞབས་ཚེ་དབང་རྣམ་རྒྱལ་མཆོག་སྐུ་ཁམས་བཟང་། ད་ལན་འདི་ག་བོན་དྲིས་ལན་དྲ་མཛོད་ཀྱིས་སྐུ་ཉིད་ལ་ཁྱུང་པོའི་ཡིག་གཟུགས་སྐོར་ལ་རྒྱང་འདྲི་ཞུས་པར་དང་ལེན་གནང་བ་ཐུགས་རྗེ་ཆེ།
དྲི་བ། ད་ཆ་ཁྱུང་པོའི་ཡིག་བྲིས་ལ་མི་རྣམས་ཀྱིས་ཡིད་སྨོན་ཤོར་བ་མ་ཟད་ཡིག་གཟུགས་ཀྱི་མཛེས་རྩལ་ནི་བོད་ཀྱི་ཡིག་གཟུགས་གཞན་པ་ལས་འབུར་དུ་ཐོན་པའི་རྣམ་པ་མང་པོ་འདུག ཡིག་གཟུགས་འདིའི་སྲོལ་བཏོད་པོ་དང་བྱུང་རབས་གང་འདྲ་ཡིན་པར་བཤད་སྲོལ་ཡོད།
ལན། ཁྱུང་པོའི་ཡིག་གཟུགས་ནི་ལོ་རྒྱུས་ཧ་ཅང་རིང་ཞིང་ཁྱད་ཆོས་ལྡན་པའི་བྲིས་ཤིག་ཡིན་པ་ཡིག་མཁན་ཀུན་གྱི་མགྲིན་གཅིག་རེད། ཡིག་གཟུགས་འདི་ཆེས་ཐོག་མ་སུ་ཞིག་གིས་སྲོལ་བཏོད་པ་དང་། གནས་གང་ཞིག་ལ་དར་བ། བྱུང་རིམ་གང་འདྲ་ཡིན་མིན་སོགས་དེ་སྔོན་མཁས་པ་རྣམས་ཀྱི་བཞེད་ཚུལ་མི་འདྲ་བ་མང་པོ་ཡོད་སྟབས། ད་ལྟ་ཕྲན་རང་གིས་ཚིག་ཐག་ཆོད་པོས་འདི་རེད་དང་འདི་མ་རེད་ཟེར་ནས་བཤད་སྤོབས་ཀྱིན་མེད། ཡིན་ཡང་བོན་གྱི་ཡིག་མཁན་དང་ལོ་རྒྱུས་བ་རྣམས་ཀྱིས་བཤད་སྲོལ་ལྟར་ན། འབྲུ་མའི་ཡིག་གཟུགས་ནི་ཞང་བོད་ཀྱི་མཁས་པ་མི་བཞིས་ཞང་ཞུང་གི་ཡི་གེ་ལ་དཔེར་བླངས་ཏེ་བཟོ་བཅོས་བྱས་པ་དང་། གནའ་དེང་གང་གི་དུས་ཡིན་ཡང་བོན་གྱི་གསུང་རབ་དག་བཞེངས་དགོས་ཚེ་ཆེད་དུ་ཡིག་གཟུགས་འདིའི་ལམ་ནས་འབྲི་བཞེངས་བྱེད་ཀྱིན་ཡོད་པར་གསུངས།
ང་རང་གི་བསམ་ཚུལ་ལྟར་ན་འབྲུ་མའི་ཡིག་གཟུགས་ནི་བཙན་པོའི་རྒྱལ་རབས་སྐབས་སུ་འབྲི་སྲོལ་ཡོད་པར་སྙམ། རྒྱུ་མཚན་ནི་(གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེ།) ཞེས་པ་དེ་དང་། ད་དུང་ཐོན་མིའི་ཕྱག་བྲིས་ཡིན་ཟེར་བའི་པོ་ཏ་ལའི་རྟེན་སྒམ་ནང་དུ་ཡོད་པའི་དཔེ་ཆ་སོགས་ཀྱི་ཡིག་གཟུགས་ནི་དབུ་ཅན་དང་དབུ་མེད་འདྲེས་ཡོད་ལ། དབུ་མེད་ཀྱི་ཡིག་གཟུགས་ལ་དཔྱད་ན་ཁྱུང་པོའི་ཡུལ་དུ་དར་ཁྱབ་ཆེ་བའི་འབྲུ་མའི་ཡིག་གཟུགས་དང་འདྲ་བ་མང་། ཡང་མཁས་དབང་ཆེན་མོ་སྤ་བསྟན་རྒྱལ་བཟང་པོས་བརྩམས་པའི་ << བསྟན་འབྱུང་དར་རྒྱས་གསལ་སྒྲོན་ >> ལས། སྨར་ཆེན་ནི་དབུ་ཅན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་ཞེས་པའི་གཏན་ཚིག་སོགས་ལ་གཞིག་ན་འབྲུ་མའི་ཡིག་གཟུགས་ནི་ཆེས་སྔ་མོའི་དུས་ནས་འབྲི་སྲོལ་ཡོད་འདུག
སྔོན་ཆད་ཡིན་ན་འབྲུ་མའི་ཡིག་གཟུགས་འདི་ཁྱུང་པོའི་ཡུལ་ཙམ་མ་ཚད་བོད་ཡུལ་གྱི་ས་ཆ་མང་པོར་དར་ཁྱབ་བྱུང་མྱོང་ཡོད་འདུག དེ་ནི་རྒྱལ་རྩེ་དགོན་དུ་དཔེ་རྙིང་བཀའ་འགྱུར་ལག་བྲིས་མ་ཞིག་ཡོད་པ་དེའི་ནང་དུ་ཡིག་གཟུགས་འབྲུ་མའི་ལམ་ནས་བྲིས་པའི་ཆོས་ཚན་མང་པོ་ཡོད་འདུག་ལ། ད་དུང་རྙིང་མའི་དཔེ་ཆ་རྙིང་ཤོས་མང་པོ་ཞིག་ཡིག་གཟུགས་འབྲུ་མའི་ལམ་ནས་བྲིས་པ་ཁོ་བོས་མཐོང་མྱོང་ཡོད། དེའི་ཕྱིར་སྔ་དུས་སུ་ས་ཕྱོགས་གང་སར་ཡིག་གཟུགས་འདི་ཁྱབ་ཚད་ཆེན་པོ་ཡོད་པའི་གནས་ཚུལ་ཧ་ཅང་གསལ་པོ་རེད་འདུག འོན་ཀྱང་དུས་རབས་བཅོ་བརྒྱད་དང་བཅུ་དགུ་བའི་སྐབས་སུ་བོད་ཡིག་ཤིང་པར་བརྐོ་བའི་ལག་རྩལ་ཐོན་ནས། དབུ་ཅན་ནི་ཡིག་གཟུགས་ཀྱི་དབྱིབས་གྲུ་བཞི་ཡིན་སྟེ་ཤིང་ལ་བརྐོས་ན་སྟབས་བདེ་ཡོད་པས་དབུ་ཅན་འཕེལ་རྒྱས་ཆེན་པོ་ཕྱིན། འབྲུ་མ་འམ་དབུ་མེད་ཀྱི་ཡིག་གཟུགས་ནི་དེ་ལས་ལྡོག་སྟེ་གཟུགས་དབྱིབས་ཟླུམ་ལ་ལྷུ་ཚུགས་མང་བའི་དབང་གིས་ཤིང་ལ་བརྐོ་དགོས་ན་དཀའ་ཁག་ཆེ་བས་བེད་སྤྱོད་གཏོང་མཁན་ཇེ་ཉུང་དུ་ཕྱིན་ནས་རིམ་བཞིན་འཕེལ་རྒྱས་ཆེན་པོ་མ་ཕྱིན་པ་རེད། དེའི་ཕྱིར་གསལ་ཐག་ཆོག་པོ་ཞིག་བཤད་དཀའ་མོ་རེད། རྒན་རབས་ཚོའི་ངག་རྒྱུན་དང་ཁྱུང་པོའི་ཡུལ་གྱི་གནའ་དཔེ་རྙིང་པ། ད་དུང་སྤྲུལ་སྐུ་བློ་ལྡན་སྙིང་པོའི་རྣམ་ཐར་དང་ཁོང