ཞང་བོད་ཡི་གེའི་སྐོར་ལ་དྲི་བ་བདུན།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། སྦྲ་ཚུལ་ཡེ།
དྲི་བ། ༡ ༽ ཨཱོྃ་རཾ་སྲུཾ་ཁཾ་ཡཾ་ལྔ་ནི་དཔའ་བོ་འབྲུ་ལྔ་ལ་ཕྱི་ནང་གསང་གསུམ་ཕྱེས་པའི་ཕྱི་ཡི་དཔའ་བོ་འབྲུ་ལྔ་ཡིན་པའི་རྒྱུ་མཚན་གང་ཡོད་དམ།
ལན། དྲི་མེད་གཟི་བརྗིད་ལས། ʼʼ ལྷ་ལྔ་ཐུགས་ཀྱི་དཀྱིལ་འཁོར་ནས། །ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོས། །ཁཾ་ཡཾ་རཾ་དང་སྲུཾ་དང་ཨཱོྃ། ཨ་ཨཱོྃ་ཧཱུྃ་དང་རཾ་ཛ་ལྔ། །བསྭོ་ཨཱོྃ་ཧཱུྃ་དང་ཧེ་དང་བྷྱོ། །ཕྱི་ནང་གསང་བའི་དཔའ་བོ་ལྔ། །ʼʼ ཞེས་གསུངས་པས། འབྲུ་ལྔ་པོ་དེ་དག་ཕྱི་ནང་གསང་གསུམ་དུ་དབྱེ་བའི་དོན་ཡང་། གསང་སྔགས་ཕྱི་ནང་གསང་བའི་བདེར་གཤེགས་རིགས་ལྔ་སོ་སོའི་ས་བོན་དང་། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་སྙིང་པོ་ཡིན་པས་ན་དེ་ལྟར་དབྱེ་བ་ཡིན་པར་སྙམ། །
དྲི་བ། ༢༽ ཡཾ་ནི་འབྱུང་བ་རླུང་གི་ཁམས་འགྲོ་ཚུལ་དང་གཞན་དཔའ་བོ་འབྲུ་བཞི་པོ་རིགས་འགྲེ་ནས་ཁམས་སྦྱར་ཚུལ་གང་ཡོད་དམ།
ལན། དེ་ཡང་བརྡ་སྤྲོད་ཉི་ཤུ་བདུན་པའི་ཟུར་རྒྱན་ལས། ʼʼ ཀྴ་ཀ་ཁ་ག་ང་ཧ་ཨ་ཨཾ་ནམ་མཁའི་ཁམས་ཨཱོྃ་ལས་བྱུང་། ཨེ་ཅ་ཆ་ཇ་ཉ་ར་བྷེ་ཥྚ་མེ་ཁམས་རཾ་ལས་བྱུང་། ཨོ་ཏ་ཐ་ད་ན་ལ་མྷིང་ས་ཁམས་སྲུཾ་ལས་བྱུང་། ཨུ་པ་ཕ་བ་མ་ཟ་འ་ཨཿཆུ་ཁམས་ཁཾ་ལས་བྱུང་། ཨི་ཙ་ཚ་ཛ་ཝ་ཡ་ཤ་ཞ་རླུང་ཁམས་ཡཾ་ལས་བྱུང་། འབྱུང་ཆུང་སྡེ་ལྔ་ལ་ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨཿཥྚ་རླུང་སྡེ་ཆེན་པོ་སྟེ། གསལ་བྱེད་ཀུན་ལ་ཁྱབ་པའོ། ། ʼʼ ཞེས་དཔའ་བོ་འབྲུ་ལྔ་དེ་དག་འབྱུང་བ་ལྔ་ལས་ཇི་ལྟར་བྱུང་ཚུལ་བསྟན་པ་ཡིན་ལ། དེ་མིན་འབྱུང་བ་ལྔ་ཡི་ས་བོན་སྐབས་སུ་ཡང་ཡཾ་ནས་རླུང་གི་དཀྱིལ་འཁོར་ལྗང་ཁུ་སོགས་ཀྱིས་ངེས་ཐུབ། །
