ʼʼ ཟེད་ཤོམ་ ʼʼ ʼʼ གཞེན་འདེབས་ ʼʼ ʼʼ ལོངས་འདོགས་ ʼʼ སོགས་ཀྱི་གོ་དོན་གང་ཡིན།
རྩོམ་བྲིས་པ། ཁྱུང་ཐོག་རྒོད། དྲི་བ་འདོན་མཁན། འཕྲུལ་གྱི་ཡིག་ཚང་།
རྗེ་ཡི་འདུལ་འགྲེལ་ལས་གསུངས་པའི་ʼʼ ཟེད་ཤོམ་ ʼʼ ʼʼ གཞེན་འདེབས་ ʼʼ ʼʼ ལོངས་འདོགས་ ʼʼ སོགས་ཀྱི་གོ་དོན་གང་ཡིན་གསུང་རོགས།
ལན། རབ་འབྱམས་གསེར་རིའི་ཕྲེང་བ་ཚར་དུ་དངར་བའི་གླེངས་སྟེགས་འདི་ལྟ་བུའི་ནང་ཐོས་བསམ་གྱི་ནར་མ་སོང་བའི་མི་ཞིག་གིས་བསམ་ཚུལ་བཤད་པ་ནི་མ་འོས་པ་ཞིག་ཅི་ལ་མིན། འོན་ཀྱང་རྟོག་གེ་བའི་གདོང་འབག་མཐུག་པོ་གྱོན་བའི་ངས། དེ་རིང་ཚིག་ཉོབ་ཁ་ཤས་ཤིག་ཤོར་སོང་བས་དགོངས་འགལ་མེད་པར་ཞུ། གོང་དུ་ཡིག་རྙིང་ཁག་ལ་ཡོད་པའི་ཚིག་གོ་དཀའ་བའི་རིགས་ཁ་ཤས་ཤིག་དྲི་བའི་ལམ་དུ་བཀོད་འདུག་པས་དེ་ཚོ་ལ་ལན་ཁ་གསལ་གོ་བདེ་ཞིག་འདེབས་དགོས་ན་བོན་དཔེ་
རྙིང་པ་དག་ལ་ཞིབ་གཟིགས་ནན་པོ་མ་བྱས་བར་ཧོབ་ཏེ་ལེན་འདེབས་དགོས་ན་ཁག་པོ་རེད་བསམ་གྱི་ཡོད། དཔེར་ན་འཁོར་བའི་”ཟེད་བཤམ་”ལྟ་བུ་ལ་མཚོན་ན། ཁམས་ཆེན་དང་ཁམས་རྩ་རྣམ་ངེས་སོགས་ལས་འབྲི་ཚུལ་མི་འདྲ་བ་མང་པོ་འདུག རྣམ་ངེས་ལས། ངན་སོང་གསུམ་དུ«བཟད་བཤམ» ཁམས་ཆེན་ལས། ངན་སོང་གསུམ་དུ་«ཟེད་ཤོམ» «བཟེད་ཤོམ»ལྟ་བུའི་འབྲི་ཚུལ་གསུམ་ཙམ་འདུག་ཀྱང་། དོན་གྱི་གོ་ས་གཅིག་ཡིན་ན་ཆོག་སྙམ། ཐ་སྙད་དེའི་གོ་དོན་གྱི་ཐད་ནས་བསམ་མནོ་བཏང་ན་དགེ་རྒན་འགའ་ཤས་ཀྱི་«ཁ་ཟེད»ཅེས་པའམ་«ཁ་གཅོད་མེད་པའི་སྣོད»ཅེས་པ་ལྟ་བུ་གོ་དགོས་རེད་གསུངས་མཁན་ཡང་འདུག ངན་སོང་གསུམ་དུ་«ཟེད་ཤོམ»ཞེས་པ་དེ། དཔེར་ན་སྣོད་ཀྱི་ཁ་ཕྱེས་ན་ནང་དུ་ཆུ་བླུགས་ཆོག་ཆོག་ཡིན་པ་བཞིན། མི་དགེ་བའི་ལས་ཚན་པོ་ཆེ་བསགས་པའི་གང་ཟག་རྣམས་ངན་སོང་ལ་འགྲོ་ཆོག་ཆོག་ཡིན་པའི་དོན་མིན་ན་སྙམ། འོན་ཀྱང་དིང་སང་གི་ཚིག་མཛོད་དག་ལ་དེ་ལྟ་བུའི་ལྗིད་ཏིག་ཏིག་གི་ཐ་སྙད་བྱིན་ཅན་དག་གི་འགྲེལ་བཤད་མཐོང་དཀའ་བས། དེ་ལས་ང་ཚོའི་བོན་དཔེ་རྙིང་པ་དག་ཀློག་པ་དང་པར་འཇུག་ཞུ་དག་སོགས་བྱེད་སྐབས་རང་གཞན་ཚང་མས་ཡིད་འཇོག་གནང་ན་ཉིན་ཞིག་ངེས་པ་རྙེད་སྲིད་སྙམ།
«གཞེན་འདེབས»ལྟ་བུ་ལ་ཆ་མཚོན་ན། རྣམ་ངེས་ལས། མི་ཁོམས་གནས་བརྒྱད་དུ་«གཞེན་འདེབས»པར་བྱེད། ཁམས་ཆེན་ལས། འབྲས་བུ་བྱོལ་སོང་གི་གནས་སུ་གཏི་མུག་གིས་ «གཞི་བཏབ»ནས། ལྟ་བུ་དང་། དུང་དཀར་ཚིག་མཛོད་ལས«གཞེན་གདེབས»འདི་ལྟ་བུའི་འབྲི་ཚུལ་གསུམ་ཙམ་མཐོང་རྒྱུ་འདུག གོ་དོན་གྱི་ཐད་ནས་བསམ་ན་ཁོ་བོས་འགྲེལ་ཚུལ་གསུམ་ཙམ་ཞིག་མཐོང་སོང་། ཁྱུང་སྤྲུལ་རིན་པོ་ཆེའི་མིང་གཞི་དགོས་འབྱུང་ནོར་གཏེར་ལས། «གཞེན་འདེབས»ཅེས་པ་དེ་གནད་ནས་བསྐུལ་བའི་དོན་ལ་འགྲེལ་འདུག དུང་དཀར་ཚིག་མཛོད་ལས། དྲན་བསྐུལ་གཏོང་བའི་དོན་དང་། བརྡ་སྤྲོད་འགའ་ཤས་ཀྱི་ནང་དུ་བསྐུལ་བ་འདེབས་པ་ལ་གོ་རབས་གསུང་འདུག་ཀྱང་བཙན་ཤེད་ཀྱིས་མངག་པ་ལྟ་བུ་ལ་གོ་ན་སྙམ།
«ལོངས་འདོགས»ལྟ་བུ་ལ་མཚོན་ན། འབྲི་ཚུལ་ཐད་ནས། རྣམ་ངེས་ལས། འཁོར་བར་མི་བདེ་བའི་«ལུང་འདོག»པའོ། ཁམས་ཆེན་ལས། འཁོར་བར་མི་བདེ་བའི«ལོང་འདོགས»པའོ། འདུལ་འགྲེལ་ལས། འཁོར་བའི་གནས་སུ་འཁྱམ་ཤིང་«ལོངས་འདོགས»པར་བྱེད། ལྟ་བུ་མི་འདྲ་བ་གསུམ་ཙམ་ཞིག་མཐོང་སོང་། གོ་དོན་གྱི་ཐད་ནས་གོང་དུ་རྩེ་འབུམ་རིན་པོ་ཆེས་གསུང་པ་ལྟར་ལོངས་ཁོམ་ཡོད་པ་ལ་གོ་དགོས་རེད་གསུངས་མཁན་ཡང་འདུག གཞན་བརྡ་སྤྲོད་ཁག་ལ་གསལ་བཤད་བྱས་བཞག་པ་དེ་སྔ་ཡན་ཆོད་མཐོང་མྱོང་མེད།
ད་དུང་ང་ཚོའི་བོན་དཔེ་དག་གི་ནང་དུ་ཡོད་པའི་ཐ་སྙད་གོ་དཀའ་བའི་རིགས་དཔེར་ན། དགེ་བའི་ལམ་དུ་«རྩང་འཛུགས»། དགེ་བ་ལ་«ཕྱགས་ཤིང་འཛུད་»པ། ངན་སོང་གི་«གཏིང་ཕུལ»། དགྲ་བོའི་བླ་ཚེ་«ཤོད་མས་»འདེབས།
དགྲ་བོའི་བླ་ཚེ་«སེ་ལོང»་བྱེད། ལྟ་བུའི་རིགས་གོ་དཀའ་མོ་མང་དག་ཞིག་འདུག་པས་འདི་ལྟ་བུའི་རིགས་སྣང་མེད་མི་གཡུག་བར་དཔེ་རྙིང་ཁྲོད་ནས་དེ་དག་གི་གོ་དོན་འཚོལ་ཐུབ་ན་ཕ་ཤུལ་བུ་ཡི་འཛིན་ཞེས་པ་དེ་དེ་ལྟ་བུ་མིན་ན་སྙམ།།