་གི་ཕྱག་བྲིས་སོགས་ལ་དཔྱད་ན། དུས་རབས་བཅུ་བཞི་པའི་ཡར་སྔོན་ནས་ཁྱུང་ཡུལ་འདིར་བྲིས་འབྲི་བའི་སྲོལ་དར་ཁྱབ་ཆེན་པོ་ཡོད་པ་མ་ཟད། ཡིག་གཟུགས་སྒྱུ་རྩལ་གྱི་སྤྱིའི་ཆ་ནས་འཕེལ་རྒྱས་ཚད་མཐོར་སོང་ཡོད་པ་ནི་ང་ཚོས་རྟོགས་ཐུབ་པ་ཞིག་རེད་འདུག་སྙམ། རྒྱུ་མཚན་ནི། སྤྲུལ་སྐུ་ཁོང་གི་སྐུ་དུས་སུ་འབྲུ་མའི་ཡིག་གཟུགས་ཀྱི་ལམ་ནས་བྲིས་པའི་བོན་དཔེ་དང་ཆོས་དཔེ་མང་པོ་ཞིག་དུས་ད་ལྟའང་ང་ཚོས་མཇལ་ཡུལ་དུ་བཞུགས་འདུག་ལ། ད་ཐེངས་ངས་རེ་རེ་བཞིན་ཁ་གསལ་ཞུ་མི་ཐུབ་མོད། རེད་དེ་ཁྱུང་ཡུལ་འདིའི་ས་ཆ་སྟོད་སྨད་བར་གསུམ་དུ་ཡིག་མཁན་མང་པོ་ཞིག་འཁྲུངས་མྱོང་བ་ནི་མི་ཀུན་གྱིས་མིག་མཐོང་ལག་ཟིན་ཡིན་པ་དེ་རེད།
དྲི་བ། མདོ་ཁམས་ཁྱུང་པོ་སྟེང་ཆེན་གྱི་ཡིག་བྲིས་འདིས་བོད་ཀྱི་གསུང་རབས་འབྲི་བཞེངས་ཁྲོད་དུ། བྱས་རྗེས་ཇི་ཙམ་བཞག་ཡོད་པ་དང་། ཕྱིས་ཀྱི་བཀའ་འགྱུར་དང་བརྟེན་འགྱུར་དཔར་སྐྲུན་བྱས་པ་དག་གི་ཁྲོད་དུ་ཁྱུང་པོའི་ཡིག་གཟུགས་ཀྱི་ཁྱབ་ཚད་ཅི་ཙམ་མཆིས།
ལན། སྤྱིར་བོད་ཀྱི་བཅུ་ཕྲག་རིག་གནས་འདི་ད་ལྟའི་བར་དུ་གནས་ཐུབ་པ་ནི། གཙོ་བོ་བོད་ཀྱི་ཡིག་མཁན་ཚོའི་བཀའ་དྲིན་ཡིན་པར་སྙམ། བྱེ་བྲག་ཏུ་བཤད་ན་ད་སྐབས་རང་རེའི་མིག་ལམ་དུ་མཇལ་རྒྱུ་ཡོད་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ཞེས་པ་འདིའི་མ་ཕྱི་ནི་གཙོ་བོ་ཉག་རོང་དབལ་ཁྱུང་དགོན་དུ་བཞུགས་པའི་བོན་གྱི་བཀའ་འགྱུར་དཔེ་རྙིང་ལག་བྲིས་མ་དེ་རེད། བཀའ་འགྱུར་དཔེ་རྙིང་དེ་ཕལ་ཆེ་བ་འབྲི་མཁན་ཁྱུང་ཡུལ་གྱི་ཡིག་མཁན་རྣམས་ཡིན་ཞིང་སྦྱིན་བདག་ཧོར་སྤྱི་ཁྱབ་ཀྱི་བློན་ཆེན་གྭ་རྒྱ་ཚང་དང་། ཕྱུག་བདག་ཚྭབ་ཤི་སོགས་ཡིན་པར་བཤད་སྲོལ་ཡོད་འདུག