རྩོམ་པ་པོ་ཞང་ཞུང་ཁྱུང་ལུང་དངུལ་མཁར་བ། 

བརྡ་ཆད་གཙོ་བོ་ནི། ཞང་ཞུང་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞི། སྟོན་པ་གཤེན་རབ། བརྩིགས་པའི་མཁར། མཁར་གདོང་གནའ་ཤུལ། དྲན་པ་ནམ་མཁའི་རྡོ་སྐུ།། 

ནང་དོན་གནད་བསྡུས་། 

ཞང་ཞུང་གི་མཁར་ཁྱུང་ལུང་དངུལ་མཁར་ནི་ཞང་ཞུང་དུ་དབུས་ཀྱི་མཁར་ལྔ་ཕྱོགས་ཀྱི་རྫོང་དྲུག་ལ་སོགས་ཞང་ཞུང་ལ་མཁར་རྫོང་མང་པོའི་ཡོད་པའི་ནང་ནས་ཞང་ཞུང་གི་ཆབ་དཔལ་རིག་འབྱོར་གྱི་ལྟེ་བའི་མཁར་དེ་དང་། གཡུང་དྲུང་བོན་གྱི་གནས་ཆེན་བརྒྱ་དང་རྩ་བརྒྱད་ཀྱི་གོང་བ། གསང་སྔགས་ཀྱི་འདུ་གནས་སུམ་ཅུ་མགོ་བོར་རྩི་བའི་ཚུལ་ལོ་རྒྱུས་རབ་དང་རིམ་པ་མང་པོ་ཡོད་པས་འདིར་ཡིག་ཚོགས་མང་དྲག་པས་གནས་སྐབས་སུ་འཇོག་ཅིང་འདིར་བཤད་བྱ་དངོས་ནི། དང་པོ་ཁྱུང་ལུང་དངུལ་མཁར་ནི་བརྩེགས་པའི་མཁར་ཞིག་ཡིན་པའི་སྐོར། གཉིས་པ་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞིའི་ཚིག་འགྲེལ། གསུམ་པ་ལོ་རྒྱུས་རིམ་བྱུང་དུ་བོན་པོ་ཚོས་ཁྱུང་ལུང་དངུལ་མཁར་བདག་སྐྱོང་བྱས་པའི་སྐོར། བཞི་པ་དྲན་པ་ནམ་མཁའི་རྡོ་སྐུའི་མཚམས་སྦྱོར་བཅས་ཀྱི་ངོ་སྤྲོད་རོབ་ཙམ་ཞུ་བ་ཡིན།

དང་པོ། ཁྱུང་ལུང་དངུལ་མཁར་ནི་བརྩིགས་པའི་མཁར་ཞིག་ཡིན་པའི་སྐོར།

ཁྱུང་ལུང་དངུལ་མཁར་ཐོག་མར་སྟོན་པ་གཤེན་རབ་མི་བོ་མཛད་ཆེན་བཅུ་གཉིས་ཀྱི་ནང་ཚན་མཛད་ཆེན་གཉིས་པ་སྟེ་བསྟན་པ་སྤེལ་བའི་མཛད་པའི་སྐབས་སུ་བརྩིགས་པར་གསལ་ཞིང་དེའི་ཚུལ་ཁ་གསལ་འཁོད་པ་ནི། དཔལ་ཀུན་འབུམ་གོ་འབྱེད་ས་ལྷ་ཀུན་འབུམ་ཁྲ་བོ་ལས། བཀྲ་ཤིས་བྱིན་དུ་ཆགས་པའི་སར། (མཆན། བོན་གྱི་ས་དཔྱད་ཀྱི་དཔེ་ཆ་ལྟར་ན། རྒྱལ་མཁར་དང་སྒྲུབ་གནས་སོགས་ལ་ས་དཔྱད་ཡག་པོ་ལྡན་དགོས་པ་མ་ཟད་དེ་ཚོ་ཚང་མ་དབྱེ་བ་དང་རིམ་པ་མི་འདྲ་བ་ཧ་ཅང་མང་པོ་ཕྱེས་ཡོད་པས། འདི་ནི་རྒྱལ་མཁར་ཆགས་སའི་ཚད་གཞི་ཡོངས་སུ་ཚང་བ་ནས་བཀྲ་ཤིས་བྱིན་དུ་ཆགས་པའི་སར། ཞེས་བྱུང་བ་ཡིན། དེར་སྟོན་པ་གཤེན་རབ་ཁྱུང་དུ་སྤྲུལ་ཅིང་ཕེབས་པའི་ཚུལ་དང་དེར་ཞང་ཞུང་ཡུལ་དུའམ་བོད་སྐད་དུ)ཁྱུང་ལུང་སྤྲུལ་པའི་མཁར་ཅིག་བརྩིགས(མཆན། གནའ་དུས་སུ་རྒྱལ་པོའི་མཁར་ནི་སྦྲ་གུར་སོགས་ཕུབ་པའི་མཁར་དང་། རི་ངོས་སུ་བྲུས་པའི་མཁར། ས་རྡོ་སོགས་བརྩིགས་པའི་མཁར་བཅས་ཡོད་སྲོལ་འདུག་ཅིང་། ཞང་ཞུང་གི་ཁབ་ཁྱུང་ལུང་དངུལ་མཁར་ནི་རྩིག་པའི་མཁར་གྱི་གྲལ་དུ་ཡིན་པ་འདིར་གསལ་བར་བསྟན་ཞིང་བོན་གྱི་ལོ་རྒྱུས་ནང་ནས་ཡོངས་གྲགས་སུ་ཡིན)། མཐའ་འདུལ་མཁར་ཕྲན་བཅོ་བརྒྱད་བརྩིགས། ཡང་འདུལ་གསས་མཁར་སུམ་བརྒྱ་དྲུག་ཅུ་བརྩིགས། གཞི་འདུལ་མཆོད་རྟེན་སྟོང་དང་རྩ་བརྒྱད་བརྩིགས་ནས་ས་མནན་ནོ། །(མཆན། དེའང་མཐའ་འདུལ་མཁར་ཕྲན་བཅོ་བརྒྱད་ནི།) ཤེ་ལེ་དབལ་རྩེ། འོད་གསལ་གཡུ་རྩེ། གསང་མེར་ལྷ་རྩེ། ཉི་འོད་ཤེལ་རྩེ། རྒྱལ་བ་བསེ་མཁར། ཡ་གད་སྟག་མཁར། ཧབ་སོ་ལྒ་མཁར། སྐྱུག་མོ་ལན་མཁར། ལོ་ཏོག་འགྱུར་མཁར། དྲག་ཚན་འབྲམ་མཁར། གུ་རི་གནམ་མཁར། གཡུང་དྲུང་ཡོད་མཁར། ཁ་རག་ཁྱུང་མཁར། དཔལ་བརྩན་སེང་མཁར། ཆེ་བརྩན་དྲེགས་མཁར། མཐོ་བརྩེགས་རྒོད་མཁར། མ་མ་དྲེད་མཁར། ཡར་མོ་བཞད་མཁར། མཁར་ཕྲན་བཅོ་བརྒྱད་ལ། སྡེ་ཆེན་བཅོ་བརྒྱད་གནས། བོན་ཆེན་བཅོ་བརྒྱད་བཞུགས། གསས་ཆེན་བཅོ་བརྒྱད་གསོལ།(མཆན། དེ་ལྟར་མཁར་ཕྲན་བཅོ་བརྒྱད་ལ་སྡེ་པ་ཆེན་པོ་བཅོ་བརྒྱད་གནས་པ་དང། དེ་ལ་རྒྱལ་པོའི་སྐུའི་རིམ་འགྲོ་གནང་མཁན་བོན་ཆེན་ཞེས་གྱེར་ཆེན་དྲན་པ་ནམ་མཁའ་དང་གྱེར་སྤུངས་སྣང་བཞེར་ལོད་པོ་ལྟ་བུའི་གོ་གནས་ཡོད་པའི་གཤེན་པོ་བཅོ་བརྒྱད་བཞུགས་ཤིང་། དེ་རྣམས་ཀྱིས་གསས་ཆེན་ཏེ་ཡི་དམ་རྩ་ཆེན་གྱི་རིགས་བཅོ་བརྒྱད་གསོལ་བའི་ཚུལ་གསུངས་པས། དེའང་དཔེར་ན་གུ་གེའི་རྒྱལ་རབས་ཀྱི་སྐབས་སུ་གུ་གེའི་རྒྱལ་ས་རྩ་རང་ལ་སྔགས་པའམ་ཇོ་བོ་བཅུ་གསུམ་ལ་སོ་སོར་ལྷ་ཁང་རེ་བཞེངས་ཡོད་པ་ནི་ད་ལྟ་ཤུལ་ཡོད་ཅིང་། དེ་བཞིན་ཞང་ཞུང་གི་འཁོས་དཔོན་ཁྱུང་པོ་སྤུངས་སད་ཀྱི་བརྒྱུད་པ་མངའ་རིས་སུ་ས་མ་ཟིན་ཞིང་མདོ་སྟོད་སོག་ཆུའི་འགྲམ་དུ་ད་ལྟ་ནག་ཆུ་སྦྲ་ཆེན་རྫོང་ཁོང་ལྷ་རྩེ་རྫོང་བརྩིགས་ཤིང་དེའི་ཉེ་སྐོར་དུ་སོག་གཡུང་དྲུང་གླིང་ཞེས་པ་ལ་སྔགས་ཆེན་བཅོ་བརྒྱད་ཡོད་པའི་བཤད་སྲོལ་ཡོད་པ་དང་། ཕྱིས་སུ་ཧོར་རྗེའི་སྐབས་སུ་རྒྱལ་ས་ཡར་སྤོས་པ་ད་ལྟ་སྦྲ་ཆེན་ཤང་ཡོད་ས་དེར་སྦྲ་ཆེན་རྒྱལ་སར་ཨ་དཀར་དགོན་པར་ཧོར་སྤྱི་ཁྱབ་རྒྱལ་པོའི་སྔགས་ཆེན་བཅུ་གཉིས་ཞེས་ཡོད། དེ་ལྟ་བུའི་ཚུལ་ནི་སྔོན་གྱི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱུན་སྲོལ་ཤིག་ཡིན་པས། དེ་ལྟར་བོན་གཤེན་ནམ་སྔགས་པའམ་ཇོ་བོ་དེ་དག་རྣམས་ནི་སོ་སོའི་གཞིས་ཀར་ལུང་པ་རེ་དང་ཁྱིམ་གཞིས་ཆ་ཚང་རེ་གཡོག་འབངས་དང་བཅས་པ་ཡོད་ཅིང་། རྒྱལ་པོའི་སྐུའི་རིམ་འགྲོ་བྱེད་པར་འགྲོ་བའི་སྐབས་སུ་དེར་རྒྱལ་པོའི་མཁར་རམ་རྒྱལ་པོའི་དགོན་པ་ལ་སོ་སོའི་གསས་ཁང་ངམ་མཁར་རེ་ཡོད་པ་ཡིན། དེ་ལྟ་བུའི་མཁར་ཕྲན་བཅོ་བརྒྱད་ཡོད་པ་)དེའི་དཀྱིལ་ཤད་དུ། ཁྱུང་ལུང་དངུལ་མཁར་བརྩིགས། རྨེང་བཞི་གསེར་ལ་བྱས། ལོག་བཞི་དངུལ་ལ་བྱས། སྒོ་སྐྱེས་པ་ལྕགས་ལ་བྱས། སྒོ་བཞི་དུང་ལ་བྱས། ཟུར་བཞི་མཆོང་ལ་བྱས། ཁ་བད་ཟངས་ལ་བྱས།(མཆན། དེ་ལྟར་གསེར་ལ་བྱས་ཞེས་ས་རྡོའི་གདོག་སེར་པོ་ལྡན་པ་དེ་དག་དང་། དེ་བཞིན་དངུལ་ཞེས་སྐུ་དཀར་གསོལ་བ་དང་། སྒོ་སྐྱེས་པ་ལྕགས་ཞེས་སྒོ་ལྕགས་སོགས་ལྕགས་ལས་བྱས་པ་དང་། སྒོ་བཞི་དུང་ཞེས་ཚོན་མདོག་དཀར་པོ་དང་། ཟུར་བཞི་མཆོང་ཞེས་ཚོན་མདོག་དམར་སྨུག་ལྟ་བུ་དང་། ཁ་བད་ཟངས་ཞེས་སྤེན་མ་བརྩིགས་ཤིང་ཚོན་མདོག་དམར་སྨུག་བྱས་པ་བཅས་ཡིན་པར་ངེས། གཞན་དུ་ན་དངོས་སུ་རིན་ཆེན་ཤ་དག་གྲུབ་པའི་སྐུ་མཁར་ཞིག་མིན་པ་ང་