དྲི་བ། ༣༽ སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད། ཡིག་འབྲུ་ཁྲི་དང་འབུམ་གཉིས་ཡོད་ཞེས་པས། ཡིག་འབྲུ་ཁྲི་དང་འབུམ་གཉིས་དེ་བདག་ཅག་གི་སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་དེ་ཉིད་ཀྱིས་མཛད་ཚུལ་གསལ་པོ་ཡོད་དམ།
ལན། དེ་ཡང་མདོ་གཟེར་མིག་ལས། ʼʼ སངས་པོ་འབུམ་ཁྲིའི་ཐུགས་ཀྱི་བཅུད། །ཡིག་འབྲུ་ཁྲི་དང་འབུམ་ཡོད་པའི་། །ཡིད་ཀྱི་ཁྱེའུ་ཆུང་ལ་བསྐུར་ནས། །གཏོ་ཡི་བཀའ་སྒྲོམ་ཡང་ཆུང་ན། །ཐ་རམ྇་རྒྱ་ཡིས་བཏབ་ནས་ཡོད། །བོན་གྱི་ཕུག་ནི་འདི་ལ་ཐུག ʼʼ ཅེས་པས། དང་པོ་སྲིད་པ་ཡེ་སངས་ཀྱི་ཡུལ་དུ་ལོངས་སྤྱོད་རྫོགས་པའི་སྐུ་སངས་པོ་འབུམ་ཁྲིས་མཛད་ལ། དེ་ནས་འོལ་མོའི་གླིང་དུ་སྟོན་པ་གཤེན་རབ་ཀྱིས་མཛད་པར་འདོད་དགོས་པ་འདྲ། སྤྱིར་གོང་གི་ལུང་ཚིག་དེར་མི་འདྲ་བ་གཉིས་ཙམ་ཡོད་པ་དཔེར་ན། ཡིག་འབྲུ་ཁྲི་དང་འབུམ་ ʼʼ ཡོད་ ʼʼ པའི། ཟེར་བ་དང་། ཡང་། ཡིག་འབྲུ་ཁྲི་དང་འབུམ་ ʼʼ གཉིས་ ʼʼ ཡོད། ཅེས་པ་ལྟར་བྱུང་བས་རྫོགས་པའི་སངས་རྒྱས་ཉིད་ཀྱིས་བཀའ་གང་གཱའི་ཀླུང་གི་བྱེ་མ་གྲངས་སུ་བརྡལ་བར་གསུངས་ཡོད་སྟབས་སྤྱིར་ཁྲི་དང་འབུམ་ཞེས་པ་མང་བའི་དོན་ལ་འཇུག་སྲིད་པའང་རེད་སྙམ། །
དྲི་བ། ༤༽ སྐྱེ་མེད་ཐིག་ལེ་ལས། ནམ་མཁའི་ནམ་མཁའ་ཨ་ལ། སའི་བུ་ན་རོ་བཞག་ཆུའི་ནམ་མཁའ་མ་དང་། ཆུའི་མེ་འས་བརྒྱན་པས་ཨཱོྃ་དུ་གྱུར། དེ་ལ་ནམ་མཁའི་ཡི་གེ་བརྒྱད་བྱུང་སྟེ། ཞེས་པའི་ལུང་དོན་ལྟར་མ་བུ་བརྩི་ཚུལ་དང་། ཡིག་འབྲུ་ཨཱོྃ་ལས་འཕྲུལ་ཡིག་ཀ་ཁ་ག་ང་ས་ཧ་ཨ་སོགས་བྱུང་ཚུལ་གང་ཡིན་ནམ།
