ཁ་རྒྱུན་གྱི་ཟླ་བ་བཅུ་གཉིས་བརྩི་ཚུལ།
རྩོམ་བྲིས་པ། རྩེ་འབུམ།
ཟླ་བ་བཅུ་གཉིས་དེ་ལོ་སྐོར་བཅུ་གཉིས་ལ་སྦྱར་ཚུལ་དེ་ལུང་གང་ལ་གཏུག་དགོས་ལེགས་པོ་ཞིག་མ་ཤེས་ཀྱང་དེ་ནི་ལུང་རྙིང་གི་བརྩི་ཚུལ་ཞིག་ཡིན། བརྩི་སྟངས་ནི། ཧོར་ཟླ་བཅུ་གཉིས་འདི་རྟ་ཟླ་ལ་བརྩི། དེ་ནས་རིམ་བཞིན་ཧོར་ཟླ་དང་པོ་ལུག་ཟླ་སོགས་རིགས་འགྲེས དེ་ཡང་བཤད་སྲོལ་ལ། རྟ་ཟླའི་ཚེས་པ་བཅོ་ལྔ་ལ། དྲོད་མེ་སྟག་ཙམ་ཞིག་ས་ལ་ལྷུང་། ཡང་མིན་ན་ལ་ཁའི་ལུག་རྫིས་རིག ཡང་མིན་ན་གོ་ཁའི་རྒན་མོས་མཐོང་། ཞེས། ཧོར་ཟླ་བཅུ་གཉིས་པ་འདི་ནས་དྲོད་ཅུང་ཟད་འབབ་ཚུལ་བཤད་རྒྱུན་ལ་ཡོད། གཞན་ཡང་། གོས་ཡོད་ན་འབྲུག་སྦྲུལ་གཉིས་ལ་གོན། ཟས་ཡོད་ན་བྱ་སྤྲེལ་གཉིས་ལ་ཟོ། ཞེས་ཏེ།
ཧོར་ཟླ་༡༠-པ་དང་ ༡༡ པ་གཉིས་དགུན་ཟླ་འབྲིང་པོ་དང་ཐ་ཆུང་སྟེ་ལོ་འཁོར་མའི་ནང་ནས་གནམ་གཤིས་གྲང་ཤོས་ཡིན་པ་བསྟན་ཡོད། ཧོར་ཟླ་༢-པ་དང་༣-པ་འདི་གཉིས་ལོ་སྔོན་མའི་ཟས་རྙིང་རྣམས་རྫོགས་པའི་དུས་དང་ལོ་གསར་པའི་ཡོངས་འབབ་སྟེ་དཀར་ཟས་རིགས་དང་འབྲུ་རིགས་སོགས་གང་ཡང་དཀོན་པའི་དུས་ཡིན་སྟབས་ཟས་ཡོད་ན་ཟླ་བ་དེ་གཉིས་ལ་ཟོ་ཟེར་ཏེ་ཅུང་ཟད་བསྲི་ཚག་དགོས་པར་བསྟན་ཡོད། གཞན་ཡང་སྤྲེལ་ས་སྔོན་གནམ་སྔོན། ཞེས། ཧོར་ཟླ་གཉིས་པའི་ནང་དུ་ས་ལ་སྔོ་ཞད་ཆགས་པར་བསྟན་ཡོད། བཤད་སྲོལ་འདི་དག་ལ་ཤོག་ཐོག་བྲོ་རྡུང་གི་མཁས་པ་མང་དག་ཅིག་གིས་ཤངས་གཉེར་བར་བྱེད་སྲིད་མོད་ཀྱང་དོན་དངོས་ཐོག་བོད་རང་ས་ནས་ཉམས་མྱོང་བསགས་པའི་རྒན་པོའི་ངག་རྒྱུན་འདི་དག་ལ་གོ་རྒྱུ་ཆེན་པོ་རེ་ཡོད་པར་སྣང་། གོང་ཞུས་བཞིན་ཟླ་བ་བཅུ་གཉིས་འདི་ལོ་སྐོར་བཅུ་གཉིས་ལ་སྦྱར་ཚུལ་འདིའི་ལུང་གང་ཡིན་མ་ཤེས་ཀྱང་གནམ་གཤིས་དྲོ་དྲང་སོགས་ཀྱི་འགྲོས་ལ་དཔྱད་ན་རྩི་སྟངས་འདི་ཤིན་ཏུ་ནས་འབྱོར་ལ། རྟ་ཉ་འབུམ་འགྱུར་ཞེས་ལོ་འཁོར་མར་དུས་བཟང་གི་ཉ་འདི་ལས་ཆེ་བ་ཞིག་མེད་པར་ཐག་གཅོད་པ་དེས་ཀྱང་ལུང་རྙིང་གཤེན་གྱི་དྲི་མ་ཅུང་ཟད་མ་ཉམས་པར་བསྟན་འདུག་སྙམས། གཞན་ཡང་དྲང་དོན་མུན་སེལ་གྱི་ལུང་ལས་ཟླ་བ་འདི་ལ་རྟ་པ་ཟླ་བ་ཞེས་སྨྲོས་པ་ཞིག་ཡོད་སྙམས་མོད། འོན་ཀྱང་སྨྲ་དབང་རྗེ་བླ་མ་མཆོག་ནས་འདི་ལོ་འཁོར་ལ་སྦྱར་བའི་རྒྱབ་ལྗོངས་དུ་བཞེད་མེད་སྙམས་པ་ཞིག་དྲན་གྱི་འདུག །