ཚོས་མཐོང་གསལ་རེད། ཡིན་ནའང་དཔེ་ཆ་མང་དག་ཅིག་ལས་ཁྱུང་ལུང་དངུལ་མཁར་རྔུལ་ཆུའི་རྨེང་རྡོ་ཅན་ཞེས་དང་ཡང་ན་ཁྲོ་ཆུའི་རྨེང་རྡོ་ཅན་ཞེས་ཡང་ཡང་དུ་འཁོད་ཡོད་པས་དེ་ནི་མཁར་སྲ་བརྟན་ཡོང་བའི་ཆེད་དུབྱས་པར་ངེས་ཤིང་དེ་ནི་ག་འདྲ་ཞིག་བྱས་ཡོད་མིན་ནི་ཁོ་བོས་འགྲེལ་བཤད་རྒྱག་མ་ཐུབ་མོད་རྒྱུ་མཚན་ངེས་ཅན་ཞིག་ཡོད་ངེས་སྙམ་པ་ཡིན། )རྩེ་མོ་གནམ་རིམ་བཅུ་གསུམ་དུ་བྱུང་(མཆན། མཁར་གྱི་རྕེ་མོ་མཐོ་ཞིང་གནམ་གྱི་གུ་ཡངས་པས)། བུ་ཡུག་རྟག་པར་འཁོར། འབྲུག་ཏོང་སྔོན་པོ་ཉལ། བྱ་ཁྱུང་རྩིབས་སུ་ལྡིང་། (མཆན། འབྲུག་ཉལ་བ་དང་ཁྱུང་ལྡིང་བའི་ཚུལ་ནི་ཆེ་བར་བརྗོད་པ་ཡིན་སྲིད་ལ། དེ་བཞིན་གཡོག་འབངས་རྣམས་འདུག་ས་སོགས་གཞན་དུ་ད་དུང་)མཁར་མིག་བརྒྱ་དང་རྩ་བརྒྱད་ཡོད། སུམ་ཆ་ཡན་ཆད(མཆན། ཞང་ཞུང་ལྷ་འཁོར་སུམ་བརྒྱ་དྲུག་བཅུ་དང་མཐོ་གསས་བདར་གསས་སོགས་གཙང་མའི་ལྷ་རིགས་རྣམས་དང་སྲིད་པའི་སྨན་ཚོགས་དགུ་ཁྲི་དགུ་འབུམ་སོགས་)ལྷའི་བཟུངས་། (མཆན། འདིའི་རྒྱབ་རི་སྟེ་དབུས་སུ་གངས་ཏི་སེ་དང་དིའི་རི་རྒྱུད། དེའི་བྱང་རྒྱབ་དུ་ལ་ཤང་རི་རྒྱུད་དམ་ཁུ་ལུའི་རི་རྒྱུད། མདུན་ནམ་ལྷོ་ངོས་སུ་ཧི་མ་ལའི་རི་རྒྱུད་སོགས་ཀྱི)གཡའ་བྲག་གངས་གསུམ་བྷར། འོད་ཟེར་ཐོག་གསུམ་འཕྲོ། ལྷ་དྲག་གེ་ཁོད(མཆན།ཡི་དམ་དབལ་ཆེན་གེ་ཁོད)གནས། (མཆན། ཇི་སྐད་དུ། བོན་གཤེན་མངའ་ཐང་དགུང་དང་མཉམ། ཞེས་པ་ལྟར)སུམ་ཆ་གཤེན་གྱིས་བཟུང་། (མཆན། གོང་གི་རི་རྒྱུད་དེ་རྣམས་ཀྱི་བར་བར་དུ)འབྲོག་མོ་ཐིལ་གསུམ་མཆིས། (མཆན། དེ་ལ་འབྲོག་པ་རྣམས་ཀྱིས)རྟ་ལུག་གནག་གསུམ་འཕྱོ། (མཆན། བོན་གཤེན་རྣམས་ཀྱིས)རྔ་གཤང་དུང་གསུམ་སྒྲོགས། བསྭོ་དབལ་བོན་གསུམ་འབོད(མཆན། ཡིད་དམ་གྱི་བསྙེན་སྒྲུབ་ལས་གསུམ་ལ་གྱེར་དབྱངས་སོགས་བྱེད་དེ)། ཞང་ཞུང་གྱེར་རྒྱུང་གནས། (མཆན། ཞང་ཞུང་གྱེར་རྒྱུང་གནས་ཞེས་ཞང་ཞུང་རྒྱལ་པོའི་བོན་སྟོན་མཁན་གྱི་བླ་མ་དང་ཡི་དམ་རྩ་ཆེ་ཤོས་དེ་གནས་ཡོད་ཅེས་པ་དང་། དེ་བཞིན་མཚོ་བཞི་དང་ཆུ་བཞི་གཙོས་པའི་མཚོ་དང་འཚེའུ་སོགས་ཆུ་བོ་རྣམས་ཏེ)སུམ་ཆ་མན་ཆད་ཀླུས་བཟུངས། གཡུ་མཚོ་ཀྱི་ལི་ལི། གཡུ་བུན་ཁྲིགས་སེ་ཁྲིག ཆུ་སྲིན་དུང་གསུམ་ངར། ཀླུ་ཕྲུག་གྱུར་གསུམ་རྩེ། མི་མགོན་དཀར་པོ་གནས། (མཆན། སྟོན་པ་གཤེན་རབ་མི་བོ་ཞང་ཞུང་དངོས་ཀྱི་ཡུལ)དེ་རུ་ཞབས་ཕེབས་ནས། ཞང་ཞུང་བོན་ལ་འཕྲུལ་ངག་བོན་བཤད་ན། ཞང་ཞུང་གིས་རྒྱལ་ཁམས་སུ་གནས་པའི(མཆན། དེའི་སྐབས་སུ་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་ཐོག་མ་ཁྲི་རྗེ་ལ་ཝེར་གསེར་གྱི་བྱ་རུ་ཅན་ཡིན་ཞིང་དེའི་མངའ་འབངས་)སྐལ་ལྡན་བྱེ་བ་གྲངས་མེད་ཀུན། སྟོན་པའི་བཀའ་རྒྱུད(སྒོ་བཞིའི་མཛོད་ལྔའི་བོན་ལ་སོགས་པའི་ཞང་ཞུང་བོན་སྐོར་སྤྱི་དང་ལྷག་ཏུ་ཞང་ཞུང་སྙན་རྒྱུད་སྔགས་སེམས་གཉིས་ཏེ། སེམས་སྡེ་རྫོགས་ཆེན་བཀའ་རྒྱུད་སྐོར་བཞི་དང་། སྔགས་སྡེ་མེ་རིའི་རྒྱུད་དང་སྒྲུབ་སྐོར། མདོ་ཁྲི་རྗེ་ལུང་བསྟན་སོགས་ཀྱིས)བྱིན་རླབས་མངོན་པར་སངས་རྒྱས་སོ། ཞེས་གསུངས་པ་དེ་རྣམས་ཀྱི་གསལ་བཤད་ཡིག་ཚོགས་ཉུང་ཕྱིར་མཆན་འགྲེལ་དུ་བཀོད་པ་ཡིན། དེ་ནས་སྟོན་པ་གཤེན་རབ་མཛད་ཆེན་བདུན་པ་བདུད་བཏུལ་བསྟན་པའི་བར་ཆད་བསལ་པའི་མཛད་པའི་སྐབས་སུ། མདོ་འདུས་ལས། ཁྱུང་ལུང་རྔུལ་མཁར་བརྕིགས། གཤེན་བུ་ཀོང་ཚ་དེ་རུ་འཁྲུངས། དེ་ནས་མ་པང་མཚོ་ལ་ཆགས། ཀླུ་ཡི་སྟོན་པ་ལོ་གཅིག་མཛད། ཏི་སེ་གངས་ཀྱི་རྩེ་མོ་རུ། མ་སངས་ལྷའི་ཞལ་དྲོ་དྲངས། ཞེས་གསུངས་པས་འདིའི་སྐབས་སུ་སྟོན་པ་གཤེན་རབ་ཀྱིས་ཁྱུང་ལུང་དངུལ་མཁར་རྩིག་ཅིང་སྲས་ཀོང་ཚ་འཁྲུངས་བར་གསུངས་མོད་ལོ་རྒྱུས་གུང་སྒྲིག་ནས་གོང་དུ་ཁྱུང་ལུང་དངུལ་མཁར་བརྩིགས་པ་དང་། འདིའི་སྐབས་སུ་སྟོན་པ་གཤེན་རབ་ཀྱིས་རྒྱལ་་བརྒྱུད་འཛིན་མཁན་གྱི་སྲས་ཀོང་ཚ་གཡུང་དྲུང་དབང་ལྡན་འཁྲུངས་བར་གོ་དགོས། དེ་བཞིན་ད་དུང་དཔེ་ཆ་གཞན་དག་ལས་ཁྱུང་ལུང་དངུལ་མཁར་རྩིག་པའི་སྐོར་དང་། དེ་བཞིན་བྱ་འདབས་གཡུ་ཡི་ཁ་བད་ཅན་ཡོད་པར་ཁྱུང་ལུང་དངུལ་མཁར་གཡུ་བད་ཅན་དང་། འོམ་པོ་སྒོ་བཞི། འོམ་པོ་རྩེ་དགུའམ་རྩེ་བརྒྱད་ཅེས་གསུངས་པས་མཁར་གྱི་ཁྱད་གཞིའི་སྒོ་ནས་མིང་བཏགས་པ་ཞིག་རེད། ད་ལྟ་ལྟར་ན་མཁར་འདི་གཡས་གཡོན་དུ་ཧ་ཀྱང་གཡང་གཟར་ཡིན་པ་འགོག་རྒོལ་རང་བཞིན་ལྡན་པའི་བཙན་མཁར་ཞིག་ཡིན་ཞིང་། བྲག་གཡང་ཅུང་ཙམ་ཉུང་བ་དེ་དག་ཀུན་ལ་ལྕགས་རིའི་ཡོངས་སུ་བསྐོར་བ་དང་། སྟེང་དུ་ཆུ་མཛོད་ཀྱི་ཤུལ་དང་ནུབ་ངོས་སུ་ཐེམ་པ་རྩིག་ཤུལ་རྒྱ་ཆེན་འདུག་པས་དེ་ཕར་ཆེར་གསང་བའི་ཕུག་ལམ་ཞིག་ཡོད་ངེས་པ་ཡིན་སྙམ་པ་འདུག་ཅིང་དེ་ལྟར་ན་ས་འོག་ཏུ་མཁར་ཁང་མང་པོ་མེད་པའི་ད་ལྟ་བཤད་ཚོད་མེད། དེ་བཞིན་མཁར་གདོང་གི་གཡས་གཡོན་འདུན་རྒྱབ་ཀྱི་རི་རྩེ་དང་རི་ངོས་ཐམས་ཅད་ལའང་འཐབ་རའི་རྩིག་ཤུལ་གང་སར་ཁྱབ་འདུག་པས་གནའ་བོའི་ཞང་ཞུང་གི་སྐབས་སུ་དམག་འཁྲུགས་དང་། འགོག་རྒོལ། དོག་ཟོན་གྱི་རང་བཞིན་ཡིན་པ་ང་ཚོས་ཚོད་དཔག་བྱེད་ཐུབ་ས་འདུག དེ་བཞིན་མཁར་གདོང་གཤམ་གྱི་ཤར་གྱི་ཐང་ཁ་ལ་རྒྱལ་རིགས་བང་སོ་ཞེས་པའི་བང་སོའི་ཤུལ་དང་། དེའི་ཤར་དུ་ལམ་ཡོད་པར་སྔོན་མ་ཁྱུང་ལུང་གི་རྒྱ་ལམ་ཁྲ་མོར་དང་ས་ཆ་དེར་དེང་སང་ཞིང་ཐོག་ཅེས་འབོད་པའི་ས་ཆ་དེར་གནའ་བོའི་ཞིང་ཁ་བཏབ་རྗེས་མང་པོ་ཡོད། ད་དུང་དེར་ཨ་ལིས་ཐང་ཞེས་ཐང་ཞིག་ཡོད་པས་དེར་གནའ་བོའི་སྐབས་སུ་གཟི་སོགས་ཨ་ལིས་བཟོ་ས་ཡིན་པའི་ཤོད་སྲོལ་ཡོད་ཅིང་ད་ལྟ་ཨ་ལིས་སྒྲུག་རྒྱུ་ཡོད་པ་ཡིན། མཁར་གདོང་གི་བྱང་དུ་རྫ་སྤུངས་བང་སོ་ཞེས་བང་སོ་ཧ་ཀྱང་རྒྱ་ཆེན་ཤུལ་ཡོད། ནུབ་ཏུ་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག་དང་དེའི་གཤམ་ཏུ་གུ་རུ་གྱམ་མདོ་སྔགས་གྲགས་རྒྱས་གླིང་ཆགས་སའི་