ཐར་སྨིན་གྲོལ་གསུམ་སྐོར་ལ་དྲི་བ།
རྩོམ་བྲིས་པ། འཕྲུལ་གྱི་ཡིག་ཚང་སོགས། དྲི་བ་གཏོང་མཁན། མཐོང་བ་འཛུམ་ཤོར།
དྲི་བ། ཐབས་ལམ་འཁྱེར་གྱི་འགྲེལ་ལས། “ཐར་སྨིན་གྲོལ་གསུམ་ནི་དག་པའི་ས་གསུམ་བྱ་བ། ས་བརྒྱད་པ་ནས་བཅུ་པའི་བར་ལ་གནས་པ་ཡིན་ནོ། །” ཞེས་དང་། ཐར་ལམ་རིན་པོ་ཆེ་ཐེམ་སྐསཀྱི་འགྲེལ་ལས། “ཐར་སྨིན་གྲོལ་གསུམ་གྱིས་དག་པའི་ས་གསུམ་ནོན་པར་བྱེད་པའོ། །མི་ལུས་བསམ་ལེགས་བདག་གིས་ཉམས་སུ་མྱོང་བས་ཀྱང་དེ་ལྟར་ངེས་པར་འདུག” གསུངས་པ་ལྟར། ཐར་སྨིན་གྲོལ་གསུམ་དག་པ་ས་གསུམ་ལ་སྦྱར་དགོས་པའི་རྒྱུ་མཚན་གང་ཡིན་ཁ་གསལ་ཞིག་གསུང་རོགས་ཞུ།
ལན། (མ་རྒྱུད་ཐུགས་རྗེ་ཉི་མའི་ལམ་དྲུག་གི་དང་པོ་ཐབས་ལམ་ཁྱེར་གྱི་འགྲེལ་པ)ལས། “ཐར་སྨིན་གྲོལ་གསུམ་ནི་དག་པའི་ས་གསུམ་བྱ་བ། ས་བརྒྱད་པ་ནས་བཅུ་པའི་བར་ལ་གནས་པ་ཡིན་ནོ། །དེ་ལ་ཡང་་་་་་།” ཞེས་པ་ནས་གཟིགས་གནང་དང་རྒྱས་པོ་འདུག་ཞུ།
_____ཧི་མ་ལ་ཡའི་རྒྱལ་སྲས།
ལན། ཐར་སྨིན་གྲོལ་གསུམ་གྱི་ཉམས་ལེན་སྔོན་ནས་ཡོད་ཀྱང་། དམིགས་ཀྱིས་དག་པ་ས་གསུམ་ལ་སྦྱར་དོན་ལ་དཔྱད་ན་རྒྱུ་མཚན་ཡོད་དེ། ཧོབ་ཏེ་བལྟས་ན་ཐར་ལམ་ལས་སྐྱབས་འགྲོ་སོགས་སྔོན་འགྲོ་གཙོར་བསྟན་ཡིན་སྙམ་སྲིད་ནའང་། དེ་ཙམ་མ་ཡིན་པར། ཐབས་ལམ་འགྲེལ་ལས། “སྣང་སྟོང་མཚམས་སྦྱོར་ཐར་ལམ་མ་ཆགས་དག “ཅེས་པས་གནད་ཅིག་གསུང་ཡོད། “སྟོབས་ཀྱི་ཐིག་ལེ་འོད་ཟེར་རིག་པའི་མཆོག”། ཅེས་པའི་སྐབས་ཀྱི་ཐིག་ལེ་དང་འོད་ཟིལ་རིག་པ་གསུམ་དང་། “བཟོད་པའི་ཐིག་ལེ་ཡེ་ཤེས་བྱུང་ཚོར་མེད།” །ཅེས་པས། ཐིག་ལེ་གཅིག་གི་ལམ་བསྡུད་པ། ཡེ་ཤེས་ལ་དགོད་པ། བྱུང་བ་མེད་པའི་ཐིག་ལེ། ཚོར་བ་མེད་པའི་དགོངས་པ་དེ་དག་གིས་ས་བརྒྱད་པའི་དགོངས་རྟོགས་ཀྱི་གནད་ཟིན་ཡོད་སྙམ།
དེ་བཞིན། “ཀུན་གྱི་སྲོག་བཟུང་སྨིན་ལམ་འཁོར་ལོ་རྫོགས། །”ཞེས་པའི་སྐབས་སུ། “དངོས་པོའི་ཐིག་ལེ་རང་དབང་མངོན་དུ་གྱུར། །” ཞེས་པས་ས་དགུ་པའི་རྟོགས་པའི་གནད་ཟིན་ཡོད། དེ་བཞིན། “ས་བོན་རྒྱུན་གཅོད་གྲོལ་ལམ་གཡུང་དྲུང་བརྟན། །” ཞེས་པས་གྲོལ་ལམ་གྱིས་ས་བོན་རྒྱུན་གཅོད་པར་བསྟན་པས་ས་བཅུ་པའི་གནད་ཟིན་ཡོད། དེས་ན་ཐར་སྨིན་གྲོལ་གསུམ་དག་པ་ས་གསུམ་སྦྱར་དགོས་པའི་གནད་དོན་ནི་ཐར་སྨིན་གྲོལ་གསུམ་གྱིས་དག་པ་ས་གསུམ་གྱི་དགོངས་གནད་ཡིན་པས་ནའོ། །
འོ་ན་དག་པ་ས་གསུམ་གྱི་ཡན་ཆད་དུ་ཐར་སྨིན་གྲོལ་གསུམ་གྱི་ཉམས་ལེན་མེད་དམ་ཅེ་ན། ཡོད་ཀྱང་ཉམས་ལེན་གྱི་ཚད་ལོན་པ་ལ་སྦྱར་ཏེ་འཇོག་དགོས་པ་ལས། སྦྱོང་པ་ཡོད་མེད་ཙམ་གྱིས་ལམ་གྱི་རིམ་པ་མི་འཇོག་པ། ཐབས་དྲུག་སོགས་ཀུན་ལ་མཐུན་ནོ། །
_____འཕྲུལ་གྱི་ཡིག་ཚང་།