ཁྱུང་པོ་གཡུ་ཁྲིའི་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དགེ་ཁྱུང་གསེར་ཞུན།
དྲི་བ། བྲིས་ལ་མཁས་པ་ཁྱུང་པོ་གཡུ་ཁྲི་ཞུ་བ་ཞིག་ཡོད་རབས་འདུག་པ་དེའི་ལོ་རྒྱུས་སྐོར་གྱི་ཡིག་ཆ་དང་གསལ་བཤད་དགོངས་མཁན་ཡོད་ན་བཀའ་དྲིན་ཡོང་བར་མཁྱེན།
ལན། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། “ཁྱུང་པོ་གཡུ་ཁྲི། བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་མཁན་ཆེ་མོ་ཞིག ཁོང་གིས་དཀྱིལ་འཁོར་འབྲི་ལུགས་ཀྱི་ཐིག་ཚད་འགོད་ཕྱོགས་བཞིན་བོད་ཡིག་དབུ་ཅན་ལ་ཆ་ཚད་གཏན་འབེབས་གནང་སྟེ་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་སྤྱིའི་ཆ་ནས་དེ་ལྟར་གནས། བོད་ལྗོངས་རྒྱལ་རྩེ་དཔལ་མགོན་ཆོས་སྡེའི་ནང་བཞུགས་གསེར་བྲིས་བཀའ་འགྱུར་ཐེམ་སྤངས་མ་ནི་ཁྱུང་པོ་གཡུ་ཁྲིའི་ལུགས་ལྟར་བཞེངས་པའི་ཁྱུང་བྲིས་ཀྱི་དཔེ་མཚོན་ཡིན་པ་དང༌། རྒྱལ་བ་ལྔ་པ་ཆེན་པོའི་དུས་སུ་བཞེངས་པའི་དཔལ་འབྲས་སྤུངས་ཀྱི་བཀའ་འགྱུར་གསེར་བྲིས་འཛམ་གླིང་གཡས་བཞག་ཞུ་བ་དེ་ནི་རྒྱལ་རྩེའི་བཀའ་འགྱུར་ཐེམ་སྤངས་མ་དཔེར་བླངས་ནས་བཞེངས་པ་ཁྱུང་བྲིས་ཀྱི་དཔེ་མཚོན་དུ་འཛིན་ཐུས།” ཞེས་དང་།
དེ་བཞིན་འཇུ་མི་ཕམ་སོགས་ཀྱིས་ཁྱུང་པོ་གཡུ་ཁྲི། “བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་མཁན་ཆེན་མོ་ཞིག་ཡིན། ཁོང་གིས་ས་ཞིང་ངམ་དཀྱིལ་འཁོར་འབྲི་ལུགས་ཀྱི་ཐིག་ཚད་འགོད་ཕྱོགས་བཞིན་བོད་ཡིག་དབུ་ཅན་ལ་ཆ་ཚད་གཏན་འབེབས་གནང་སྟེ་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་སྤྱིའི་ཆ་ནས་དེ་ལྟར་གནས། ལྷ་སའི་རྒྱལ་རྩེ་དཔལ་མགོན་ཆོས་སྡེའི་ནང་བཞུགས་གསེར་བྲིས་བཀའ་འགྱུར་ཐེམས་སྤངས་མ་ནི་ཁྱུང་པོ་གཡུ་ཁྲིའི་ལུགས་ལྟར་བཞེངས་པའི་ཁྱུང་བྲིས་ཀྱི་དཔེ་མཚོན་ཡིན་པ་དང་། རྒྱལ་དབང་ལྔ་པའི་དུས་སུ་བཞེངས་པའི་དཔལ་འབྲས་སྤུངས་ཀྱི་བཀའ་འགྱུར་གསེར་བྲིས་འཛམ་གླིང་གཡས་གཞག་ཞུ་བ་དེ་ནི་རྒྱལ་རྩེའི་བཀའ་འགྱུར་ཐེམ་སྤངས་མར་དཔེ་བླངས་ནས་བཞེངས་པ་ཁྱུང་བྲིས་ཀྱི་དཔེ་མཚོན་བྱེད་དུ་ངོས་འཛིན་ཆོག་ཁོང་གི་གསུང་རྩོམ་ནི། གསུང་རིན་ཆེན་སྒྲོན་བུ་དང་། སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་སོགས་ཡོད། ཁོང་གི་བྱས་རྗེས་གཙོ་བོ་ནི་དབུ་ཅན་ཐིག་ལ་དྲངས་ནས་ད་བར་དུ་ཡིག་གཟུགས་ལ་འགྱུར་བ་མ་བྱུང་བ་དེ་ཡིན་ནོ།” ཞེས་སོགས་བཤད།
དེ་དང་འདྲ་བར་རི་འབུར་ངག་དབང་རྒྱ་མཚོས་ཀྱང་། “དུས་རབས་དགུ་པའི་འགོར་མཁས་པ་ཆེན་པོ་ཁྱུང་པོ་གཡུ་ཁྲིས་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་བ་དཔལ་བརྩེགས་ཀྱི་ཡིག་གཟུགས་ལ་དཔེ་མཛད་ནས་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་ཐིག་རིས་ཐོག་མར་གཏན་ལ་ཕབ་ཅིང་། དེའི་ཡང་སློབ་མཁས་པ་ཆེན་པོ་རོང་པོས་“ཡི་གེའི་ཐིག་རིས་གསལ་བའི་རིན་ཆེན་སྒྲོམ་བུ”ཞེས་པའི་གཞུང་བརྩམས་ནས་དབུ་ཅན་གྱི་ཡིག་གཟུགས་ཚད་ལྡན་དུ་བསྒྱུར་བར་མཛད།” ཅེས་པར་བརྟག་ན་ཁྱུང་པོ་གཡུ་ཁྲི་ནི་དུས་རབས་དགུ་པའི་གོང་དུ་བྱོན་པའི་ཡིག་བྲིས་མཁས་ཅན་ཞིག་ཡིན་པ་འདྲ། འགའ་ཞིག་གིས་ཁྱུང་པོ་གཡུ་ཁྲི་དེ་བོན་དང་འབྲེལ་བ་ཡོད་ཚུལ་ཞིག་གསུང་མོས་ཀྱང་། ཁྱུང་རབས་གཡུ་མགོ་མ་ལས། “ཁྱུང་པོ་གཡུ་ཁྲིའི་རྒྱུད་ལས་བསྟུས་སོ།” ཞེས་པའི་ཐ་སྙད་འགའ་ཙམ་ལས་བོན་ཕྱོགས་དང་འབྲེལ་བའི་ལོ་རྒྱུས་ཁ་གསལ་དེ་འདྲ་ད་བར་ཁོ་བོས་མ་མཇལ།།