༼ཞང་ཞུང་རྒྱལ་ས་འཚོལ་བ་༽ཞེས་པའི་རྩོམ་ཡིག་ལ་ཕུལ་བའི་དཔྱད་ལན།
རྩོམ་བྲིས་པ། ཕུར་བུ་རྒྱལ་མཚན།
༼ཞང་ཞུང་རྒྱལ་ས་འཚོལ་བ་༽ཞེས་པའི་རྩོམ་ཡིག་ལ་ཕུལ་བའི་དཔྱད་ལན།
(རྩོམ་ཡོང་ཁུངས། གངས་ཏི་སེ་མངའ་རིས་རིག་གནས་ལས་ཤག 冈底斯阿里文化工作室)
ལྡོག་ཏུ་དཀའ་བའི་དུས་ཀྱི་རྒྱལ་མོས་ཡོད་པའི་བྱ་དངོས་མང་པོ་སྟོང་པའི་ཀློང་དུ་དྲངས་ཤིང་། བརྗིད་ཉམས་དང་དཔལ་ཡོན་ཡོད་ཚད་ཀྱང་རྗེས་ཤུལ་མངོན་དཀའ་བར་འགྱུར་བའི་དབང་གིས་སྟོང་ལོ་གཅིག་གི་ཡར་སྔོན་ན་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཞང་ཞུང་གི་རྒྱལ་མཁར་ཡང་དེང་སྐབས་ཐ་གཅིག་ཏུ་ངོས་འཛིན་མི་ཐུབ་པའི་རྩོད་གཞི་ཞིག་ཏུ་འགྱུར་ཡོད་པ་རེད། འོན་ཀྱང་རྩོད་གཞི་དེ་ནི་ཉེ་བའི་ལོ་འགའི་སྔོན་བོད་རིག་པ་བ་ཁག་གིས་བསམ་འཆར་བཏོན་པ་ལས་བྱུང་བ་ཞིག་ཡིན་པ་ལས་དེ་སྔོན་ཁྱུང་ལུང་དངུལ་མཁར་ངོས་འཛིན་གཏན་འཁེལ་མེད་པ་དང་ཡང་ན་ལུང་རིགས་ཀྱིས་འཐད་ལྡན་སྒྲུབ་ཏུ་མེད་པའི་རྐྱེན་ལས་བྱུང་བ་ཞིག་གཏན་ནས་མིན་ཏེ། གྲུབ་དབང་བསྟན་འཛིན་རིན་ཆེན། ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ། མཁས་དབང་དཔལ་ལྡན་ཚུལ་ཁྲིམས། དགེ་སློང་བསྟན་འཛིན་དབང་གྲགས་སོགས་ཀྱིས་ཚིག་ཐག་ཆོད་པོས་ཁྱུང་ལུང་དངུལ་མཁར་ནི་ད་ལྟ་སྒར་རྫོང་མོན་འཚེར་ཤང་གི་ཁོངས་སུ་ཡོད་པའི་མཁར་གདོང་ཞེས་གྲགས་པའི་རྔམ་བརྗིད་ཅན་གྱི་རི་བོའི་སྟེང་ཆགས་པའི་མཁར་ཤུལ་དེར་ངོས་འཛིན་གནང་ཡོད་ལ། བོན་ལུགས་ཀྱི་གྲུབ་མཐའ་འཛིན་པའི་སྐྱེ་བོ་ཀུན་ཀྱང་མཇལ་སྐོར་སླད་ལོ་རྒྱུན་སྟར་ཆགས་སུ་འགྲོ་བཞིན་ཡོད། དེང་སྐབས་རྩོད་གཞིའི་གླེང་ཕྱོགས་ཁག་ལ་གཞིག་ན་བསམ་འཆར་མི་མཐུན་པ་ཕྱོགས་འདི་དག་ནས་གནང་སྟེ།
༡༽ ས་ཁོངས་ཀྱི་སྐོར། འགའི་འདོད་ཚུལ་ལྟར་ན་ཁྱུང་ལུང་དངུལ་མཁར་ཡིན་ན་ད་ལྟའི་ཁྱུང་ལུང་གྲོང་ཚོའི་ཁོངས་སུ་གཏོགས་དགོས་པ་བསམ་མོད། དེ་ནི་ཉེ་རབས་ཀྱི་ལོ་རྒྱུས་ལ་མཐོང་ཐོས་ཞན་པའི་སྐྱོན་ཏེ། བོད་ལ་དམངས་གཙོ་བཅོས་བསྒྱུར་མ་བྱས་པའི་སྔོན་དུ་ད་ལྟའི་མོན་འཚེར་ཚུན་གྱི་ཙུའུ་བཞི་པའི་མཁར་གདོང་ཚུད་པའི་ས་ཆ་ཕལ་ཆེར་ཁྱུང་ལུང་གི་མངའ་ཁོངས་ཡིན་མ་ཟད་ཁྱུང་ལུང་ཤར་མ་ཞེས་པའི་མིང་དུ་གྲགས་པ་ཡིན། དེ་ཡང་མདའ་བའི་ཤེ་བམ་ལས། ཁྱུང་ལུང་ས་ཁོངས། ཤར་ཤ་ལ་བཙག་ཁུངས་ནས་ནུབ་ཁྲི་སྒོ་རྣམ་གསུམ། བྱང་བེམ་པོ་གོང་གསེང་ནས་ལྷོ་གཡའ་མའི་མཆོད་རྟེན་བར། ཞེས་གསལ་བ་ལྟར་ལ། སྤྱི་ལོའི་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུ་པའི་ནང་ཁྱུང་སྤྲུལ་འཇིགས་མེད་ནམ་མཁས་གུར་གྱམ་དགོན་ཆགས་བཏབ་རྗེས་མཁར་གདོང་ཚུད་པའི་ས་ཆ་དེ་དག་ཀུན་ཀྱང་དགོན་པའི་དཀོར་ཟོག་འཚོ་སའི་རྩྭ་ཐང་དུ་ཕུལ་བ་རེད། རྗེས་སུ་དམངས་གཙོ་བཅོས་བསྒྱུར་སྐབས་གུར་གྱམ་དགོན་པ་དང་ཁྱུང་ལུང་དངུལ་མཁར་ས་ཆ་གཙོས་དཀོར་པའི་རྩྭ་ཐང་དང་མི་ཟོག་ཀུན་སྒར་རྫོང་གི་ཁོངས་སུ་བཙུད་པ་རེད། དེས་དེང་སྐབས་ཁྱུང་ལུང་གྲོང་ཚོ་དང་འབྲེལ་བ་མེད་པ་ལྟ་བུ་ཞིག་ཏུ་སྣང་བ་ལས་ལོ་རྒྱུས་ཀྱི་ངོས་ནས་དེ་ལྟ་ཞིག་མིན། ད་ལྟའི་ས་ཁོངས་ཙམ་ལ་གཞི་བཟུང་སྟེ་ཁྱུང་ལུང་དངུལ་མཁར་གྱི་མཁར་ཤུལ་འཚོལ་བ་ནི་ཁུངས་ལྡན་ཞིག་མ་རེད།
