ཁམས་ཆེན་སྟོང་ཕྲག་བརྒྱ་བ་ལ་ཕྱག་རྒྱའི་ཡན་ལག་སྟོང་དང་རྩ་བརྒྱད་ཡོད་པ་གསལ་འདུག་པ་གང་ཡིན་ནམ།
རྩོམ་བྲིས་པ། འདི་གའི་རྩོམ་སྒྲིག་པ་དགེ་སྲིད་པའི་མིག་དང་ཞང་ཚུལ་མུ། དྲི་བ་གཏོང་མཁན། འོད་སྒོང་དཀར་པོ།
དྲི་བ། ཁམས་ཆེན་སྟོང་ཕྲག་བརྒྱ་བ་ལ་ཕྱག་རྒྱའི་ཡན་ལག་སྟོང་དང་རྩ་བརྒྱད་ཡོད་པ་གསལ་འདུག་པ་གང་ཡིན་ནམ།
ལན། ཕྱག་རྒྱའི་ཡན་ལག་སྟོང་རྩ་བརྒྱད་ཅེས་པའི་སྐོར་དཔྱད་ཡིག་འདི་ཞེས་སྐབས་འདིར་ལག་སོན་མ་བྱུང་ཡང་བསམ་ཚུལ་ཙམ་ཞུས་ན། སྟོང་རྩ་བརྒྱད་ནི་གྲངས་ཀ་ཞིག་དང་མང་ཚིག་ཅིག་ཡིན་པ་བཤད་མ་དགོས་པ་གཞིར་བཅས་ཕྱག་རྒྱ་ཞེས་པ་དེར་ལས་ཀྱི་ཕྱག་རྒྱ་དང་། ལུས་ཀྱི་ཕྱག་རྒྱ། བཀའ་རྟགས་ཀྱི་ཕྱག་རྒྱ། བཀའ་བཏགས་ཀྱི་ཕྱག་རྒྱ་སོགས་རྣམ་པ་དང་ངོ་བོ་མི་འདྲ་ས་མང་བས་སྐབས་བབ་ཀྱི་འབྲེལ་བ་གང་ལ་ཐོགས་པ་གཙོར་ཆེ་བ་དང་། དཔེར་ན། ལས་ཀྱི་ཕྱག་རྒྱའི་སྐོར་གྱི་རྣམ་གྲངས་ཡིན་ཚེ་ཕྱག་རྒྱ་མའམ་གསང་བའི་ཡུམ་གྱི་སྐུའི་ཉམས་འགྱུར་གྱི་རྣམ་གྲངས་ཤིག་ལ་གོ་ཆོག་པ་དང་། ཡང་ལུས་ཀྱི་ཕྱག་རྒྱ་དང་འགྲེལ་ཚེ་དཔེར་ན་ཞི་ཁྲོའི་ལྷ་སྔགས་རེའི་ཕྱག་རྒྱ་ལྟ་བུ་ཕྱག་གི་རྣམ་འགྱུར་མི་འདྲ་བ་སྟོང་དང་རྩ་བརྒྱད་ཀྱི་རྣམ་གྲངས་ཤིག་ལ་ངོས་འཛིན་དགོས་པ་འདྲ།
དེ་མིན་བཀའ་རྟགས་ཀྱི་ཕྱག་རྒྱ་དང་འགྲེལ་ཚེ་གསུང་རབ་རྣམས་གཏེར་ལ་སྦས་སྐབས་ཐམ་ཀའི་རྒྱ་ཡིས་གདབ་པ་དང་། དེ་བཞིན་མི་ནུབ་མི་འགྱུར་བའི་རྟགས་སུ་རིགས་རྟགས་མི་འདྲ་བ་མང་པོ་གླེགས་བམ་གྱི་མཇུག་དང་། ལེའུ་རྫོགས་མཚམས་རྣམས་སུ་འགོད་སྲོལ་ཡོད་པ་དེ་འདྲའི་རྣམ་གྲངས་སམ་མང་ཚད་ཅིག་ལ་ངོས་འཛིན་ཆོག་སྙམ།
