ཀླུ་མཆོད་དང་སྟོང་མཆོད་སྐོར་ལ་དྲི་བ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། དགེ་རིས་མེད་པ།
དྲི་བ། ངའི་རྣ་ཟུར་དུ་གོ་བ་ལ། སྟོན་སྨད་ནས་བཟུང་སོས་དཀྱིལ་མ་ཟིན་བར་དགུན་ཁ་ལ་རྣམ་རྒྱལ་སྟོང་མཆོད་དང་ཀླུ་མཆོད་བླུག་མི་ཉན་པ་དང་། ཡང་སོས་དཀྱིལ་ནས་སྟོན་དཀྱིལ་བར་དབྱར་ཁ་ལ་ཁྱུང་དམར་བཅའ་འདོན་མི་རུང་བ་སོགས་ཟེར། འོན་ཀྱང་ང་ནི་བཀའ་གཞུང་ལ་ལྟ་རྟོག་ཉུང་། བཀའ་བརྟེན་ལ་འདྲིས་པ་ཆུང་། གསུང་འབུམ་ལ་ཡིད་ཆེས་ཆུང་བ་སོགས་ཀྱིས་རྐྱེན་པས་ལུང་འདི་ལྟར་ཡོད་པ་གོ་རིག་མེད། རིག་པས་བརྟག་ན་སྒྲུབ་བྱེད་མེད་ལ་གནོད་བྱེད་དུ་མས་འཚང་ག་རྒྱག་པར་མཐོང་། ཁྱེད་མཁས་དབང་རྣམ་པས་རབ་རེད་ན་བཀའ་དག་མ་ནང་ནས་འདི་ལྟར་བཤད་ཟེར་བ་ཞིག་དང་དེ་ཙམ་མ་རེད་ན་བཀའ་བརྟེན་དང་གསུང་འབུམ་ནང་ལ་བདེན་ཚིག་འདི་ལྟར་རོ་ཟེར་བ་ཞིག་ཡོད་པར་ཞུ།
ལན། སྤྱིར་བཏང་དེ་ལྟ་བུ་མང་པོ་ཞིག་ཡུལ་མི་རྒན་པ་ཚོའི་གསུང་རྒྱུན་དང་འགྲོག་སྟེ་རྒྱུ་མཚན་ཡོད་མེད་ཅི་རིགས་སུ་ཡོད་སྲིད་ཀྱང་། གུས་པའི་བསམ་ཚུལ་ལ། དབྱར་དུས་སུ་ཁྱུང་དམར་བཅའ་འདོན་བྱེད་པ་དང་། དགུན་དུས་སུ་ཀླུ་མཆོད་འདོན་པ་སོགས་བྱ་ན་ཕན་གནོད་གཉིས་ལས་གནོད་པའི་ཕྱོགས་སུ་འགྲོ་བའི་རྒྱུ་མཚན་གཙོ་བོ་ནི། ཁྱུང་དམར་ཀླུ་ཡི་ཁ་གནོད་དང་ཀླུ་འདུལ་བྱེད་ཡིན་པའི་རྒྱུ་མཚན་གྱིས་དཔྱིད་དབྱར་སོགས་ལ་ཀླུ་ལྡང་བའམ་རྒྱུ་བའི་དུས་ཡིན་པས་དེའི་རིང་ཁྱུང་པར་རྦད་ན་ཀླུ་ལ་ཕོག་ཐུག་འགྲོ་སྲིད་པ་དང་། དགུན་ཟླ་གསུམ་ལ་ཀླུ་ཉལ་བའི་དུས་ཡིན་སྟབས་དེའི་རིང་ཀླུ་མཆོད་དང་ཀླུ་གསོལ་བྱ་ན་ཀླུ་འབོད་མ་རན་པའི་དུས་སུ་མགྲོན་བསུ་བྱས་པ་དང་འདྲ་བས་ཀླུ་འཁྲུག་སྲིད་པའི་རྒྱུ་མཚན་གྱིས་དེ་ལྟར་མིན་ནམ་སྙམ།