༢༽ མིང་དང་ས་དབྱིབས་ཀྱི་སྐོར། ཐོག་མར་ངེས་དགོས་པ་ཞིག་ལ་ཞང་ཞུང་ཞེས་པའི་སྐད་དོད་ནི། ཁྱུང་ལུང་ངམ་ཁྱུང་ཡུལ་ཞེས་གོ་བར་གྲགས་ཤིང་དེ་ལྟར་ན་རུས་ཚན་ཁྱུང་གི་མིས་དབང་བསྒྱུར་བའི་ས་ཆ་ལ་གོ་བ་ལས་འདབ་ཆགས་ཤིག་གིས་དབང་བསྒྱུར་ཅེས་མི་བརྗོད་པ་ནི་ངེས་སླ་མོད། འོན་ཀྱང་དེ་ནི་ལུང་པ་གཅིག་གམ་རི་བོ་རེ་ཙམ་མི་བརྗོད་པར་བྱ྄ཁྱུང་སྒྲ་བླར་རྟེན་པའི་རུས་ཚན་དེས་དབང་བསྒྱུར་གྱི་ཁྱབ་ཁོངས་ཡོངས་ལ་བརྗོད་ཀྱི་ཡོད་པས་མདོར་ན་ཞང་ཞུང་ཡུལ་དང་ཁྱུང་ལུང་གཉིས་ནི་སྤྱི་ཁྱབ་ནས་བཤད་ན་དོན་གཅིག་ལྟ་བུ་ཞིག་རེད། །
ཡང་ན་ཁྱུང་ལུང་དངུལ་མཁར་ཅེས་པ་ནི་རུས་ཚན་ཁྱུང་གི་མིས་དབང་བསྒྱུར་བའི་ལུང་པར་རྩིག་རྨང་ཁྲོ་ཆུ་ལས་བྱས་ཤིང་འགྲམ་གཞི་ལྕགས་ལས་བྱས་པ། ལོགས་བཞི་དངུལ་ལས་གྲུབ་ཅིང་ཁ་བད་གཡུ་ལས་གྲུབ་པའི་མཁར་ཞིག་ཆགས་པས་ན། ཁྱུང་ལུང་དངུལ་མཁར་གཡུ་ཡི་ཁ་བད་ཅན་ཞེས་མིང་དུ་ཐོགས་པར་འདོད་པ་ལས་ཐ་གཅིག་ཏུ་མཁར་ཆགས་སའི་རི་བོ་དེ་ཁྱུང་གི་དབྱིབས་ཡོད་དགོས་པ་བཤད་མེད་པ་རེད། །
ལར་ཡང་ས་ཁམས་ཆགས་ཚུལ་གྱི་ངོས་ནས་བཤད་ན། རྒྱལ་པོའི་སྐུ་མཁར་ནི་རྔམ་ཞིང་བརྗིད་ཆགས་ལ་བཙན་ཞིང་ཕྱོགས་བཞིར་མཐོང་རྒྱ་དོད་པའི་ཡོན་ཏན་ཚང་དགོས་པ་ཡིན། དེའང་མོན་འཚེར་མཁར་ཤུལ་དེར་ས་ཁམས་ཀྱི་ངོས་ནས་དཔྱད་ན་སྐུ་མཁར་ཀྱི་ཡོན་ཏན་ཚང་སྟེ། གནམ་གྱི་གོ་ཡངས་ཤིང་ས་ཡི་མཐོངས་གསལ་བ། རྒྱབ་རིའི་རྩེ་འཛིན་མཐོ་ཞིང་མདུན་གྱི་ལེན་རི་གཞོལ་བ། རི་མཐའ་ཐང་གིས་བསྐོར་ཞིང་ཐང་མཐའ་ལམ་གྱིས་བསྐོར་བ། ལམ་མཐའ་ཆུ་ཡིས་བསྐོར་བ། ཆུ་མཐའ་ལན་གྱིས་བསྐོར་ཞིང་། དེ་བཞིན་བྱང་གི་རུས་སྦལ་ཁྲ་བོ་གནོད་སྦྱིན་མགོན་རི། ཤར་གྱི་རྒྱ་སྟག་ཁྲ་བོ་ཁྱུང་ལུང་རྒྱ་ལམ་ཁྲ་མོ། ལྷོ་ཡི་གཡུ་འབྲུག་སྔོན་མོ་གླང་ཆེན་ཁ་འབབ། ནུབ་ཀྱི་བྱ་དམར་ནི་སྤང་རན་ས་དམར་བཅས་ཕྱོགས་བཞི་ས་ཡི་སྲུང་མདའ་དང་། གཡས་ཆུ་ཆུ་ནག་གཙང་པོ་དང་