ཐང་ཁ་ཚང་མ་བང་སོ་ཡིན་པར་བརྗོད། ༢༠༠༦ལོར་ང་ཚོས་རྙེད་སོན་བྱུང་བའི་བང་སོ་དེའི་ནང་དུ་གསེར་འབག་དང་། གོས་ཆེན་གྱི་རིགས་མི་འདྲ་བ་མང་པོ། ལི་ཡི་ལྷུང་བཟེད་སོགས་གནའ་རྫས་རྩ་ཆེན་མང་པོ་ཐོན་པ་རེད། མདོར་ན་ས་གནས་འདིར་ཞིང་འབྲོག་གཉིས་ཀྱི་རུ་མཚམས་སུ་གནས་པས་ཞིང་འབྲོག་རྒྱ་ཆེན་བཀོལ་ནུས་པའི་ས་གནས་ཞིག་དང་དེ་བཞིན་ཉེ་སྐོར་དུ་གནའ་ཤུལ་ཀྱང་མང་པོ་ཡོད། ཆེད་མཁས་ཞིབ་འཇུག་པ་འགའ་ཞིག་གི་བཤད་པ་ལྟར་ན། སྤྱི་ལོའི་དུས་རབས་བདུན་པའི་ཡར་སྔོན་དུ་རྒྱལ་མཁར་གྱི་ཁྱད་ཆོས་ཐམས་ཅད་ཚང་ཞིང་གཞི་རྒྱ་ཆེ་བའི་གནའ་ཤུལ་་འདི་ལྟ་བུ་ནི་ད་ལྟ་བོད་ཁུལ་དུ་མཐོང་དཀའ་བ་ཡིན་ཞེས་གསུངས། །

གཉིས་པ། ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞི་ཞེས་པའི་ཚིག་འགྲེལ།

༡ བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག་ལས། སྔོན་ཞང་ཞུང་གི་ཡུལ་ཨི་ཤོ་ད་ན། ཤིང་ཨ་པར་ལྗོན་པའི་ཚལ། གྲོང་ཁྱེར་རྒྱལ་བ་མཉེས་ཀྱི་དབུས། མཁར་ཁྱུང་ལུང་དངུལ་མཁར་མ་མཱ་ཞེས་ཀྱང་བྱ། འོམ་པོ་སྒོ་བཞི་ཞེས་ཀྱང་བྱ་བ་ཞིག་ན། མེ་ཏོག་པདྨ་འོད་གེས་ཀྱི་གླིང་་ན། མཁས་པ་ཆེན་པོ་ད་མི་ཐད་གེ་ལས་སོགས་པའི། ལོ་ཚ་དང་དཔོན་གསས་སུ་གྱུར་པ། མཁས་པ་ཆེན་པོ་མི་བརྒྱད་བཞུགས་ཏེ། ཞེས་གསུངས་པས་སྤྱིར་གནའ་མཁར་འདིར་མིང་གི་རྣམ་གྲངས་ནི། ཁྱུང་ལུང་དངུལ་མཁར་མ་མཱ། འོམ་པོ་སྒོ་བཞི། ཁྱུང་ལུང་རྔུལ་མོ་མཁར། ཁྱུང་ལུང་དངུལ་མཁར་དཀར་པོ་ཁྲོ་ཆུའམ་དངུལ་ཆུའི་རྨེང་རྡོ་ཅན། ཞང་ཞུང་ཁ་རག་དངུལ་མཁར། མཁར་ཟོ་བོ་ཁྱུང་རྩེ། མཁར་ཤེལ་ལེ་རྫོང་ཕུག འོམ་པོ་རྩེ་དགུའམ་རྩེ་བརྒྱད། སེང་གེ་རབ་གྲགས་བཅས་ཁོ་བོས་མཐོང་མྱོང་བའི་དཔེ་ཆ་ཁག་རྣམས་ལས་གསལ་འདུག་ཅིང་མིང་དེ་དག་ཚང་མ་ཁྱད་གཞིའི་ཐོག་ནས་བཏགས་པ་ཤ་དག་ཡིན་པ་ནི་སྨོས་ཅི་དགོས། ད་ལན་འདིར་བཤད་བྱ་ནི་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞི་ཞེས་པའི་ཚིག་འགྲེལ་ཉུང་བསྡུས་ཤིག་རྒྱབ་ནས། ཞང་ཞུང་ཞེས་པ་དང་ཁྱུང་ལུང་ཞེས་པ་ནི་དོན་གཅིག་ཏུ་གོ་བར་བཤད་ཡོད་པ་ཡིན། དེ་ལྟར་ན་ཡུལ་ཁམས་ཀྱི་མིང་ཕར་མཁར་ལ་བཏགས་པའམ་ཡང་ན་མཁར་གྱི་མིང་ཚུར་ཡུལ་ཁམས་ལ་བཏགས་པའམ། དེ་ནི་ཧ་ཅང་གོ་སླ་བ་ཞིག་ཡིན་ཡུལ་ཁམས་ཀྱི་མིང་མཁར་ལ་བཏགས་པར་ངེས། དཔེར་ན། རྒྱ་ནག་ཁྲི་སྒོ་རྩེ་བརྒྱད། རྒྱ་ནག་པེ་ཅིང་ཕོ་བྲང་། བོད་ཉི་མ་ལྷ་ས། གུ་གེ་རྩ་རང་མཁར། རུ་ཐོག་སེང་གེ་རྫོང་། མང་ཡུལ་སྟག་མོ། དྭང་ར་ཁྱུང་རྫོང་། སྦལ་ཏི་ཧྲང་རྫོང་སོགས་ཧ་ཅང་མང་བ་ཡིན། རྒྱུ་མཚན་དེས་གནས་འདིར་ཞང་ཞུང་ཡུལ་དབུས་སུ་ཡིན་པས་ཁྱུང་ལུང་དང་། བོད་ཀྱི་རྒྱུ་སྲོལ་ལྟར་སྐུ་དཀར་གསོལ་བས་དངུལ་མཁར་ཞེས་འབོད་པ་ཡིན། མཁར་མིང་དངོས་ནི་དང་ཐོག་འོམ་པོ་སྒོ་བཞི་རུ་ངེས་ཤིང་དེ་བཞིན་གོང་དུ་བཤད་པ་ལྟར་མཁར་གྱི་ཁྱད་གཞི་ཐོག་ནས་མིང་བཏགས་པ་ནི་གོང་དུ་མིང་གི་རྣམ་གྲངས་ལྟར་རོ། འགའ་ཞིག་གིས་ཁྱུང་ཆེན་སྤུངས་རི་དང་ཁྱུང་ལུང་དངུལ་མཁར་ཞེས་པའི་མིང་གཅིག་བུ་ལ་དཔྱད་དེ་ཁྱུང་ལུང་དངུལ་མཁར་ནི་ཁྱུང་གི་དབྱིབས་ལྟ་བུར་ཡོད་པའི་ངོས་འཛིན་བྱེད་པ་ནི་ལོ་རྒྱུས་ལ་ཉམས་མྱོང་མེད་པའི་རང་ཚང་མངོན་པ་ཙམ་ལས་གཞན་རྒྱུ་མཚན་མང་པོ་ཡོད་པ་མ་ཡིན་ནོ། འོ་ན་ཞང་ཞུང་དང་ཁྱུང་ལུང་ཞེས་པའི་དོན་གཅིག་པ་ཡིན་ན་ནམ་རྒྱུན་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་མིང་ལྡབ་དགོས་དོན་ཅི་ཡིན་ནམ་ཞེ་ན། དེ་ནི་དཔེར་ན། ག་ལྗང་གཡུ་ལོ་མཁར་ཞེས་ག་ལྗང་ཞེས་ཞང་ཞུང་སྐད་དུ་གཡུ་ལ་འབོད་པ་ཡིན་པས་ད་དུང་གཡུ་ལོ་ཞེས་དང་། དེ་བཞིན་མུ་སྨར་གསེར་ཞེས་དང་། དྭང་ར་གཡུ་མཚོ། ཤེ་ཐུན་སྙིང་། འགྲིམ་པ་ཨག་ཤོ་ལ་སོགས་པའི་ཞང་ཞུང་སྐད་དང་བོད་སྐད་ལྡབ་པའི་ཚིག་ཚོགས་འདི་ལྟ་བུ་མང་བ་ཡིན། དེ་ནས་འོམ་པོ་སྒོ་བཞི་ཞེས་པ་ནི་སྤྱིར་བོན་གྱི་དཔེ་ཆ་ཁག་ལས། འོམ་པོ་དང། རོལ་པོ། ཟོ་བོ། ཐང་མོ། རྩོལ་པོ། ཆོ་པོ་ལ་སོགས་ནི་བརྡ་རྙིང་གི་ཚིག་གྲོགས་ལྟ་བུར་བདག་སྒྲ་སྦྱར་བ་འདི་ཚོའི་རིགས་ཧ་ཀྱང་མང་ཞིང་གོ་དཀའ་བས་འོམ་པོ་ཞེས་པའི་དོན་དེ་ཁོ་བོས་ཚིག་འགྲེལ་ཅི་བཞིན་རྒྱག་ཐུབ་པ་དཀའ་བར་སྣང་ཞིང་། འདིར་སྒོ་བཞི་ཞེས་པའི་དོན་ཅུང་ཙམ་དཔྱད་ཅིང་ཕྱོགས་གཉིས་སུ་དབྱེ་སྟེ་བཤད་རྒྱུ་ཡིན། ༡ གྲུབ་མཐའི་ངོས་ལ་བཤད་ནས་སྟོན་པ་གཤེན་རབ་མི་བོས་ཁྱུང་ལུང་དངུལ་མཁར་དུ་གཡུང་དྲུང་བོན་སྒོ་བཞི་མཛོད་ལྔའི་བོན་སྡེ་རྣམས་སྨོན་ལམ་བཏབ་སྟེ་རྗེས་བཞག་མཛད་པའི་སྐོར་ལུང་ལས་གསལ་བས་དེ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས་པ་ཡིན། དེའང་སྒོ་བཞི་མཛོད་ལྔའི་བོན་སྡེ་ནི། ཇི་སྐད་དུ་འདུལ་བ་ཡོངས་རྫོགས་ལས། སྒོ་བཞི་མཛོད་ལྔ་སྤྱི་ཡི་སྒོ། འཕན་ཡུལ་རྒྱས་པ་འབུམ་གྱི་བོན། ཤར་ཕྱོགས་གར་གསས་བཙན་པོའི་སྒོ། ཆབ་ནག་སྲིད་པ་རྒྱུད་ཁུངས་བོན་། བྱང་ཕྱོགས་རྒོད་གསས་དགེ་བའི་སྒོ། ཆབ་དཀར་དྲག་པོ་སྔགས་ཀྱི་བོན། ནུབ་ཕྱོགས་གསས་རྗེ་བྱེ་བྲག་སྒོ། དཔོན་གསས་མན་ངག་ལུང་བསྟན་བོན། ལྷོ་ཕྱོགས་གནམ་གསས་དགའ་བའི་སྒོ། གཙང་མ་མཐོ་ཐོག་སྤྱི་རྒྱུག་མཛོད་གནས་བོན། དབུས་སུ་གཤེན་ལྷ་ཀུན་སྣང་མཛོད། ཅེས་གསུངས་སོ། དེ་བཞིན་མཛོད་སྒྲ་འགྲེལ་ལས། ཁྱེའུ་དྲན་པས་གསུངས་པ། ཀྱེ་མ། ལྷ་སྲིན་གཉིས་ཀྱི་ས་མཚམས་ན། ཡ་མཚན་ཆེ་བའི་མཁར་ཞིག་གདའ། ཡ་གད་ཤེལ་ལས་བགྱིས་ནས་གདའ། འགྲམ་བཞི་ལྕགས་ལས་བགྱིས་ནས་གདའ། ཤར་ཕྱོགས་གསེར་ལས་བགྱིས་ནས་གདའ། བྱང་ཕྱོགས་གཡུ་ལས་བགྱིས་ནས་གདའ། ནུབ་ཕྱོགས་ཟངས་ལས་བགྱིས་ནས་གདའ། ལྷོ་ཕྱོགས་དངུལ་ལས་བགྱིས་ནས་གདའ། སྒོ་མོ་དུང་ལས་ལས་བགྱིས་ནས་གདའ། ཐ་རམ་ལྕགས་ལས་བགྱིས་ནས་གདའ། ནང་ན་མི་གྲག་རྒུ་ཅིག་གྲག