ཀུན་རིག་དང་ཀླུང་རྟའི་ཡི་གེའི་བར་དུ་ཚེག་མི་འབྲི་བའི་རྒྱུ་མཚན་གང་ཡིན་ནམ།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་འདོན་མཁན། ཁམས་གཡུ་འབྲུག
དྲི་བ། ཀུན་རིག་དང་སྦྱིན་བསྲེག་གི་ཤིང་བྲིས་དང་། སྐུ་རྟེན་གྱི་གཟུངས་གཞུག དེ་བཞིན་ཀླུང་རྟའི་ཡི་གེ་སོགས་འབྲི་སྐབས་བར་འབྱེད་ʼʼཚེག་ ʼʼམི་འབྲི་བའི་རྒྱུ་མཚན་གང་ཡིན།
ལན། སྤྱིར་བཏང་གོང་གི་དགེ་ཚོགས་ཀྱི་བྱ་བ་དེ་དག་ནི་འབྱུང་བར་གནས་པའི་གཙང་རིགས་མགོན་སྐྱབས་ཅན་རྣམས་ལ་གསོལ་བ་དང་བརྔན་པའི་མཆོད་འབུལ་ཞིག་ཡིན་པ་དང་། དེའི་སྟོབས་ཀྱིས་ཚེ་འདིར་འཇིག་རྟེན་ཁམས་སུ་ནད་མེད་བསམ་དོན་འགྲུབ་པ་དང་། ཕྱི་མར་ཡང་རྫོགས་བྱང་གི་གོ་འཕང་འཐོབ་པའི་དགེ་ཚོགས་རླབས་ཆེན་ཞིག་ཡིན། འོན་ཀྱང་འདི་སྐབས་ཡི་གེའི་བར་འབྱེད་ཀྱི་ʼʼཚེག་ʼʼ ཡོད་མེད་སྐོར་ཁ་གསལ་ཞིག་བོན་གཞུང་རྣམས་སུ་ཡོད་པ་ད་བར་མ་མཇལ་ཡང་། ཡུལ་ལུགས་ཀྱི་བྲིས་པ་རྣམས་དང་མི་རབས་རྒན་པ་རྣམས་ཀྱི་ཞལ་རྒྱུན་ནི། གོང་སྨྲས་ལྟར་ཀུན་རིག་དང་ཀླུང་རྟའི་ཡི་གེ་སོགས་ནི་འབྱུང་བར་གནས་པའི་ལྷ་ཀླུ་དག་གིས་ཀློག་ཤེས་པ་ལས་མི་ཕལ་གྱིས་ཀློག་མི་ཤེས་པ་ཞིག་དགོས་ཟེར་མཁན་དང་། ཡང་འགའ་ཞིག་གིས་ཡི་གེའི་བར་དུ་ʼʼཚེག་ʼʼ ཡོད་ན་གོང་སྨྲས་ལྷ་ཀླུ་དེ་དག་གིས་ཀློག་མི་ཐུབ་ཟེར་མཁན་ཡང་འདུག གང་ལྟར་ང་ཚོས་རིག་པས་བརྟག་ན་བར་འབྱེད་ʼʼཚེགʼʼ ནི་སྒྲ་ཀློག་བདེ་དང་དོན་གོ་སླ་བའི་ཆེད་དུ་ཡིན་སྟབས། སྤྱིར་སྐྱེ་བོ་ཕལ་ལ་གོ་སླ་བའི་ཆེད་དུ་ཚིག་རྣམས་བར་དུ་འབྱེད་དགོས་ཀྱང་། གཙང་རིག་དང་ཡེ་ཤེས་ཀྱི་ལྷ་སྲུང་རྣམས་ལ་དེ་ལྟ་བུའི་མཛུབ་མོ་རིས་སྟོན་མི་དགོས་སྟབས་ʼʼཚེགʼʼ མི་འབྲི་བ་ཡིན་ནམ་སྙམ།
༧སྨན་རིའི་མཁན་ཆེན་ཉི་མ་བསྟན་འཛིན་མཆོག་གི་(རྒྱལ་བའི་སྐུ་བརྙན་དང་མཆོད་རྟེན་གྱི་གཟུངས་གཞུག་འབུལ་བའི་ལག་ལེན་གསལ་བྱེད་འཕྲུལ་གྱི་ལྡེ་མིག) ལས། ʼʼ གཟུངས་གཞུག་གི་བྲི་ཚུལ་ནི། ་་་་་་ ཞེས་པ་ནས། ་་་་་ཆེ་ཆུང་བསྟུན་པའི་གཟུངས་གཞུག་རྒྱས་འབྲིང་བསྡུས་པ་རྣམས། དགོས་འབྱུང་གཏེར་གྱི་མཛོད་ཆེན་ལྟར་བྱ་ལ། དབུ་ཅན་ʼཚག་ʼམེད་དུ་བྲིས།ʼʼ ཞེས་གསུངས་པ་ཙམ་ལས། ཚག་མེད་དམ་ཚེག་མེད་འབྲི་དགོས་པའི་སྐོར་གང་ཡང་གསུངས་མེད། །