སྟོན་པ་གཤེན་རབ་ཀྱི་མཛད་བཅུའི་གནད་བསྡུས།
རྩོམ་བྲིས་པ། ཁྱུངཿསྨོན་ལམ།
༡༽ འོད་གསལ་ལྷ་ལས་བབས་ཤིང་གཟིགས་དགོངས་ཚད་ལྔ་ཐུགས་ལ་བཀྲམས་ནས་རྟག་གཟིགས་འོལ་མོ་ལུང་རིང་དུ་ཡབ་རྒྱལ་བོན་ཐོད་དཀར་དང་ཡུམ་ཡོ་ཕྱི་རྒྱལ་བཞད་མ་གཉིས་ཀྱི་སྲས་སུ་འཁྲུངས། རྒྱལ་ས་གནོན་ཏེ་བཀའ་ཁྲིམས་བསྩལ་ཞིང་བཟོ་རིག་གཏན་ལ་ཕབ་པ་སོགས་སྐྱེ་བ་བཞེས་པའི་མཛད་པ།
༢༽ ཕྱྭ་སྣང་འཕྲུལ་སྲིད་དགེ་དྲང་ཨ་ཡེ་བླ་མེད་བཅས་ཐེག་དགུའི་བོན་རྣམས་དང༌། སྒྲ་ཚད་དུས་འཁོར་གྱི་རྒྱུད་བཅས་གསུངས་པ་སོགས་བསྟན་པ་སྤེལ་བའི་མཛད་པ།
༣༽ འདུལ་གཤེན་ཡེ་གཤེན་གཡེན་འདུལ་སོགས་ཀྱི་གཙོས་འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་རུ་འབྱེད་པ་སོགས་འགྲོ་བ་འདུལ་བའི་མཛད་པ།
༤༽ འཇིག་རྟེན་ཁམས་ན་ཤིན་ཏུ་སྡིག་ཆེ་བ་གཏོ་བུ་དོད་དེ་དང༌། འགུ་ལིང་མ་ཏི། ཁྲི་ཤི་དབང་རྒྱལ། ཧ་ལ་ར་ཙ། གུ་ཝེར་ར་ཙ་སོགས་སེམས་ཅན་ཤིན་ཏུ་གྲངས་མང་བ་ཞིག་ཐར་པར་བཀོད་པ་སོགས་འགྲོ་བ་འདྲེན་པའི་མཛད་པ།
༥༽ རབས་ཆད་མ་ནིང་གི་ངག་བཅག་ནས་འགྲོ་བ་རང་མཐུན་གྱི་ཆ་ལུགས་སྟོན་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་བཅུའི་སྤྲུལ་པ་བཅས་དཔལ་འབར་སུམ་བརྒྱ་དྲུག་ཅུ་བཞེས་པ་སོགས་ཁབ་བཞེས་པའི་མཛད་པ།
༦༽ མི་རྗེ་སྲིད་པའི་གདུང་རྒྱུད་འཛིན་ཅིང་སེམས་ཅན་འགྲོ་བའི་དོན་བྱེད་ཕྱིར། སྐུ་ཡི་སྲས་བརྒྱད་དང་སྲས་མོ་གཉིས་སུ་སྤྲུལ་པ་སོགས་སྲས་སྤྲུལ་པའི་མཛད་པ།
༧༽ ཡོད་ཁམས་སྟོངས་པ་ལ་དགའ་བའི་བདུད་རྗེ་ཁྱབ་པ་ལག་རིང་གི་ཆོ་འཕྲུལ་རྣམས་ཟིལ་གྱིས་གནོན་ཅིང༌། ཁ་བ་གངས་ཅན་པའི་ཞིང་ཁམས་སུ་ཞབས་ཀྱིས་བཅག་ནས་བདུད་སྲིན་ལོག་པ་ཅན་རྣམས་ཆམ་ལ་ཕབ་པ་སོགས་བདུད་བཏུལ་བའི་མཛད་པ།
༨༽ ཐེག་དགུ་དང་སྐུ་གདུང་གི་བསྟན་པ་རྗེས་སུ་བཞག་ཅིང༌། རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་བཞེངས་པའི་གསས་ཁང་དཀར་ནག་བཀྲ་གསལ་དུ་རིན་ཆེན་སྣ་ལྔའི་གླེགས་བམ་གྲངས་མེད་སྦམས་པ་སོགས་བསྟན་པ་རྗེས་བཞག་གི་མཛད་པ།
༩༽ སྡུག་བསྔལ་ཆུ་བཞིར་གཟིགས་པའི་ངེས་འབྱུང་གིས་བསྐུལ་ཞིང༌། མཆོད་རྟེན་རྣམ་དག་དཀར་པོའི་དྲུང་དུ་རབ་ཏུ་བྱུང་ནས་དཀའ་ཐུབ་རྣམ་གསུམ་མཛད་པ་སོགས་ཁྱིམ་སྤངས་རབ་བྱུང་གི་མཛད་པ།
༡༠༽ གཡུང་དྲུང་དགུ་བརྩེགས་ཀྱི་རི་ལ་གཡེང་བའི་ཚོགས་སྤངས་ནས་གདུལ་བྱའི་མོས་ཁམས་དང་བསྟུན་པའི་ལྟ་བ་ཡས་ཕུབ་ཀྱི་བོན་བསྟན་པ་སོགས་འཁོར་སྤངས་དགོན་པའི་མཛད་པ།
༡༡༽ ཕྱི་ནང་གསང་བའི་འཁོར་ཚོགས་གྲངས་འདས་ལ་བསྐལ་སྲིད་ཆགས་འཇིག་དང༌། མ་འོངས་བསྟན་པ་བོན་གྱི་གནས་ཚུལ་བཅས་གསུངས་ནས་བརྗོད་འདས་བོན་གྱི་གཏད་གཉེར་གནང་བ་སོགས་མཐར་ཕྱིན་དགའ་བ་དགེ་ལྡན་གྱི་མཛད་པ།
༡༢༽ སྟོན་པ་མཆོག་ལ་སྐྱེ་འཆི་མི་མངའ་ཡང་མི་རྟག་རྟག་ཏུ་རེ་བ་རྣམས་སུན་ཕྱུངས་བའི་ཕྱིར་འདའ་དགའ་འཆི་བྲོད་ཀྱི་ངང་ནས་སྐུ་མི་རྟག་མྱ་ངན་ལས་འདས་པའི་མཛད་པ་བཅས་སོ། ། དེ་ལས་རྒྱས་པ་འདིར་གཟིགས།