བཀའ་བཏགས་ཀྱི་ཕྱག་རྒྱ་ཞེས་པ་ནི་ལྟ་སྤྱོད་སྒོམ་གསུམ་གྱི་སྤྱི་ཆིངས་སམ་རྩ་དོན་སྙིང་བསྡུས་དེ་ལ་ངོས་འཛིན་གནང་སྲོལ་ཡོད། དཔེར་ན། མངོན་རྟོགས་རིག་པ་རྩེ་འབུམ་གཙོས་མདོ་འབུམ་ཁག་ནས་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་བོན་ཀྱི་སྤྱི་ཆིངས་ཀྱི་སྡོམ་དུ་བཞག་པ་དེས་མཚོན་ནོ་སྙམ། གཞན་དུ་གོང་དུ་ཞང་ཚུལ་མིས་ (འདིའི་ཐད་བཤད་ཚུལ་མི་འདྲ་བ་ཁ་ཤས་ཡོད་པ་ནི། རེ་འགས་ཕྱག་རྒྱའི་ཡན་ལག་སྟོང་རྩ་བརྒྱད་ཟེར་བ་ནི་སྡེ་ཚན་རིམ་པ་སྟོང་ལ་དེ་རྫོགས་མཚམས་རེ་རེའི་མཐའ་ལ། བརྡ་རྟགས་སམ་ཐམ་ཀ་སྟོང་རྩ་བརྒྱད་ཡོད་ཅེས་པའི་དོན་ཡིན། དཔེར་ན་འབུམ་ཉི་མ་དགུ་ཤར་དཔེ་རྙིང་ཁ་ཤས་ལ། རག་སྦུག་གི་ཁ་འདྲ་བའི་བརྡ་རྟགས་ཡོད་པ་ལྟ་བུ་རེད་ཟེར་སྲོལ་ཞིག་དང་། ཡང་ཁ་ཤས་ཀྱིས་ཕྱག་རྒྱའི་ཡན་ལག་སྟོང་རྩ་བརྒྱད་ཟེར་བ་ནི་སྟོན་པར་ཞུ་ལན་རེའི་མཚམས་སུ་འཁོར་རྣམས་ཀྱིས་ལྷ་ཕྱག་རེ་ཕུལ་བ་དང་ཞུ་ལན་སྟོང་རྩ་བརྒྱད་ཡོད་པས་ཕྱག་རྒྱའི་ཡན་ལག་སྟོང་རྩ་བརྒྱད་ཟེར་བ་ཡིན་ཞེས་ཀྱང་སྨྲ།) གསུངས་པ་ལྟར། མདོ་འབུམ་རྣམས་ཀྱི་གཞུང་གསེབ་ཏུ་ཞུ་ལན་རེའི་མཚམས་སུ་འཁོར་རྣམས་ཀྱིས་ལྷ་ཕྱག་རེ་ཕུལ་བ་དང་། ཞུ་ལན་སྟོང་རྩ་བརྒྱད་ཡོད་པས་ཕྱག་རྒྱའི་ཡན་ལག་སྟོང་རྩ་བརྒྱད་ཟེར་བ་ཡིན་ཞེས་ཀྱང་སྨྲ་སྲོལ་ཡོད། ཡན་ལག་ཅེས་པ་ནི་རྩ་བ་ལས་གྱེས་པའི་བྱེ་བྲག་གི་རྣམ་གྲངས་ལ་གོ་བ་ནི་ཤོད་མི་དགོས་པ་ཞིག་རེད། མདོར་ན་ཁོ་བོར་མཚོན་ན་སྐབས་འདིའི་དྲི་བའི་ཕྱག་རྒྱའི་ཡན་ལག་སྟོང་རྩ་བརྒྱད་ཅེས་པ་དེ་འདི་རེད་ཅེས་མཐའ་ཆོད་པའི་སྡོམ་ཚིག་ཅིག་འཇོག་མི་ཤེས་སོ། །ཡིན་ན་ཡང་རང་གཞུང་ལ་གཟིགས་པ་ཆེ་བའི་མཁས་དབང་རྣམ་པས་འདིའི་སྐོར་ལུང་རིགས་རྒྱུ་མཚན་ཡང་དག་སྐྱབས་འཇུག་ཡོད་ཚེ་བཀའ་དྲིན་ཆེ་ཞུ།།