བོན་གྱི་ཕྱག་ཆ་སིལ་སྙན་ནམ་གཤང་གི་སྐོར་གསུང་རོགས།
རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།
ལན། འདིའི་སྐོར་གཤང་རབས་སོགས་ལས་གསལ་བ་ལྟར། གཤང་ལ་རིགས་གསུམ་སྟེ། གསེར་ཉིའི་ནུ་འབུར་ལས་བྱུང་བའི་ཆེ་བ་གླང་རེ་གཤང་ཆེན་དང་། སངས་པོ་འབུམ་ཁྲིའི་ནུ་འབུར་ལས་བྱུང་བའི་འབྲིང་བ་ཁྲི་ལོ་གནམ་གྲགས་དང་། ཆུ་ལྕམ་རྒྱལ་མོའི་ནུ་འབུར་ལས་བྱུང་བའི་ཆུང་བ་ཁོལ་མོ་སིལ་སྙན་དང་གསུམ་ཡིན། རྒྱུ་ནི། ལི་དང་གསེར་བསྲེས་ན་གསེར་གཤང་སེར་པོ་ཞེས་བྱ་སྟེ་ཕོ་སྐད་འབྱུང་། ལི་དང་དངུལ་བསྲེས་ན་དངུལ་དཀར་གཤང་ཆུང་ཞེས་བྱ་སྟེ་མོ་སྐད་འབྱུང་བ་ཡིན།
དེའང་བརྡ་མཚོན་ཕན་ཡོན་ནི། ཕོ་བྲང་ཕྱི་རིམ་མུ་ཁྱུད་རིམ་པ་གསུམ་དུ་བསྐོར་བ་ནི་སྐུ་གསུམ་འགྲོ་བའི་དོན་བྱེད་པའི་བརྡ་དང་། ཕོ་བྲང་ནང་ལོག་ཏུ་རིགས་ལྔའི་ས་བོན་བཀོད་པ་ནི་རྒྱལ་བ་རྒྱ་མཚོ་འདུས་པའི་དོན། མུ་ཁྱུད་བར་མའི་འདབ་བརྒྱད་བར་ན་བཀྲིས་རྟགས་བརྒྱད་བཀོད་པ་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་བརྡ། པད་སྡོང་སྦུ་གུ་དོད་པ་ནི་བློ་ཕུག་བོན་ལ་གཏད་པའི་བརྡ་དང་། གཤང་ལྕེ་པད་མ་ཁ་བུད་པའི་ཚུལ་དུ་ཡོད་པ་ནི་བོན་སྒོ་བརྒྱད་ཁྲི་བཞི་སྟོང་དེ་ཉིད་རིས་མེད་འགྲོ་ལ་སྟོན་པའི་དོན། སིལ་ལྕེ་རྭ་ལ་བྱས་པ་ནི་རིག་པ་བོན་སྐུར་ཐིམ་པའི་བརྡ་སོགས་ཆེ་བའི་ཡོན་ཏན་དུ་མར་གསུངས་ཡོད།
སྤྱིར་སིལ་ཞེས་པ་ནི་སྲིད་པའི་ཚ་གདུང་སེལ་བ་དང་། སྙན་ཞེས་པ་ནི་ཟབ་དོན་སྟོན་པའི་སྒྲ་ཡིན་གསུངས་སོ། དེའང་གཤང་དཀྲོལ་ཚུལ་ནི་གཤང་རབས་ལས། དང་པོ་ཡར་ལ་བཀྱག་ཙམ་ན། །མེ་ཏོག་པད་མ་རྒྱས་པ་འདྲ། །སྒྲུབ་གཤེན་ཕྱག་ཏུ་བསྣམས་ཙ་ན། །མཁའ་ལ་ཉི་ཟླ་ཤར་བ་འདྲ། །ཕོ་ལང་གཅིག་པུར་དཀྲོལ་བའི་དུས། །གཡས་ཀྱིས་དཀྲོལ་ལ་རྔའི་གྲོགས་དུས། །གཡོན་དུ་བཟུང་ནས་དཀྲོལ་བར་བྱ། །ཕར་དཀྲོལ་རྐྱེན་ངན་གང་ཡང་བཟློག །ཚུར་དཀྲོལ་ཡོན་མཆོད་འཁོར་བཅས་བསྲུང་། ཞེས་གསུངས་པའོ།། །།