ལན། བོན་གྱི་བརྡ་སྤྲོད་ཉི་ཤུ་བདུན་པ་ལས། ʼʼ ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན། །ངོ་བོ་འཕྲུལ་ཡིག་བཞི་བཅུའོ། །དཔའ་བོ་འབྲུ་ལྔ་ལས་བྱུང་བའི། །འབྱུང་ཆེན་རིམ་པ་ཀྵ་ཀ་ཁ། །ག་ང་ཧ་ཨ་ཨཾབརྒྱད་པོ། །ནམ་མཁའི་ཁམས་ཡིན་ཨཱོྃ་ལས་བྱུང་། །འོག་མ་རྣམས་ཀྱང་དེ་བཞིན་ཏེ། །ཨེ་ཎ་ར་བྷི་ཥྚ་བརྒྱད་པོ། །མེ་ཡི་ཁམས་ཡིན་རཾ་ལས་བྱུང་། །ཨ་ཏ་ལ་ས་མྟང(མྷང་)བརྒྱད་པོ། །ས་ཁམས་ཡིན་སྲུ་ལས་བྱུང་། །ཨུ་པ་ཟ་འ་ཨཿབརྒྱད་པོ། །ཆུ་ཡི་ཁམས་ཡིན་ཁཾ་ལས་བྱུང་། །ཨི་ཙ་ཡ་ཤ་ཞ་བརྒྱད་པོ། །རླུང་གི་ཁམས་ཡིན་ཡཾ་ལས་བྱུང་། །དེ་དག་འབྱུང་ཆུང་སྡེ་ལྔ་རུ། །དབྱེ་བའི་རིམ་པ་ཀྵ་ཨེ་ཨོ། །ཨུ་ཨི་ཨཾ་ཨཿདང་བརྒྱད། །རླུང་གི་སྡེ་ཡིན་ཆེན་པོའོ། །ཀ་ཅ་ཏ་པ་ཙ་ཞ་ར། །ཧ་བརྒྱད་ས་སྡེ་དྲག་པོའོ། །ཁ་ཆ་ཐ་པ་ཚ་ཟ་ལ། །ཨ་བརྒྱད་ཆུ་སྡེ་འབྲིང་པོའོ། །ག་ཇ་ད་བ་ཛ་འ་ཤ། །བྷི་བརྒྱད་མེ་སྡེ་ཞན་པའོ། །ང་ཉ་ན་མ་ལྔ་ཡ་ས། །མྷིང་བརྒྱད་མཁའ་སྡེ་རྔུབ་པའོ། །ʼʼ ཞེས་གསུངས་པས། གོང་གི་ལུང་ཚིག་ས་ཡི་བུ་དང་ཆུ་ཡི་བུ་ཞེས་པ་རྣམས་ནི་འབྱུང་བ་དྲག་ཞན་བར་གསུམ་ལ་བརྩི་དགོས་པ་འདྲ། དེ་ཡང་མ་རྒྱུད་སྐྱེ་མེད་ཐིག་ལེའི་འགྲེལ་ལས། ʼʼ ཆུའི་མེ་འས་བརྒྱན་པས་ཨཱོྃ་དུ་གྱུར། དེ་ལ་ནམ་མཁའི་ཡི་གེ་བརྒྱད་བྱུང་སྟེ།ʼʼ ཞེས་པ་ནས། ʼʼ དེ་དག་ནི་ཡི་གེ་ཐམས་ཅད་འབྱུང་ཆེན་ལྔ་ལས་འབྱུང་ཆུང་དུ་ཡང་ཕྱེས་ནས་བསྟན་པའོ།། ʼʼ ཞེས་གསུངས་པས་སོ།། །
དྲི་བ། ༥༽ འཕྲུལ་ཆེན་ཡི་གེ ཞེས་པའི་སྒྲ་བཤད་གང་ཡིན་ནམ།
ལན། ཇི་ལྟར་འཕྲུལ་གྱི་ཐོ་ཡིག་ཅེས་འབོད་ཅེ་ན་ཡི་གེ་འདི་དག་ཐོག་མར་མཛད་པ་པོ་དེ་ཉིད་རྫུ་འཕྲུལ་གྱི་མངག་བདགཡེ་ཤེས་ཀྱི་སྤྱན་ཅན་ཞིག་ཡིན་པའི་ཆ་ནས་སམ་ཡི་གེ་འདི་དག་ལ་བརྟེན་ནས་རྨོངས་པ་རྣམས་ལྐུག་པ་ཁ་འབྱེད་ཀྱི་ཡོན་ཏན་འབྱུང་བས་ན་“འཕྲུལ་”དང་། ཡི་གེ་འདི་དག་ལ་བརྟེན་ནས་ཤེས་བྱ་བདེན་གཉིས་ཀྱི་བོན་རྣམས་ངེས་པར་བཟུང་བའམ་དོན་གང་ཞིག་མི་བརྗེད་པར་ཡིད་ལ་འཇུག་པ་དང་བརྡ་མཚོན་པར་བྱེད་པས་ན་ “ཐོ་ཡིག་”ཅེས་གསུངས་པར་སྣང་།
དྲི་བ། ༦༽ བོད་རྒྱལ་སྲོང་བཙན་གོང་དུ་བོད་ཡིག་ཡོད་པ་སྒྲུབ་བྱེད་བན་བོན་གཉིས་ཀྱི་ལུང་ཡོད་ཀྱང་། བོད་རྒྱལ་སྲོང་བཙན་གོང་དུ་བོད་ཡིག་ཡོད་པར་སྒྲུབ་བྱེད་རིགས་པ་གསལ་པོ་གང་ཡོད་དམ།
ལན། སྲོང་བཙན་གོང་དུ་ཡི་གེ་ཡོད་མེད་བརྟག་པར་བྱ་བ་ལ་ཐོག་མར་སྐབས་དེའི་ཡིག་མཁན་ཐོན་མི་ཞེས་པ་དེའི་སྐོར་དཔྱད་པ་གནང་རྒྱུ་གལ། འདིའ་སྐོར་རིག་པས་བརྟག་ན་དཔྱད་པར་བྱ་བ་ཤིན་ཏུ་མང་ཡང་གནད་གཅིག་ཁོ་ན་སྨོས་ན། ཐོག་མར་ཐོན་མི་ཞེས་པའི་མི་དེ་བྲམ་ཟེ་རྒས་པོ་དེ་ཐུག་དུས་ཁོ་གཉིས་ཕན་ཚུན་སྐད་ཆ་ཡང་གང་མཚམས་བྱས་ཡོད་ཚོད་འདུག་པས་དེས་ན་གོ་བརྡ་སྤྲོད་བྱེད་སྐད་དེ་གང་ཞིག་ཡིན། འོན་ཀྱང་ཐོན་མིས་ཡིག་མཁན་བྲམ་ཟེ་མ་ཐུག་གོང་དུ་རྒྱ་གར་གྱི་ཡི་གེ་སྦྱངས་ཟིན་པས་རེད་ཟེར་ན། འོ་ན་བྲམ་ཟེ་རྒས་པོས་ཡིག་རིགས་མང་པོ་ཞིག་བསྟན་རྗེས་བོད་ཕྲུག་ཐོན་མིས་འདི་བསླབ་ཀྱི་ཡིན་ཞེས་ཡི་གེ་བྱེ་བྲག་པ་ཞིག་མཛུབ་མོ་བཙུག་དགོས་དོན་མི་འདུག་སྙམ། ཡང་ཐོན་མིས་ཡི་གེ་བཟོས་སྐབས་རྒྱ་གར་ཡི་གེ་བཞི་བཅུ་རྩ་དྲུག་ལས་བོད་ཡིག་ཉི་ཤུ་རྩ་བཞི་ལས་མ་རྙེད་པ་ནི་དྲུག་ཡང་བསྐྱར་བརྩམས་པ་རེད་ཟེར། དེ་ལྟར་ན་བོད་ཡིག་ལ་ངེས་པར་དུ་མིང་གཞི་སུམ་བཅུ་དགོས་པ་ཐོན་མིས་ཇི་ལྟར་ཤེས་པ་རེད། གལ་སྲིད་འཇམ་དབྱངས་ཀྱི་སྤྲུལ་པ་སོགས་སྨྲ་ནས་མ་འོངས་མངོན་གཟིགས་ཡིན་སྐོར་བཤད་སྲིད། དེ་ལྟར་ན་བོད་སྐད་ལ་མཁོ་བའི་མིང་གཞི་སུམ་བཅུ་དགོས་པ་མཁྱེན་གྱི་ཡོད་ན་གྲངས་སུམ་བཅུ་པོ་རེ་རེ་ནས་མ་མཁྱེན་པར་ཅིས་ཕྱིར་དཀའ་ཁག་འུ་ཐུག་གི་མཐར་རྒད་པོ་དེའི་སྐད་ཆ་ལས་ཡི་གེ་དྲུག་བཙལ་དགོས་ཐུག་པ་རེད། གལ་སྲིད་དེའི་སྐབས་སུ་རྒྱ་གར་གྱི་ཡི་གེ་ལ་ཅ་ཆ་ཇ་སོགས་མེད་ན་ད་ལྟའི་རྒྱ་གར་གྱི་སྐད་དང་ཀ་རྨད་ཀྱི་སྦྱོར་བ་ལ་ཅ་ཆ་ཇ་སོགས་དངོས་སུ་མཐོང་རྒྱུ་འདུག་པས། འོ་ན་རྒྱ་གར་གྱི་བྲམ་ཟེ་དེ་ཚོས་ཐོན་མིའི་རྩ་ནས་ཕར་དཔེ་བཤུ་བྱས་པ་ཡིན་ནམ། དེའང་བཏུང་བྱའི་ཇ་ལ་རྒྱ་གར་གྱི་སྐད་དུ་“ཅའེ”དང་། བཟུང་བ་ལས་ཐོན་ཞེས་པའི་དོད་“ཆོར་དྷོ”དང་། རྒྱལ་དར་གྱི་དོད་“ཇན་ཌཱ”ཞེས་པ་སོགས་ད་བར་བེད་སྤྱོད་བཞིན་པ་ད་ལྟ་དངོས་མཐོང་ཡིན།
ད་དུང་ལོ་ཚིག་གི་ཐོག་ནས་ཆོས་བྱུང་ལོ་རྒྱུས་ང་ཆེ་ང་བཙན་དེ་ཚོའི་ནང་ཐོན་མི་རྒྱ་གར་དུ་ལོ་བདུན་རིང་སློབ་སྦྱོང་བྱས་ཏེ་ཕྱིར་སླེབས་དུས་སྲོང་བཙན་དགུང་ལོ་སུམ་བཅུ་ཐམས་པར་སླེབས་ཡོད་ཟེར། ཡང་སྲོང་བཙན་གྱིས་ལོ་གསུམ་བཞིའི་རིང་ཕ་བོང་མཁར་དུ་མུན་མཚམས་བསྡམས་ནས་ཐོན་མི་དགེ་རྒན་དུ་བསྟེན་ཏེ་བོད་ཡིག་སྦྱངས་སྐོར་བཤད་ཡོད། དེ་ལྟར་ཏུན་ཧོང་ཡིག་རྙིང་དང་གོང་གི་མེ་གླང་ལོར་སྲོང་བཙན་འཁྲུངས་པར་འདོད་པའི་ལུགས་ལྟར་ཕྱི་ལོ་ ༦༥༠ ལོ་སྟེ་སྲོང་བཙན་དགུང་ལོ་སོ་བཞིའི་ཐོག་འདས་ན། ནམ་རྒྱུན་བཤད་བཞིན་པའི་སྲོང་བཙན་གྱིས་བརྩམས་པར་གྲགས་པའི་མ་ཎི་བཀའ་འབུམ་དང་། ད་དུང་སྒྱུར་ཆོས་སོགས་དུ་མ་ཞིག་ཡོད་པར་བཤད་པ་རྣམས་བརྩམས་སྒྱུར་བྱས་པའི་དུས་ཚོད་ཀྱང་རག་ཡོད་མེད་ཐེ་ཚོམ་རེད། གང་ལྟར་སྲོང་བཙན་གྱི་ལོ་རྒྱུས་ལ་དཔག་ན་ཐོན་མིས་རྒྱལ་ཁམས་བསྐོར་ནས་བོད་ལ་བྱས་རྗེས་འཇོག་པའི་སྐབས་ཞིག་རྙེད་ཐབས་བྲལ་ལ། ད་དུང་ཏུན་ཧོང་ཡིག་རྙིང་ལས་སྲོང་བཙན་ཐད་ཀྱི་ལོ་རྒྱུས་འཆད་སྐབས་ཐོན་མི་ཞེས་པའི་མི་དེའི་ལོ་རྒྱུས་དང་བྱས་རྗེས་རྣམས་ཡིག་ལམ་དུ་མ་འཁོད་པ་དེ་ཚོར་བརྟག་ན་ཤེས་ནུས། །
དྲི་བ། ༧༽ མཛོད་ལས། ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན། །ཞེས་པའི་གོ་དོན་གང་ཡིན་ནམ།
ལན། སྤྱིར་ལུང་ལས། ʼʼ ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར་བའི་བོན། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན་པས་ན། །དེ་དག་ཐམས་ཅད་མཁྱེན་པས་མཛད་པ་ལས། །ཚུར་མཐོང་གང་ཟག་དག་གིས་དཔག་བྱ་མིན།།ʼʼ ཞེས་གསུངས་པ་ལྟར། འདི་དང་དེ་ཞེས་ཁ་ཚོན་གཅོད་ནས་ཞུ་མི་ཐུབ་ཀྱང་། གུས་པའི་རྨོངས་བློ་ཙམ་ཞིག་འགྲེལ་ན། འཕྲུལ་ཆེན་ཡི་གེ་བཞི་བཅུའི་འདུ་བྱེད་དམ་བྱ་བ་ཇི་ལྟར་བྱེད་ཅེ་ན། ཡི་གེ་འདི་དག་ལ་བརྟེན་ནས་ཁམས་གསུམ་ན་གནས་པའི་སྐྱེ་འགྲོ་རྣམས་མ་ནོར་ཐར་པའི་ལམ་ལ་འཁྲིད་པའམ། ཡང་དག་པའི་དོན་ལ་སྦྱོར་ནུས་པས་ན་དེ་ལྟར་གསུངས་པར་སྙམ་སྟེ། བསྟན་པ་རྗེས་བཞག་གི་མདོ་ལས། ʼʼ བདག་ཉིད་སྐུ་ཡི་འདུལ་བསྟན་རྫོགས་ན་ཡང་། །མ་འོངས་འགྲོ་ཀུན་ཐར་བར་འདྲེན་པའི་ཕྱིར། །གསུང་དང་ཐུགས་ཀྱི་བསྟན་པ་རིམ་གྱིས་འབྱུང་། །དེ་ཚེ་ང་ཉིད་མི་འབྱོན་ཡི་གེ་འབྱོན། །རྒྱལ་བའི་བསྟན་པ་ཡི་གེས་འཛིན་དགོས་ཕྱིར། །འཕྲུལ་གྱི་ཡི་གེར་ཀུན་གྱིས་བཀུར་བསྟི་གྱིས། །ʼʼ ཞེས་གསུངས་སོ།། །།