རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ལོ་ལྗང་།

དྲི་བ། མཆོད་ལ་རྣམ་ལྔ་དེ་ཚོ་རྒྱུད་གང་བྱུང་བ་དང་སུས་མཛད་པ་སོགས་ཀྱི་སྐོར་ཁ་གསལ་གསུང་རོགས། 

ལན། སྤྱིར་བཏང་མཆོད་པ་རྣམ་ལྔ་སྐོར་མདོ་དྲི་མེད་གཟི་བརྗིད་སོགས་ནས་བྱུང་བ་མདོ་གཡུང་དྲུང་ཀློང་རྒྱས་ནང་དུ་ནེའུ་ཆུང་རྣམ་ལྔ་ཞེས། རྣམ་ལྔའི་ཕན་ཡོན་སོགས་གསལ་པོར་གསུངས་ཡོད་ལ། དེ་བཞིན་གཞུང་གཞན་དག་ནས་ཀྱང་མཆོད་པ་རྣམ་ལྔའི་སྐོར་གང་མང་བྱུང་ཡང་། འདིར་ད་ལན་བོན་སྒོ་བཞི་མཛོད་ལྔ་ལས་མཆོད་པའི་བྱེ་བྲག་ཇི་ལྟར་བྱུང་ཚུལ་སྐོར་མདོ་གཟེར་མིག་ལས་གསུངས་པ་ཞིག་འདྲེན་ན།

དེ་ཡང་དེ་ཉིན་ལས། ” ཡབ་གཅིག་སྟོན་པ་ཐུགས་རྗེ་ཅན། །མཆོད་པ་རྣམ་ལྔ་བཤད་དུ་གསོལ། དེ་སྐད་ཅེས་ནེའུ་ཆུང་གིས་སླར་གསོལ་ཏོ། །དེ་ལ་སྟོན་པས་བཀའ་བསྩལ་པ། དེ་ནི་འདི་ལྟར་རོ། །འཁོར་བའི་སེམས་ཅན་ཐམས་ཅད་ནི། རྒྱུ་དུག་ལྔའི་དབང་གིས། འཁོར་བའི་གནས་ལྔར་སྐྱེ་སྟེ། དེ་རྒྱུན་གཅད་པའི་ཕྱིར། སྟོན་པའི་ཐུགས་རྗེས་བོན་སྒོ་བཞི་མཛོད་དང་ལྔ་བསྟན་པའོ། །

བོན་སྒོ་རེ་རེ་ནས་མཆོད་པ་རྣམ་པ་ལྔ་ལྔ་འབྱུང་སྟེ། བོན་དཔོན་གསས་ཀྱི་ནང་ནས། ཞེ་སྡང་བྱམས་པ་ལ་མཆོད་པ་དང་གཅིག འདོད་ཆགས་སྦྱིན་པ་ལ་མཆོད་པ་དང་གཉིས། གཏི་མུག་ཡེ་ཤེས་ལ་མཆོད་པ་དང་གསུམ། ཕྲག་དོག་ཡངས་པ་ལ་མཆོད་པ་དང་བཞི། ང་རྒྱལ་ཞི་བ་ལ་མཆོད་པ་དང་ལྔའོ། །

བོན་ཆབ་དཀར་གྱི་ནང་ནས། བྱིན་ཀྱིས་རླབས་གྱིས་སྐྱེ་བ་རྣམ་པ་བཞི་བསྒྲལ་ལ་མཆོད་པ་དང་གཅིག ཐུགས་རྗེའི་སྟོབས་ཀྱིས་འཁོར་བའི་ལམ་ལྔ་བཅད་ལ་མཆོད་པ་དང་གཉིས། སྔགས་ཀྱི་མཐུ་ཡིས་ཉོན་མོངས་པའི་བག་ཆགས་སྦྱང་ལ་མཆོད་པ་དང་གསུམ། ཕྱག་རྒྱའི་དབང་གིས་མི་དང་ལྷའི་གོ་འཕང་དུ་ཚོགས་བསྐྱེད་ལ་མཆོད་པ་དང་བཞི། ཏིང་ངེ་འཛིན་གྱི་རྩལ་གྱིས་ཡེ་ཤེས་ཀྱི་ཀློང་དུ་བཞག་ལ་མཆོད་པ་དང་ལྔའོ། །

བོན་ཆབ་ནག་གི་ནང་ནས། ལུས་གུས་པའི་མཆོད་པ་དང་གཅིག ངག་སྙན་པའི་མཆོད་པ་དང་གཉིས། ཡིད་དད་པའི་མཆོད་པ་དང་གསུམ། ཟས་གཙང་མའི་མཆོད་པ་དང་བཞི། རྫས་མཛེས་པའི་མཆོད་པ་དང་ལྔའོ། །

བོན་འཕན་ཡུལ་གྱི་ནང་ནས། མར་མེ་མདངས་གསལ་གྱི་མཆོད་པ་དང་གཅིག སྦྱར་སྤོས་དྲི་བདའི་མཆོད་པ་དང་གཉིས། རྩི་སྨན་རོ་མཆོག་གི་མཆོད་པ་དང་གསུམ། ལྷ་སངས་ཞལ་ཟས་ཀྱི་མཆོད་པ་དང་བཞི། །མེ་ཏོག་མཛེས་ལྡན་གྱི་མཆོད་པ་དང་ལྔའོ། །

བོན་གཙང་མ་མཐོ་ཐོག་སྤྱི་རྒྱུག་གི་ནང་ནས། སྐུ་ཡི་མཆོད་པ་ཕྱག་རྒྱ་དང་གཅིག གསུང་གི་མཆོད་པ་སྙིང་པོ་དང་གཉིས། ཐུགས་ཀྱི་མཆོད་པ་ཏིང་ངེ་འཛིན་དང་གསུམ། ཡོན་ཏན་གྱི་མཆོད་པ་ཡོ་བྱད་དང་བཞི། འཕྲིན་ལས་ཀྱི་མཆོད་པ་ཚིག་བཤད་དང་ལྔའོ། །

དེ་རྣམས་ཁྱོད་ལ་བཤད་པ་ཡང༌། སེམས་ཅན་དོན་དུ་ཕྱེ་བ་ལས། ངེས་པའི་དོན་དམ་རྟོགས་ཙམ་ན། གཅིག་གི་ནང་ན་གཅིག་ཚང་ངོ། །རྫས་ལ་བརྟེན་པའི་དགེ་བ་ཡིན། སྒྲིབ་པ་སྦྱང་བའི་རྒྱུར་བསྟན་ནོ། །ནེའུ་ཆུང་ཤེས་རབ་རྩལ་དང་སྦྱོར། གང་འཁུམས་གཅིག་གིས་མཆོད་པ་ཕུལ། སྡིག་སྒྲིབ་འབྱང་བར་དོན་ངེས་སོ། །དེ་སྐད་ཅེས་གཤེན་རབ་ཀྱིས་བཀའ་བསྩལ་པས།” ཞེས་གསུངས་སོ།། །།