ཆེད་འགའ་རྔ་གཤང་བོན་སྐད་སྒྲོགས། ཆེད་འགའ་གླུ་དབྱངས་དེའུ་ཐབས་སྒྱུར། ཆེད་འགའ་ངུ་སྨྲང་ཐིག་ང་སྒྲོགས། ཅི་གླ་ཅི་གཤའ་རྟོལ་མ་མཆིས། མཁར་མཛོད་ནང་བཅུད་ལྟ་བ་ལ། གཟེ་འཇུམས་ལྡེ་མིག་གང་ནས་ཚོལ། འབྱེད་པའི་སྒྱུར་ཐབས་དུ་ཞིག་མངའ། ཞེས་གསུངས་སོ། དེ་ལ་ད་མིས་གསུངས་པ། ཞེས་དང། བརྡའ་དེ་ཐབས་ཀྱིས་དགྲོལ་བ་ན། ཡོད་མེད་གཉིས་ནི་འཁོར་འདས་གཉིས། ས་མཚམས་ལུང་དུ་མ་བསྟན་རྒྱུད། ཡ་མཚན་ཆེ་བའི་འཛོད་ཁང་དེ། སྣང་སྲིད་ཅི་ལ་གྲུབ་པ་ཡིན། ཡ་གད་ཤེལ་ལ་བྱས་པ་དེ། འོག་མིན་ལྷའི་ཕོ་བྲང་ཡིན། འགྲམ་བཞི་ལྕགས་ལས་བྱས་པ་དེ། ངན་སོང་གསུམ་གྱི་རྟེན་གནས་ཡིན། གསེར་དངུལ་ཟངས་ལྕགས་ལོགས་བཞི་དེ། མཐོ་རིས་ཐར་པའི་བདེ་གནས་སུ། འབྱུང་བཞི་ལྷ་མོས་བསྐྱེད་པ་ཡིན། དུང་གི་སྒོ་བཞི་གཏམས་པ་དེ། དུས་བཞིའི་རྒྱལ་མོས་བསྒྲིགས་པ་ཡིན། ཐ་རམས་ལྕགས་ཀྱིས་གཏམས་པ་དེ། དུག་ལྔའི་སྒོ་ལྕགས་གཏམས་པ་ཡིན། ཡ་མཚན་ཆེ་བའི་མཛོད་ཁང་དེ། ཕྱི་བསྟས་སྣང་སྲིད་འདུས་པའི་མཁར། ནང་བལྟས་སྒྱུ་ལུས་རྫོགས་པའི་མཁར། གསང་བར་ཀུན་གཞི་མཉམ་པའི་མཁར། དེ་ན་ཡ་མཚན་དེ་ཆེ་མོད། ནང་ན་མི་གྲག་རྒུ་གྲག་པ། གསུང་ངག་འཚོགས་པའི་སྒྲ་སྐད་ཡིན། རྔ་བཤང་བོན་གྱི་སྒྲ་སྒྲོགས་པ། བདེན་གཉིས་གཟུང་འཐབ་བྱེད་པ་ཡིན། གླུ་དབྱངས་དེའུ་ཐབས་སྐད་འགྱུར་བ། མྱ་ངན་ཚངས་པའི་ཚངས་སྐད་ཡིན། ངུ་སྒྲ་ཐིག་ནག་སྒྲོགས་པ་དེས། ངན་སོང་ཐིག་ནག་འབོད་པ་ཡིན། ཅི་ལ་ཅི་ཤ་རྟོལ་མེད་ན། སྣང་སྲིད་འཚོགས་པའི་མཛོད་ཕུག་ཡིན། མཁར་མཛོད་ནང་བཅུད་བལྟས་མཐོང་ན། ཐམས་ཅད་འཚོགས་པའི་རྫས་ནོར་ཡོད། མཁར་བདག་ཡེ་སྲིད་རྒྱལ་པོ་ཡིན། འཆའ་མཁན་སྟོན་པ་གཤེན་རབ་ཡིན། མགར་བ་རིག་པའི་རྒྱལ་པོ་ཡིན། ལྡེ་མིག་ཚོལ་ན་དེ་ནས་ཚོལ། ལྡེ་མིག་སྒྱུར་བའི་གནད་བརྒྱད་ཡོད། ཞེས་གསུངས་པས། དཔེ་ཆ་འདི་ནི་སྲིད་པའི་མཛོད་ཕུགས་ཀྱི་རྩ་འགྲེལ་(བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག)ཅེས་བོན་གྱི་བསྟན་རྩིས་ཁག་གི་ནང་ལྟར་ན་སྤྱི་ལོའི་ཡར་སྔོན་གྱི་དུས་རབས་དགུ་པའི་སྐབས་སུ་བྱོན་པར་གསལ་ཞིང་། ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་སྐུ་བལྟམས་པའི་གྱེར་སྤུངས་དྲན་པ་ནམ་མཁའ་སྐུ་སྣ་ཆུང་དུས་སུ་མཛད་པར་གྲགས། བརྡ་ཚིག་གམ་དཔེར་བརྗོད་འདི་ནི་ཁྱུང་ལུང་དངུལ་མཁར་ལ་དཔེ་རུ་བཀོད་དེ་སྲིད་པའི་མཛོད་ཕུག་གི་ལུང་དོན་རྣམས་འགྲེལ་དགོས་པའི་ཚུལ་བསྟན་པས་ཁྱུང་ལུང་དངུལ་མཁར་བཀོད་པ་འདི་དང་ཚུལ་མཐུན་པ་ཞིག་ཡིན་སྲིད། དེ་བཞིན་གསས་མཁར་དང་གཞལ་ཡས་ཁང་ཕར་ཆེ་བ་དེ་སྒོ་བཞི་དང་ལྡན་པ་མ་ཟད་གཡུང་དྲུང་ལའང་སྣེ་བཞི་ཡོད་པས་འདི་རྣམས་ཕན་ཚུན་སྡུར་ཏེ་དཔྱད་རིན་ཤིན་ཏུ་ནས་ཆེ་བ་ཡིན།
