ཀླུང་རྟའི་སྐོར་དྲི་བ་འགའ།
རྩོམ་བྲིས་པ། དགེ་བདག་མེད་འཇག་སྐྱ། དྲི་བ་གཏོང་མཁན། ཞང་ཞུང་ཉི་མ།
ཀླུང་རྟའི་སྐོར་དྲི་བ་འགའ།
དྲི་བ་དང་པོ། བོན་རང་ལུགས་ལ་ཀླུང་རྟ་ཞེས་པའི་ཐ་སྙད་དེ་ཞང་བོད་རང་ས་ལ་སྔ་མ་ནས་ཡོད་དམ་རྗེས་སུ་རྒྱ་སྐད་ཀྱི་”ལུང་མཱ་”ཞེས་པའི་ཐ་སྙད་དེ་ནང་འདྲེན་བྱས་པ་ཡིན། གཉིས་པ། ཀླུང་རྟ་ཞེས་པ་གང་ལ་ངོས་འཛིན་དགོས། གསུམ་པ། ཀླུ་རྟ་ལ་སྒྲ་བཤད་བརྒྱབ་ན་ག་འདྲ་རྒྱག་དགོས། བཞི་པ། དབང་ཐང་དང་དང་ཀླུང་རྟའི་བར་ཁྱད་པར་དང་། དབང་ཐང་དེ་གང་ལ་ངོས་འཛིན་དགོས། ལྔ་པ། ཚེ་དང་བསོད་ནམས་ཞེས་པའི་བསོད་ནམས་དེ་གང་ལ་ངོས་འཛིན་དགོས།
སྐུ་ཉིད་ཀྱིས་ཀླུང་རྟ་དང་འབྲེལ་བའི་བཀའ་དྲི་རྣམས་ལ་བོན་གྱི་གཞུང་ལུགས་རྙིང་པ་རྣམས་སུ་ཀླུང་རྟའི་འབྲེལ་བཤད་དང་མཚོན་དོན། དེ་བཞིན་རྒྱུད་གང་ལས་བྱུང་བ་སོགས་ཁ་གསལ་པོ་དེ་འདྲ་ད་བར་མ་མཇལ། འོན་ཀྱང་ཕྱིས་བྱུང་བོན་གྱི་མཁས་གྲུབ་རྣམ་པས་ཀླུང་རྟ་དང་འབྲེལ་བའི་སྐོར་གསུངས་རྩོམ་མཛད་པ་དེ་འདྲ་ནི་མཇལ་རྒྱུ་ཡོད་པ་འདྲ། དེང་དཔྱད་ཞིབ་རིག་པའི་ལམ་ནས་ཀླུང་རྟ་དང་རླུང་རྟ་སོགས་ཀྱི་སྐོར་ཞང་བོད་མཁས་པ་རྣམས་ཀྱིས་བྲིས་པའང་མང་པོ་ཞིག་མཇལ་རྒྱུ་འདུག་པས། དེ་མིན་ཁོ་བོའི་བསམ་ཚུལ་ཙམ་ཞིག་འོག་ཏུ་འཆད་ན།
དྲི་བ་དང་པོའི་ལན། རླུང་རྟ་དང་ལུང་མཱ་(龙马) གཉིས་གང་སྔ་དང་གང་ནས་དྲངས་པ་ཤོད་ཧ་ཅང་དཀའ།
དྲི་བ་གཉིས་པའི་ལན། རླུང་རྟ་ནི་ཁ་སྐད་དུ་ལམ་འགྲོ་ཞེས་པ་དེ་ཡིན།
དྲི་བ་གསུམ་པའི་ལན། ད་བར་རླུང་རྟ་ལ་སྒྲ་བཤད་མ་མཐོང་།
དྲི་བ་བཞི་པའི་ལན། བླ་ཆེན་དྲན་པས་དབང་ཐང་སྤྱོད་བྱའི་ཡུལ་ལའོ།། ཞེས་གསུངས་པ་བཞིན་མི་སོ་སོ་ལ་དབང་བའི་རྒྱུ་ནོར་ལ་གོ་དགོས་སྙམ། རླུང་རྟ་ནི་ལམ་འགྲོ་ཞེས་པ་དེ་ཡིན་པ་གོང་ཞུས་བཞིན་ཡིན།
དྲི་བ་ལྔ་པའི་ལན། ཚེ་ནི་སྲོག་དང་འབྲེལ་བ་ཅན་ཞིག་ཡིན་ལ་བསོད་ནམས་ནི་རླུང་རྟ་དང་འབྲེལ་བ་ཡོད། དེ་གཉིས་སོ་སོ་བ་ཡིན། སྐུ་མདུན་བསོད་བློས་སྤྱིར་ཚེ་རིང་བ་ཡང་བསོད་ནམས་ཆེ་བར་བཞག་ཡོད། ཡིན་ན་ཡང་བསོད་ནམས་དེ་མང་པོ་ཞིག་ལ་གོ་རྒྱུ་ཡོད་པས་དེ་ཙམ་ཡིན། དེ་མིན་དེང་ཞང་བོད་མཁས་པ་རྣམས་ཀྱིས་ཀླུང་རྟའམ་རླུང་རྟའི་སྐོར་ལ་དཔྱད་ཞིབ་གནང་བའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཞིག་འདིར་དྲངས་ཡོད་པས་དེར་གཟིགས་པར་ཞུ། །