གཡོན་ཆུ་གླང་ཆེན་གཙང་པོ། མདུན་ཆུ་ཆུ་དཀར་གཙང་པོ་སོགས་གཡུ་འབྲུག་ཚང་བརྡོལ་བ་ལྟར་མདུན་དུ་འཛོམས་པས་བུ་ནོར་དཔལ་གཡང་རྒྱས་པའི་ས་དཔྱད། གཡས་གཡོན་མདུན་གྱི་ན་དམར་སྤང་གཤོངས་རྟ་ནོར་གཡང་ལུག་འཕེལ་བའི་ས་དཔྱད། མདོར་ན་ས་ཡི་སྲུང་བཞི་ཀ་བཞི་སོགས་ཡོན་ཏན་ལེགས་པར་ཚང་བས་སྐུ་མཁར་ཞིག་གི་གནས་སུ་གང་ནས་བརྟག་ཀྱང་འཐད་པ་ཞིག་ཡོད། །
༣༽ མཁར་ཤུལ་དང་བཟོ་སྐྲུན་གྱི་སྐོར། དེང་གི་ཞིབ་མཇུག་པའི་དཔྱད་འབྲས་ལྟར་ན། ཞང་ཞུང་གི་དུས་རབས་སུ་འཛུགས་སྐྲུན་གཙོ་བོ་ཕུག་པ་འབྲུ་བ་དང་བྲག་རྡོས་མཁར་བརྩིག་པ། དུར་བྱང་དུ་རྡོ་རིང་འཛུགས་པའི་སྐོར་དམིགས་བསལ་ཏུ་བཤད་ཡོད་པས། དེ་ལྟར་ན་མཁར་གདོང་གི་གནའ་ཤུལ་འདིར་འཛུགས་སྐྲུན་གཙོ་བོ་བྲག་རྡོ་ལས་གྲུབ་པའི་བརྩིགས་པ་ཡིན་ཞིང་གཞི་ཁྱོན་ཆེ་ལ་ཐང་ངོས་ལས་མཐོ་ཚད་རྨིད་ ༥༠༠ ཡན་གྱི་བྲག་རི་མཐོན་པོའི་མགོར་བཞེངས་ཡོད་པར་དཔག་ན། དབང་གྲགས་ཅན་གྱིས་བྲན་གཡོག་དུ་མ་བཀོལ་སྤྱོད་བྱས་པ་ལས་གྲུབ་པ་ཚོད་དཔག་ངེས་གཏན་བྱེད་ཐུབ། མ་ཟད་བྲག་རི་གཡང་གཟར་གྱི་འགག་སྒོ་གང་སར་དམག་རྭ་དང་བྲག་ངོས་སུ་ས་ཕུག་རྒྱུ་ལམ། རི་སྟེང་དུ་ཆུ་མཛོད་འདྲ་བའི་རྫིང་བུ་སོགས་མཁར་རྫོང་གི་རྗེས་ཤུལ་ད་ལྟའང་ངོས་འཛིན་ཐུབ་པ་ཡོད། གཞན་ཡང་མཁར་གདོང་གི་རི་སྟེང་གང་སར་རྡོ་ཆས་དང་རྫ་ཆས་མདའ་རྡེའུ་དང་ཁྲབ་བྱང་། གྲི་མདུང་བཙའ་རོ་སོགས་རྙེད་དུ་ཡོད་ལ་དུས་རབས་ཉི་ཤུ་པའི་དུས་མགོར་དབྱིན་ཇིའི་གནས་རྫས་རིག་པས་མཁར་གདོང་ནས་རྙེད་པའི་གདུང་དུམ་འགར་རྟོག་ཞིབ་པས་དཔྱད་པར་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་པའི་ཡས་མས་སུ་གྲུབ་པ་བདེན་དཔང་བྱས་ཡོད་པ་རེད། དེ་ན་མཁར་གདོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་པའི་ཡར་སྔོན་ནས་ཡོད་པ་ཞིག་དང་དབང་གྲགས་ཅན་གྱི་རྒྱལ་པོས་བཟོ་བསྐྲུན་བྱས་པ་ཞིག མཐའ་བཞི་ཕྱོགས་མཚམས་གང་ནས་རྒོལ་དཀའ་ཞིང་མདའ་གྲི་མདུང་གསུམ་གྱིས་སོ་ཁ་བཀྱེ་བའི་བཙན་རྫོང་ཞིག་ཡིན་པ་རིག་པས་འཐད་སྒྲུབ་བྱེད་ཐུབ། །
༤༽ གནའ་བོའི་ཡིག་ཆ་ཁག་ལ་འཁོད་པའི་སྐོར། ཏུན་ཧོང་གི་ཡིག་ཆ་བཙད་མོ་སད་མ་དཀར་གྱིས་བླངས་པའི་མགུར་ལས། ཡུལ་གྱི་ནི་སྐལ་ཕོགས་པ། ཁྱུང་ལུང་ནི་དངུལ་མཁར་ཅིག ཕྱི་བལྟས་ན་ངམ་དང་བྲག ནང་བལྟས་ན་གསེར་དང་དབྱིག ཅེས་པར་གཞིག་ན་བྲག་རི་གཡང་གཟར་གྱི་སྟེང་དུ་ཆགས་ཡོད་པ་ཤིན་ཏུ་གསལ་པོར་བསྟན་ཡོད། གཞན་ཡང་བོན་གྱི་བཀའ་བརྟེན་གྱི་དཔེ་ཆ་ཁག་ནང་ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་སྟེང་དུ་ཁ་རག་རྡོ་སྐུ་ཡོད་པ་བཤད་ཡོད་པས་དེས་ན་ཁྱུང་ལུང་དངུལ་མཁར་ནི་མོན་འཚེར་གྱི་མཁར་གདོང་འདི་ཉིད་ཡིན་པ་ལུང་གིས་ཀྱང་གྲུབ་ཡོད་པ་རེད། །
༥༽ ཞོར་བྱུང་ཁྱུང་ལུང་དགའ་ལྡན་ལྷ་རྩེའི་སྐོར། ཞོར་བྱུང་ཁྱུང་ལུང་གྲོང་ཚོར་མཆིས་པའི་དགའ་ལྡན་ལྷ་རྩེ་སྐོར་ལ་ཅུང་ཟད་དཔྱད་པར་བྱ་སྟེ། དགོན་པ་དེ་ཆགས་སའི་ས་ཁམས་དབྱིབས་ལ་ཁྱུང་གི་བཟོ་འདྲ་བ་ཡོད་མོད། རྒྱལ་པོའི་སྐུ་མཁར་ཞིག་གི་ཡོན་ཏན་མི་ཚང་སྟེ། གཅིག་ནས་རྒྱབ་རིའི་ལྟག་ཤོར་བས་དགྲ་ལམ་བྱང་ནས་དོད་པ། གཡས་གཡོན་ཆུ་བོ་མི་འབབ་པས་བུ་གཡང་རྒྱས་པའི་ས་དཔྱད་མི་ལྡན་པ། མདུན་གྱི་ལན་རི་མཐོ་བའི་དབང་ཐང་དགྲ་ལ་འཆོར་བའི་ས་སྐྱོན་ཡོད་པ། རི་མཐའ་ཐང་གིས་སྐོར་ཞིང་ཐང་མཐའ་ལམ་གྱིས་བསྐོར་བ། ལམ་མཐའ་ཆུ་ཡིས་བསྐོར་ཞིང་ཆུ་མཐའ་ལན་གྱིས་སྐོར་བའི་ས་དཔྱད་མི་ཚང་བས་འཁོར་འབངས་ལོངས་སྤྱོད་འདུ་བའི་ས་དཔྱད་མི་ལྡན་པ་སོགས་མདོར་ན་སྐུ་མཁར་ཞིག་གི་སའི་ཡོན་ཏན་མི་ཚང་བ་ནི་སུས་ཀྱང་གཟུ་བོས་དཔྱད་ཚེ་ངེས་པར་འགྱུར་བས་ཞང་ཞུང་གི་ལྟེ་བའི་རྒྱལ་མཁར་ཡིན་ཞེས་བརྗོད་ཚེ་ཅུང་འཐད་དཀའ་བར་སེམས། །
གཞན་ཡང་བོན་གྱི་ཡིག་རྙིང་ཁག་ཏུ་ཁྱུང་ལུང་དངུལ་མཁར་ནི་སྟོན་པ་གཤེན་རབ་མི་བོས་བརྩིགས་པ་གསལ་ཡོད་ལ། ལྡེའུ་ཆོས་འབྱུང་དུ་ཁྱུང་ལུང་དགའ་ལྡན་ལྷ་རྩེ་དགོན་ནི་དུས་རབས་བར་མའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞེངས་པའི་མཐའ་འདུལ་ཡང་འདུལ་སྒོས་འདུལ་གྱི་གཙུག་ལག་ཁང་གི་ཁོངས་སུ་དྲངས་ཡོད་པས་དུས་ཀྱི་བར་ཁྱད་ཆེ་ཞིང་། ཞང་ཞུང་གི་དུས་རབས་སུ་རྡོ་བྲག་དང་གད་ཕུག་འབྲུ་བ་ལས་ས་ཕག་གི་འཛུགས་སྐྲུན་དེ་ཙམ་ཡོངས་ཁྱབ་མིན་པ་བཤད་པས་དེ་ན་ཁྱུང་དགའ་ལྡན་ལྷ་རྩེ་ནི་ས་ཕག་ལས་གྲུབ་པ་ཞིག་ཡིན་པ་ཀུན་གྱིས་མཐོང་ཆོས་སུ་འགྱུར་བ་ཞིག་ལགས། །
མདོར་ན་ཞང་ཞུང་རྒྱལ་པོའི་རྒྱལ་མཁར་ཁྱུང་ལུང་དངུལ་མཁར་ནི་མོན་འཚེར་གྱི་ཁོངས་སུ་ཡོད་པའི་མཁར་གདོང་ཞེས་པ་དེ་ཡིན་ལ། ཐུ་བོད་བཙན་པོས་ཞང་ཞུང་དབང་དུ་བསྡུས་རྗེས་བཙན་པའི་མཁར་རྫོང་ཕལ་ཆེར་བཤིག་ཅིང་རྨེང་མེད་དུ་བཏང་བས་གནའ་མཁར་དེ་ཡང་སྐབས་དེ་ཤེད་དུ་རྩ་གཏོར་ཏུ་ཕྱིན་པ་ཞིག་ཡིན་པ་རེད། དེ་ལ་ཤེས་བྱེད་ཡོད་དེ་གནའ་མཁར་དེར་གདོད་མའི་ཞང་ཞུང་དུས་རབས་ཀྱི་གནའ་རྫས་དཔེར་ན་རྡོ་ཆས་དང་རྫ་ཆས། གྲི་མདུང་གི་དངོ་། གཟི་དང་གནམ་ལྕགས་སོགས་རྙེད་དུ་ཡོད་པ་ལས་ཐུ་བོད་བཙན་པོའི་རྗེས་ཤུལ་ལམ་གུ་གེའི་དུས་རབས་ཀྱི་གནའ་ཆས་གང་ཡང་རྙེད་དུ་མེད་པ་ལས་ཀྱང་ངེས་ཤེས་འདྲོངས་ཐུབ་པ་ཡིན། གཞན་ཡང་དམག་འཁྲུག་ཁྲག་གི་འཁོར་ལོ་བསྐོར་བའི་ལོ་ཟླའི་ནང་རྒྱལ་པོ་དཀྲོངས་ཤིང་རྒྱལ་ཁམས་དབང་དུ་བསྡུས་ཟིན་རྗེས་ད་དུང་རྒྱལ་པོའི་སྐུ་མཁར་གྲྭ་ཆག་གྲུ་ཉམས་མེད་པར་དུས་རབས་ཉི་ཤུ་བའི་བར་ལྷག་ཏུ་ཡོད་པའང་ཡ་ཆའི་རྒྱུ་ཞིག་མིན་ནམ། དེས་ན་ཞང་ཞུང་རྒྱལ་པོའི་སྐུ་མཁར་ཁྱུང་ལུང་དངུལ་མཁར་ནི་མོན་འཚེར་གྱི་ཁོངས་སུ་ཡོད་པའི་མཁར་གདོང་ཞེས་པ་དེ་ཡིན་དགོས་ལ་བོད་བཙན་པོས་ཞང་ཞུང་དབང་དུ་བསྡུས་རྗེས་ཁོས་འདིང་བའི་བློན་ཆེན་པོ་བཞུགས་གནས་དེ་ཁྱུང་ལུང་གྲོང་ཚོར་མཆིས་པའི་དགའ་ལྡན་ལྷ་རྩེ་དགོན་པ་དེ་ཡིན་དགོས་པ་ལྟར་དུ་སྣང་བས་དེ་ལུགས་མུས་སུ་དཔྱད་པ་གནང་རྒྱུ་བཅས་རེ་ཞིག་རྫོགས་པར་བྱས་སོ། །
མཇུག་ཏུ་ཞུ་དོན་རྩོམ་ཡིག་འདི་ནི་སྐུ་ཞབས་ཅིན་ཧྲུའུ་པོའོ་ལགས་ཀྱི་རྩོམ་ཡིག་༼ཀྲུང་གོའི་ས་ཁམས་དུས་དེབ་སྟེང་གི་ཞང་ཞུང་གི་རྒྱལ་ས་འཚོལ་བ་༽ཞེས་པར་བསམ་འཆར་གང་ཡོད་ཅེས་སྐུ་ཉིད་ནས་དྲིས་དོན་བཞིན་ཕུལབ་ལགས་པས། དེ་ལུགས་ཀློག་པ་པོ་རྣམས་ནས་དགོངས་འཇག་གནང་འོས་ལ། ཕྱོགས་སྔའི་རྩོམ་ཡིག་གཟིགས་ཐུབ་ན་ཤིན་ཏུ་ལེགས་པ་སྨོས་མེད། རྩོམ་ཡིག་དེ་བཞིན་ལོ་རྒྱུས་ཉམས་ཞིབ་ཀྱི་རིགས་ལམ་གཙོ་བོར་བཟུང་སྟེ་བློ་གཟུ་བོས་ཞུས་ཁུལ་ལགས་ཀྱང་མ་རྟོགས་ལོག་རྟོག་གི་ཆ་མཆིས་ཚེ། གནས་ལུགས་རྒྱུ་མཚན་གྱི་ལམ་ནས་དྲངས་ཏེ་འགག་ལན་དང་དགོངས་ཚུལ་འདོན་གནང་ཡོད་པ་ཞུ།།
དེ་བཞིན་གྲུབ་མཐའི་འཐེན་འཁྱེར་དང་ཡུལ་ལུང་རང་རང་གི་ཕན་ཁེ་ཕྲན་བུའི་ཆེད་རྩོམ་ཡིག་ལ་ལོག་འགྲེལ་དང་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་ནི། ཤིན་ཏུ་མི་འོས་པ་ཞིག་ལགས་པས་དེ་ལུགས་ཀྱང་དགོངས་འཇག་འཚལ། །