༧རྗེ་མཉམ་མེད་ཆེན་པོའི་རྣམ་ཐར་སྐོར་གསུང་རོགས།
རྩོམ་བྲིས་པ། ཁྱུང་ཁྲི་ལྡེ། དྲི་བ་གཏོང་མཁན། འོད་སྒང་དཀར་པོ།
དྲི་བ། ད་ལྟར་མཇལ་ཡུལ་དུ་གྱུར་བ་༧རྗེ་མཉམ་མེད་ཆེན་པོའི་རྣམ་ཐར་ག་ཚོད་ཡོད་མེད་དང་། དེ་བཞིན་མཁན་ཆེན་བསོད་ནམས་བློ་གྲོས་ཀྱི་རྣམ་ཐར་སྐོར་གསུངས་རོགས།
ལན། གུས་པས་མཇལ་མྱོང་བ་རྗེ་རིན་པོ་ཆེའི་རྣམ་ཐར་སྐོར། (རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་སློབ་དཔོན་སྤྱན་གཅིག་པ་ཆེན་པོའི་རྣམ་པར་ཐར་བ་ངོ་མཚར་པདྨོའི་ཕྲེང་བ།) མཛད་པ་པོ། བཙུན་པ་གྲགས་པ་རྒྱལ་མཚན།
(སྐུ་མདུན་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་གནའ་བོའི་ཞལ་ལུང་།) མཛད་པ་པོ་མི་གསལ།
(རྗེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་སྐལ་ལྡན་དྭངས་བ་འདྲེན་བྱེད་ངོ་མཚར་པདྨོ་སྟོང་ལྡན།) མཛད་པ་པོ། ཉི་མ་བསྟན་འཛིན།
དེ་བཞིན་ཀུན་མཁྱེན་གྱི་རྣམ་ཐར་ནང་ནས་གསལ་བའི་རྗེ་ཡི་རྣམ་ཐར་དེ་ཚོ་ཡིན། ད་དུང་སྐྱབས་མགོན་ཟླ་བ་རྒྱལ་མཚན་གྱི་རྣམ་ཐར་ནང་དུ་ “ མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར་ཆེན་མོ་ལེའུ་དྲུག་ཅུ་རེ་དགུ་ཡོད་པའི་ནང་། འདི་ནས་བླ་མ་ཉེར་གསུམ་དུས། མདོ་སྨད་ཨ་ཡི་ཕྱོགས་སུ། སྨྲ་བའི་སེང་གེའི་སྤྲུལ་པ་གཅིག མེ་འབྲུག་ཞོན་པ་རྒྱལ་མཚན་ཐོགས། དབུས་གཙང་སྟོད་སྨད་ཀུན་ཏུ་ཉུལ། གཙང་འགྲམ་བྱེ་མའི་མཁར་དུ་ཕྱག་རྗེས་འཇོག སྟོང་ཕྲག་གསུམ་གྱི་དགོན་གནས་འབྱུང་། གང་འཇལ་ཐར་པའི་ལམ་ལབཀོད། ཅེས་གསུངས་པ་དང་། ” ཞེས་ལུང་འདི་དྲངས་འདུག་པས་རྗེ་ཡི་རྣམ་ཐར་ལེའུ་དྲུག་ཅུ་རེ་དགུ་ཅན་ཅིག་ཡོད་པར་མངོན། དེ་བཞིན་ངག་རྒྱུན་དུ་བོད་སྡེ་བ་གཞུང་གིས་༧རྗེ་མཉམ་མེད་ཆེན་པོའི་རྣམ་ཐར་རྒྱས་པ་ཞིག་གཡར་ཁུལ་གྱིས་གཞུང་བཞེས་བཏང་སོང་རབས་ཤིག་ཀྱང་ཡོད་སྣང་འདུག མཁན་ཆེན་བསོད་ནམས་བློ་གྲོས་ཀྱི་རྣམ་ཐར་རྒྱས་པ་ཞིག་སོག་སྤྲུལ་གྱིས་པར་སྐྲུན་མཛད་པའི་བརྟེན་འགྱུར་ནང་འདུག་ཞུ། །