རྩོམ་བྲིས་པ།  དོན་ཀུན་འགྲུབ་པ། དྲི་བ་གཏོང་མཁན། གྱེར་ཙ།

དྲི་བ། ཞང་བོད་ཁུལ་ལ་གཡུང་དྲུང་བོན་གྱི་དགོན་པ་ཐོག་མ་དེ་གང་ཡིན་ནམ། 

ལན། ཞང་བོད་ཁུལ་ལ་མཚོན་ན་ཁྱུང་ལུང་དངུལ་མཁར་དང་ག་ལྗང་གཡུ་ལོ་སོགས་ངོས་བཟུང་ན་མི་འགྲིག་པ་ཆེར་མེད་སྙམ། རང་རེའི་མདོ་རྒྱུད་རྣམས་ལས་ཁྱུང་ལུང་དངུལ་མཁར་ནི་སྟོན་པ་རང་གིས་བཞེངས་པར་གསུངས་པ་དང་། དེའང་རྒྱུད་ཀུན་འབུམ་ཁྲ་བོ་ལྟར་ན། བཀའ་འགྱུར་པོད་ཨང་ ༡༦༧ པའི་ཤོག་གྲངས་ ༩༢ ལས། ʼʼ དེ་ནས་སྟོན་པ་གཤེན་རབ་ཀྱིས་དགུང་ལོ་བཅུ་བཞེས་ནས། སྐད་རིགས་མི་མཐུན་པ་སུམ་བརྒྱ་དྲུག་ཅུ་རུ་སྐད་བསྒྱུར་ལ། གཡུང་དྲུང་བོན་གྱི་བསྟན་པ་གཟུགས་པར་དགོངས་པས། འདབ་ཆགས་གི་(ཀྱི་)རྒྱལ་པོ་ཁྱུང་ཆེན་ཅིག (ཞིག) འདི་ལ་ཆིབ་(ཆིབས)ཀྱི་ཡེ་གེ་མགུལ་དུ་བཏག་ན་བྱུང་སྟེ་བྱ་ལོའི་གཏན་ཚིག་ཀྱང་དེ་ནས་བྱུང་། རླབས་ཆེན་བྱ་ཁྱུང་དེ་ལ་བཅིབས་ནས་བོན་གྱི་བསྟན་པ་གཟུགས་སུ་གཤེགས་ནས།ʼʼ ཞེས་པ་ནས། ʼʼ ཞང་ཞུང་སྒོ་པའི་ཡུལ། གཡུང་དྲུང་མུ་ལེའི་དབུས། སྟ་སྒོ་ཤེལ་གྱི་གང་ར། མ་ཕང་གཡུ་མཚོའི་ཁུག་པ། བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཁྱུང་ལུང་སྤྲུལ་པའི་མཁར་ཅིག་བརྩིགས། མཐའ་འདུལ་མཁར་ཕྲན་བཅོ་བརྒྱད་བརྩིགས། ཡང་འདུལ་གསས་མཁར་སུམ་དྲུག་ཅུ་བརྩིགས། གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་བརྩིགས་ནས་ས་མནན་ནོ། ʼʼ ཞེས་དང་། ཡང་། གོང་གསལ་ལས། ” མཁར་ཆེན་བཅོ་བརྒྱད་ན། བོན་ཆེན་བཅོ་བརྒྱད་བཞུགས། ” ཟེར་བ་སོགས་ལ་བརྟག་ན་གཤེན་པོ་རྣམས་ཀྱི་འདུ་གླིང་ཆེས་རྒྱ་ཆེན་པོ་ཞིག་ཡིན་པར་སྣང་།

དེ་བཞིན་མདོ་འདུས་ཨང་ ༡༠༢ ལས། ʼʼ ཁྱུང་ལུང་རྔུལ་མཁར་བརྩིགས། གཤེན་བུ་རྐོང་ཚ་དེ་རུ་འཁྲུངས། དེ་ནས་མ་པང་མཚོ་ལ་འཆག ཀླུ་ཡི་སྟོན་པ་ལོ་གཅིག་མཛད། ཏེ་ཙེ་གངས་ཀྱི་རྩེ་མོ་རུ། མ་སངས་ལྷ་ཡི་ཞལ་དྲོ་དྲངས། དེ་ནས་སླར་ཡང་འོལ་མོ་གླིང་། ཁྲི་སྨོན་རྒྱལ་བཞད་དག་ཏུ་བྱོན། ʼʼ ཞེས་སོགས་གསུངས་ཡོད།

ག་ལྗང་གཡུ་ལོ་མཁར་ནི་མདོ་ལྟར་ན་སྟོན་པ་ཀོང་ཡུལ་དུ་ཕེབས་སྐབས་ག་ལྗང་གཡུ་ལོ་རྫོང་དུ། ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་ལ། སྟོན་པས་ཁྲི་རྗེ་ལུང་བསྟན་ཀྱི་མདོ་གསུངས་ཚུལ་རྣམས་གསལ་པོར་ཡོད། དེ་བཞིན་ག་ལྗང་གཡུ་ལོ་དེ་མདོ་དྲི་མེད་ལས་གསལ་བའི་ལྷོ་འཛམ་བུ་གླིང་འདུལ་བའི་ལྷ་ཁྲི་ཤེས་དཀར་པོ་དང་། གཤེན་ལྡེ་བོ་གསུང་ཆེན། གསས་མཁར་རིན་ཆེན་བརྩེགས་གླིང་། ཟེར་བ་དེ་ཡིན་ན་གཤེན་གྱི་འདུས་སྡེ་རྙིང་གྲལ་ཞིག་ཡིན་པར་སྙམ།

དེ་མིན་བོན་གཞུང་ལོ་རྒྱུས་རྣམས་སུ་སྤྱི་ལོ་སྔོན་གྱི་ ༡༡༩༦ ལོར། རྟག་གཟིགས་ཀྱི་མཁན་པོ་རྫུ་འཕྲུལ་ཡེ་ཤེས་ཀྱིས་སྟོན་པའི་གདུང་ཤ་རི་རམ་ལྔ་བརྒྱ་དང༌། འདུལ་བ་རྒྱུད་དྲུག་སོགས་བོན་སྡེ་མང་པོ་རྟག་གཟིགས་ནས་བསྣམས་ཕེབས་ཏེ། ཞང་ཞུང་སྤོས་རི་ངད་ལྡན་གྱི་ཤར་བརྒྱུད་ཏྲག་ལུང་ན་བ་དམར་ལྡིང་བོན་ཕུག་ཏུ་འདུལ་དགོན་དྲུང་མུ་ཁྲི་རྩེའི་ལྷ་སྡེ་ཆེན་པོ་བཞེངས་པ་དང་། སྤྱི་ལོའི་སྔོན་གྱི་ ༡༡༣༧ ལོར་རྗེ་གཉའ་ཁྲི་བཙན་པོ་བོད་རྗེ་ཐོག་མར་མཚན་གསོལ་བ་ནས་གཉའ་ཁྲིས་སྔགས་ཀྱི་འདུས་སྡེ་གཡུང་དྲུང་ལྷ་རྩེའི་གསས་ཁང་ཕྱག་བཏབ་པ་སོགས་ཀྱང་གསལ།