ད་ལྟ་ང་ཚོ་ཁྱུང་པོ་དང་ཧོར་གྱི་ཕྱོགས་སུ་ཡོད་པའི་དཔེ་རྙིང་མང་ཆེ་བ་དེ་ཁྱུང་པོའི་ཡིག་མཁན་རྣམ་པའི་ཕྱག་བྲིས་ཡིན་པ་ནི་སྨོས་མི་དགོས་ལ། སོག་སྤྲུལ་གྲུབ་དབང་བསྟན་པའི་ཉི་མ་རིན་པོ་ཆེས་པར་བསྐྲུན་མཛད་པའི་༼བོན་གྱི་རྟེན་འགྱུར་ཆེན་མོ༽དང་། མཁན་པོ་རྒྱ་མཚོ་ནོར་བུ་རིན་པོ་ཆེས་པར་བསྐྲུན་མཛད་པའི་ (གཡུང་དྲུང་བོན་གྱི་བཀའ་རྟེན་དཔེ་རྙིང་ཕྱོགས་བསྒྲིགས། ) ཞེས་པ་འདི་ཚོའི་མ་ཕྱི་ཕལ་ཆེ་བ་ནི་ཁྱུང་པོའི་ཡིག་མཁན་ཚོས་བྲིས་བཞག་པའི་དཔེ་རྙིང་ཡིན་པ་རེད།
དྲི་བ། ཁྱུང་ཡུལ་གྱི་ཡིག་བྲིས་པ་སྔོན་ཆད་མིང་ཡོད་པ། མ་ནུ་དང་། རིག་ཚ། ཞང་ཞུང་། ཁྲ། སྒོ་ཧྲང་སོགས་ཀྱི་བྲིས་ཁམས་ལ་ཐུན་མིན་གྱི་མཛེས་རྩལ་གང་ཡོད་ངོ་སྤྲོད་གནོངས་རོགས།
ལན། འདིའི་སྐོར་ནས་ཞུ་དགོས་ན། མ་ནུ་དང་། རིག་ཚ། ཁྲ། ཞང་ཞུང་། ཞེས་པའི་ཐ་སྙད་དེ་ཚོ་ནི་སྤྱིར་བཏང་མིའི་རིགས་རུས་ལ་གོ་དགོས་པ་དང། རིགས་རུས་དང་ཁྱིམ་རྒྱུད་དེ་ལས་བྱུང་བའི་ཡིག་མཁན་དེ་ཚོས་སྔོན་གྱི་འབྲུ་མའི་ཡིག་གཟུགས་ལ་རང་རང་གི་སོར་རྩལ་གྱིས་ནུས་པ་ལ་བརྟེན་ནས་བསྒྱུར་བཅོས་ཅུང་ཙམ་རེ་བཏང་ནས་ཕས་བུ་ལ་བསླབ། བུས་ཀྱང་རང་རང་གི་བུ་ལ་བསླབས་ནས་རིམ་བཞིན་རྡོ་ལག་བརྒྱུད་དང་ཆུ་ལམ་ཞུགས་ཀྱི་དཔེ་ལྟར་ཡུན་རིང་ཕྱིན་རྗེས། ཡིག་གཟུགས་ཀྱི་མགོ་ཁུངས་གཅིག་ན་ཡང་མཛེས་ཆོས་མི་འདྲ་བས་ཤ་རྒྱག་མི་རྒྱག་དང་། རྐང་བ་རིང་ཐུང་། མཇུག་མ་འཐེན་སྟངས་སོགས་ཀྱི་དབང་གིས་ཁམས་མི་འདྲ་བའི་རིགས་འགའ་བྱུང་བ་དང་མཛེས་ཆོས་ཡང་རིམ་གྱིས་ཇེ་ཡག་ཏུ་བཏང་བ་རེད།
དྲི་བ། ད་ཆ་ཁྱུང་པོ་སྟེང་ཆེན་གྱི་གཞོན་སྐྱེས་ཁྲོད་ནས་ཡིག་གཟུགས་ལ་དོ་སྣང་གནང་མཁན་མང་པོ་ཐོན་གྱི་ཡོད་བཟོ་འདུག །འདི་དག་ལ་སྲིད་གཞུང་ནས་རྒྱབ་སྐྱོར་དང་། ཡིག་གཟུགས་ཀྱི་སློབ་མ་ས་གནས་མི་འདྲ་བ་ཇི་ཙམ་ནས་ཕེབས་པ་ཡོད།