སྤྱིར་བཏང་དུས་བཞིར་ཀླུ་གནས་སྟངས་དང་བསྟུན་ནས་མཆོད་པ་ཇི་ལྟར་བྱ་དགོས་མིན་སྐོར་རྒྱལ་བའི་བཀའ་རིན་པོ་ཆེ་འགའ་ལས་གཤམ་དུ་ལུང་འདྲེན་ཞུ་ན། དེའང་ (ཀླུ་ཡི་པང་ཀོང་ཀླུ་ཡི་སྙིང་བཅོས་འབུམ་ནག་) ལས། “ ཀླུ་བོན་ཡེ་ཤེས་སྙིང་པོ་དད་པའི་སེམས་ཀྱིས་ཐང་ཆོད་ཉོན། །དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་སྐར་མ་ནབས་སོ་ལ་བབས་པའི་ཚེ། །ཉི་མ་ཕྱེད་ཡོལ་ལ་ཀླུ་ལྡང་སྟེ། དེའི་དུས་སུ་ཕྱོགས་མཚམས་ཀུན་ཏུ་འགྱུའོ། །དེའི་དུས་སུ་གཙང་མའི་ཀླུ་ཡི་དཀྱིལ་འཁོར་འཁོར་ཞལ་ཕྱེ་ནས་རིགས་ལྔ་གཉན་པོ་བསྒོམ་པར་བྱའོ། །གཙང་མའི་ལས་སྤྱོད་ལ་རབ་ཏུ་བརྟེན་པར་བྱའོ། །མི་གཙང་བའི་ལས་སྤྱོད་ལ་རབ་ཏུ་སྤང་བར་བྱའོ། །རྒུན་ཟླ་ར་བའི་ཚེས་བཅོ་ལྔའི་སྐར་མ་སྨིན་དྲུག་གི་ཉི་མ་ཕྱེད་ཡོལ་བ་ལ་ཀླུ་ཉལ་ཏེ། དེའི་དུས་སུ་ཕྱོགས་མཚམས་ཀུན་ཁྱབ་པར་ཉལ་ལོ། །དེའི་དུས་སུ་གཏད་གཞུག་སྦྱིན་སྲེག་གི་ལས་བྱའོ། །རིགས་ལྔ་ཀླུ་ཡི་དཀྱིལ་འཁོར་དབྱིངས་སུ་བཀོད། སྟོན་ཟླ་ར་བ་དང་། དཔྱིད་ཟླ་ར་བའི་ཉ་ལ་སྐར་མ་རྟ་ཆུང་དང་བྱ་བོ་ལ་ཀླུ་ཀུན་ཏུ་དར་ཏེ། དེའི་དུས་སུ་ཕྱོགས་མཚམས་ཁྱབ་པར་དར་རོ། །དེའི་དུས་སུ་རིགས་ལྔ་ཀླུ་ཡི་དཀྱིལ་འཁོར་ཞལ་ཕྱེ་ལ་གྲུབ་པར་བྱའོ། །གཙང་མ་ཀླུ་འབུམ་དཀར་ནག་གསུང་བསྒྲག་པར་བྱའོ། །སྙིང་བཅོས་ཀྱི་མཆོད་ལ་གཞུང་བསྲང་ལ་ཀླུ་མཆོད་རྒྱས་པར་འབུལ་ལོ། །” ཞེས་གོང་གི་དགུན་ཁ་ཀླུ་ཉལ་བའི་སྐབས་ཡིན་སྟབས་སྦྱིན་སྲེག་བྱ་ཆོག་པ་ལས་ཀླུ་ཡི་དཀྱིལ་འཁོར་དབྱིངས་སུ་བསྡུ་དགོས་པར་གསུངས།
(གཙང་མ་ཀླུ་འབུམ་ཁྲ་བོ་དོན་འདུས་དཀར་ཆུང་) ལས། “ གཤེན་རབ་མི་བོ་དེ། རི་རྒྱལ་ཆེན་པོའི་རྩེ། རྒྱ་མཚོ་ཆེན་པོའི་འགྲམ། རིན་པོ་ཆེའི་ཁྲི་སྟེང་ན། གཤེན་འཁོར་ཉིས་སྟོང་ལྔ་བརྒ་དང་ཐབས་ཅིག་ཏུ་བཞུགས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནམ་ཟླ་དུས་ཚོད་ཀླུ་ལས་བྱུང་བ་འདི་རྣམས་གསུངས་སོ། །དཔྱིད་ཟླ་རབ་ལ་ཀླུ་ཞལ་བཞེས་པས་རླུང་ཚུབ་མ་བྱུང་ངོ་། །དཔྱིད་ཟླ་འབྲིང་པོ་ལ་ཀླུ་ཡི་ཞལ་བསྡུས་པས། དྲོད་སྤས་བཅག་ཙམ་པ་ཅིག་བྱུང་ངོ་། །དཔྱིད་ཟླ་ཐ་ཆུང་ལ་ཀླུའི་རྒྱལ་པོའི་སྤྱི་བོ་ནས་རླངས་པ་ཅིག་བྱུང་བས། དྲོད་ལུག་མགོ་ཙམ་ཅིག་བྱུང་ངོ་། དབྱར་ཟླ་ར་བ་ཀླུའི་རྒྱལ་པོའི་ཞལ་གྱི་རླངས་པ་ཆེ་བ་ལ། དྲོད་རག་དུང་ཙམ་ཅིག་བྱུང་སྟེ། ནམ་ཟླ་ལྟེམས་ཀྱི་གཏོང་ངོ་། །དབྱར་ཟླ་འབྲིང་པོ་ལ་ཀླུའི་ཞལ་གྱི་རླངས་པ་ཆེ་བ་ལ། ནམ་ཟླ་དུས་ཚོད་ལ་ལྟེམས་ཏེ་ས་ལ་ཞགས་ཆགས་སོ། །དབྱར་ཟླ་ཐ་ཆུང་ལ་ཞལ་གྱི་མཆི་མ་ལས་ཆར་ཟིམ་བབས་སོ། །སྟོན་ཟླ་ར་བ་ལ་ཀླུའི་རྒྱལ་པོའི་སྤྱན་གྱི་མཆིས་མ་ལས་ཆར་པ་ཡང་དག་པར་བབས་པས་བདུད་རྩི་ཆེན་པོ་བྱུང་སྟེ། ས་གཞི་ལས་འཁྲུངས་པ་མ་ལུས་པར་སྐྱེས་སོ། །སྟོན་ཟླ་འབྲིང་པོ་ལ་ལྗགས་ཀྱི་མཆིས་མ་གཏོར་བས། ཆར་གྱི་རིགས་ཐམས་ཅད་སྣ་ཚོགས་པ་བྱུང་སྟེ། ས་ལ་རྩི་ཐོག་མ་ལུས་པ་རྒྱས་སོ། །སྟོན་ཟླ་ཐ་ཆུང་ལ་ཀླུའི་རྒྱལ་པོའི་ཞལ་བཙུམ་པ་ལས་སྦྲང་ཆར་ཟམ་ཟིམ་བྱུང་ངོ་། རྒུན་ཟླ་ར་བ་ལ་ཀླུའི་རྒྱལ་པོ་གཟིམས་ཚུལ་བསྟན་པསའི་ཆུ་གྲང་ངོ་། །རྒུན་ཟླ་འབྲིང་པོ་ལ་ལྷན་གྱིས་གཟིམས་པས་འཁྱག་ཆག་ཆོམ་དུ་བྱུང་ངོ་། །རྒུན་ཟླ་ཐ་ཆུང་ལ་ཀླུའི་རྒྱལ་པོའི་ཡན་ལག་རྐྱང་པས་མཚོ་ལ་དར་ཆགས་སོ། །” ཞེས་འདིའི་སྐབས་སུ་དུས་བཞི་ཀླུས་ཡིས་དབང་ཇི་ལྟར་སྒྱུར་ཚུལ་བསྟན་འདུག་པས་ཅུང་དཔྱད་རྒྱུ་ཡོད་པ་ཞིག་རེད་དྲན། དེ་བཞིན་ས་བདག་ཉེ་ལམ་སྡེ་བཞིའི་གཞུང་རྣམས་སུའང་འདི་ལྟ་བུ་གང་མང་མཇལ་རྒྱུ་ཡོད་དྲན་སོང་། །
(གོང་དུ་དྲངས་པའི་ལུང་རྣམས་མ་དཔེ་ཇི་བཞིན་དུ་བྲིས་ཡོད་པས་དེང་རབས་ཀྱི་བརྡ་དག་དང་མི་མཐུན་པ་གང་མང་ཞིག་མཆིས་པས་དེ་ལུགས་ཐུགས་འཇགས་གནང་རོགས།)