ལན། ཁྱུང་པོའི་ཡིག་གཟུགས་འདི་ཉིད་འཕེལ་རྒྱས་ཡོང་བ་དང་རྒྱུན་འཛིན་ཐུབ་ཆེད། ད་ཆར་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་གནང་གིན་འདུག་ལ། ཡིག་གཟུགས་འདི་ལ་དོ་སྣང་དང་སློབ་སྦྱོང་བྱེད་མཁན་ཁྱུང་པོའི་ས་ཁུལ་འདི་ཙམ་མ་ཚད་ས་ཕྱོགས་གཞན་ནས་ཡང་མང་པོ་འདུག
དྲི་བ། ཁྱུང་པོ་སྟེང་ཆེན་གྱི་ཡིག་བྲིས་འདི་སྔོན་ཆད་ཡིན་ན་གཙོ་བོ་དུད་ཁྱིམ་སྒེར་སོ་སོ་ནས་རྒྱུད་འཛིན་བྱས་བསྡད་པ་དེ་འདྲ་ཞིག་རེད། མ་འོངས་པར་ཡིག་གཟུགས་ཀྱི་ཕྱག་སྲོལ་མུ་མཐུད་གནས་ཕྱིར་ད་ལྟ་ནས་གྲ་སྒྲིག་དགོས་པ་ག་རེ་འདུག
ལན། མ་འོངས་པར་ཁྱུང་པོའི་བྲིས་པ་ཚོས་མཐུན་སྒྲིལ་བྱེད་དགོས་པ་དེ་གལ་ཆེན་རེད་འདུག་ལ། མིག་རྒྱང་ཆེ་ཙམ་བསྲིང་ནས་རང་གི་བུ་རྒྱུད་གཅིག་པུ་ཙམ་དང་རང་གི་ཉེ་འབྲེལ་ཙམ་ལ་བསླབ་ནས་མི་སྡོད་པར། བོད་ཆོལ་ཁ་གསུམ་པོའི་ས་ཕྱོགས་དང་ཆོས་རྒྱུད་གྲུབ་མཐའ་ལ་དབྱེ་བ་མེད་པར་ཁྱུང་པོའི་ཡིག་གཟུགས་འདི་ལ་སྤྲོ་བ་དང་མོས་པ་གང་མཆིས་པ་ཐམས་ཅད་ལ་སོ་སོའི་ནུས་ཚོད་ཀྱིས་བསླབ་རྒྱུ་ཤིན་ཏུ་གལ་ཆེན་རེད།
དྲི་བ། ང་ཚོས་མཐོང་ཚོད་ལ་ད་ཆ་ཁྱུང་པོའི་ཡིག་བྲིས་པ་རྣམས་ཀྱི་སྟོང་ཆ་ཞིག་ནི། སྔར་གྱི་ཕྱག་སྲོལ་དེ་རང་རྒྱུན་སྐྱོང་བ་ལས། ཡིག་གཟུགས་ལ་དམིགས་བསལ་དེང་རབས་སྒྱུ་རྩལ་མཛེས་རིས་ཀྱི་ཁྱད་ཆོས་མངའ་བའི་ཡིག་གཟུགས་དེ་འདྲ་སྲོལ་བཏོད་གནང་བ་མཐོང་མ་བྱུང་། སྐུ་ཉིད་ནས་དེའི་ཐད་དགོངས་འཆར་ག་འདྲ་ཡོད་གསུངས་རོགས་ཞུ།
ལན། ཡོད་པ་རྒྱུད་འཛིན་དང་ཉམས་པ་སླར་གསོ། མེད་པ་ཁ་སྐོང་བྱེད་དགོས་པ་ནི་གལ་ཆེན་ཡིན་ཡང་། སྔར་ཡོད་པ་དེ་ལས་ཕྱོགས་གང་ཐད་ནས་སྤྱི་ཚོགས་དང་དུས་རབས་མིའི་སེམས་ཁམས་དང་བསྟུན་ཐུབ་པ་ཇེ་མཛེས་ཇེ་ལེགས་ཤིག་མིན་ན་གསར་དུ་སྲོལ་གང་འདྲ་ཞིག་བཏོད་ཀྱང་དགོས་པ་དེ་འདྲ་ཆེན་པོ་སྣང་མ་བྱུང་། གལ་ཏེ་འབྲུ་མའི་ཡིག་གཟུགས་ཀྱི་སྲོལ་གསར་བ་ཞིག་བཏོད་དགོས་ན། བྲིས་ཡག་པོ་ཞིག་ཡོད་པ་ཙམ་གྱིས་དཀའ་རྒྱུ་རེད། སློབ་སྦྱོང་གི་གོ་རིམ་ཡག་པོ་ཞིག་དང་སྤྱི་ཚོགས་ཀྱི་ཉམས་མྱོང་ལག་གི་འཇོན་ནུས་གང་འཚམ་ཞིག་མེད་ན་འཁྱོངས་རྒྱུ་མ་རེད་འདོད།
དྲི་བ། ད་ལན་སྐུ་ཉིད་ནས་རྒྱང་འདྲིའི་ལེ་ཚན་འདི་བརྒྱུད་མ་འོངས་པའི་ཁྱུང་པོའི་ཡིག་གཟུགས་དར་སྤེལ་འབྲེལ་བའི་དགོངས་འཆར་གང་འདྲ་གསུང་ཡ་ཡོད།
ལན། ཕྲན་རང་ནི། རང་གིས་ནུས་ཚོད་དང་བསྟུན་ནས་བྱ་བ་བསྒྲུབ་རྒྱུར་ཧ་ཅང་མོས་པས། མ་འོངས་པར་རང་གི་འཇོན་ནུས་ཀྱིས་ཡིག་གཟུགས་ལ་དགའ་ཞེན་དང་མོས་པ་ཡོད་པའི་མི་གང་འདྲ་བྱུང་ཡང་ཕྱོགས་གཞན་མེད་པར་རང་གིས་གང་ཤེས་པ་དེ་ལྷག་བསམ་རྣམ་དག་གིས་གཞན་ལ་སྤེལ་རྒྱུ་དང་། གནའ་དཔེ་གསུང་རབ་མང་པོ་ཉམས་གསོ་དང་བཤུ་འབྲི། མདོར་ན་རང་ཉིད་ཀྱི་མི་ཚེ་བོད་ཀྱི་ཡིག་གཟུགས་ལ་བསྟིམས་ཏེ། བོད་ཀྱི་གཞོན་ནུ་དང་བྱིས་པ་རྣམས་ཀྱི་རྒྱུད་ལ་བོད་སྐད་བོད་ཡིག་གི་བག་ཆགས་ཅུང་ཟད་རེ་འཇོག་ཐུབ་པའི་རེ་སྨོན་དང་ཡིད་ཆེས་བྱེད་བཞིན་ཡོད། ད་དུང་བཤད་འདོད་པ་ཞིག་ནི། ཡིག་གཟུགས་ལ་དགའ་ཞིང་ལྷག་ཏུ་ཡིག་གཟུགས་བསླབ་བཞིན་པའི་སློབ་གཉེར་བ་སུ་ཞིག་ཡིན་ཡང་། དགེ་རྒན་ཡག་པོ་ཞིག་འཚོལ་རྒྱུ་ནི་ཤིན་ཏུ་གལ་ཆེན་རེད། དེ་མིན་ཁྱུང་པོ་སྟེང་ཆེན་གྱི་མི་ཡོན་ཏན་པ་དང་ནུས་པ་ཅན་ཚོས་གོང་རིམ་ལ་སྙན་ཞུ་བྱས་ནས་ཁྱུང་པོའི་ཡིག་གཟུགས་འདི་ཉིད། ཀྲུང་གོ་སྲིད་གཞུང་གིས་རྩ་འཛུགས་གནང་བའི་ལྗོངས་དང་ཞིང་ཆེན་ལྔ་ཡི་ལོ་དགུའི་འགན་བབས་སློབ་གསོ་མྱོང་བཞིན་པའི་སློབ་གྲྭའི་སྦྱོང་ཚན་གྱི་གྲྭལ་དུ་ཚུད་ཐུབ་ན་ཡག་ཤོས་རེད་འདུག་སྙམ་ཡོད།།
བཀའ་དྲི་ཞུ་མཁན། བོན་གྱི་དྲིས་ལན་དྲ་མཛོད་ཀྱི་ལག་བསྟར་རྩོམ་སྒྲིག་པ་ཞང་ཚུལ་མི་ནས། །