༢ དེ་བཞིན་ཆབ་སྲིད་ཀྱི་ཐོག་ལ་བཤད་ན་གླང་ཆེན་ཁ་འབབ་ཀྱི་བཞུར་རྒྱུན་གུ་གེ་གཞུང་གླུ་སྟེ་སྲིད་པ་གཉའ་རབས་ཀྱི་གླུ་གཞུང་འདི་དོག་ལྷ་མགོན་པོའི་གསུང་ཁྲུལ་མེད་ཞེས་པ་དེ་ལས། ཀྱེ་ལགསོ། ཤིང་དེ་ཤར་ཕྱོགསུ། ཡུལ་དུ་རྒྱ་ནག་ཆགས། རྒྱ་ནག་རྒྱལ་པོ་ལ། བློན་པོ་ཤེས་རིག་ཅན། དྲུང་འཁོར་ཁྲི་ཡི་བསྐོར། རྟ་དམག་འབུམ་གྱི་བདག། ལྷ་རུ་འཕགས་པ་འཇམ་དཔལ་རྟེན། འདྲེ་རུ་དྲི་ཟ་ཕོ་མོ་སྐྲོག། གཉེན་དུ་རྒྱ་ནག་མི་སྡེ་སྐྱོང་། དགྲ་རུ་མཐའ་བཞི་དགྲ་བོ་འདུལ། ཤིང་དེའི་ལྷོ་ཕྱོགསུ། ཡུལ་དུ་རྒྱ་གར་ཆགས། རྒྱ་གར་རྒྱལ་པོ་ལ། བློན་པོ་ཤེས་རིག་ཅན། དྲུང་འཁོར་ཁྲི་ཡི་བསྐོར། རྟ་དམག་འབུམ་གྱི་བདག། ལྷ་རུ་བཅོམ་ལྡན་ཤཀ་ཐུབ་རྟེན། འདྲེ་རུ་གཤིན་རྗེ་ཕོ་མོ་སྐྲོག། གཉེན་དུ་རྒྱ་གར་མི་སྡེ་སྐྱོངས། དགྲ་རུ་ཕྱི་པ་མུ་བཏེགས་འདུལ། ཤིང་དེའི་ནུབ་ཕྱོགསུ། ཡུལ་དུ་ཁ་ཆེ་ཆགས། ཁ་ཆེ་རྒྱལ་པོ་ལ། བློན་པོ་ཤེས་རིག་ཅན། དྲུང་འཁོར་ཁྲི་ཡི་བསྐོར། རྟ་དམག་འབུམ་གྱི་བདག། ལྷ་རུ་སྟོན་པ་བཤེན་རབ་རྟེན། འདྲེ་རུ་ཀླུ་གཉན་ཕོ་མོ་སྐྲོག། གཉེན་དུ་ཁ་ཆེ་མི་སྡེ་སྐྱོང། དགྲ་རུ་ལྟ་ངམ་སྤུན་དགུ་འདུལ། ཤིང་དེའི་བྱང་ཕྱོགསུ། ཡུལ་དུ་ཧོར་ཡུལ་ཆགས། བྷ་རྟ་ཧོར་ཀྱི་རྒྱལ་པོ་ལ། བློན་པོ་ཤེས་རིག་ཅན། དྲུང་འཁོར་ཁྲི་ཡི་བསྐོར། རྟ་དམག་འབུམ་གྱི་བདག། ལྷ་རུ་དགྲ་ལྷ་དམག་དཔོན་རྟེན། འདྲེ་རུ་གནོད་སྦྱིན་ཕོ་མོ་སྐྲོག། གཉེན་དུ་ཧོར་གྱི་མི་སྡེ་སྐྱོང། དགྲ་རུ་གར་ལོག་སྤུན་དགུ་འདུལ། ཞེས་གསུངས་པས་ད་ལྟའི་ཁྱུང་ལུང་དངུལ་མཁར་རམ་མཁར་གདོང་གི་གནའ་ཤུལ་གྱི་ཕྱོགས་བཞིར་སྒོ་བཞི་དང་འབྲེལ་བའི་ཁ་འབབ་ཆུ་བོ་བཞི་ལ་དཔྱད་དེ་འགྲེལ་ན། ཤར་ནས་ནུབ་དུ་བབས་པའི་ཆུ་བོ་གླང་ཆེན་གཙང་པོའི་ཕུ་སྒོའི་ལ་ལུང་རྒྱུད་དེ་མ་པང་མཚོ་ནས་ཆུ་བོ་རྟ་མཆོག་ཁ་འབབ་རྒྱུད་ཀྱི་ཡུལ་ཁམས་དང་ལྷག་ཏུ་རྒྱ་ནག་ཇ་དར་རས་གསུམ་འགྲིམ་ལམ་ཀྱི་སྒོ། བྱང་ནས་ལྷོ་རུ་རི་བོ་བོན་ཆེན་བབས་པའི་ཆུ་ནག་གཙང་པོའི་ཕུ་སྒོའི་ལ་ལུང་རྒྱུད་པའི་ཆུ་བོ་སེང་གེ་ཁ་འབབ་རྒྱུད་ཀྱི་ཡུལ་ཁམས་དང་བྱང་ཕྱོགས་བྷ་དྡ་ཧོར་རམ་གེ་སར་དམག་གི་སྒོ། ལྷོ་རུ་རྒྱ་ཉི་མ་ཞེས་ཉི་འོད་དབྱེན་དམར་རྒྱལ་ཁམས་ནས་བབས་པའི་ཆུ་དཀར་གཙང་པོའི་ཕུ་སྒོའི་ལ་ལུང་རྒྱུད་པའི་ཆུ་བོ་རྨ་བྱ་ཁ་འབབ་རྒྱུད་ཀྱི་ཡུལ་ཁམས་དང་རྒྱ་གར་ཆོས་ཀྱི་འགྲིམ་ལམ་གྱི་སྒོ། དེ་ནས་ཆུ་གསུམ་འདུས་ཤིང་ནུབ་དུ་བབས་པར་གུ་གེ་སོགས་མདའ་སྒོའི་གླང་ཆེན་ཁ་བབས་རྒྱུད་ཀྱི་ཡུལ་ཁམས་ཁ་ཆེ་ཞེས་ཞང་ཞུང་ཕུགས་པ་སྟག་གཟིག་འོལ་མོ་ལུང་རིང་བོན་གྱི་སྒོ་དང་དེ་ལས་ཕར་ཏ་ཟིག་ཚོང་དང་ནོར་གྱི་སྒོ་བཅས་གང་སར་སྐྱོད་བདེ་ཞིང་། གངས་ཏི་སེའི་ཉེ་སྐོར་ཞིང་འབྲོག་གཉིས་རྒྱ་ཆེན་པོ་བཀོལ་ནུས་པའི་རུ་མཚམས་སུ་གནས་ཡོད་པས། བན་བོན་གྱི་ལོ་རྒྱུས་དང་ཆོས་འབྱུང་ཁག་ལས་བོད་ཀྱི་མཐའ་འཁོར་ཕྱོགས་བཞིར་བསྐོས་པའི་རྒྱལ་པོ་བཞིའམ་མཐའ་བཞིའི་རྒྱལ་ཁབ་བཞི་ཞེས་གྲགས་པས་དབུས་ནི་ཞང་ཞུང་གི་རྒྱལ་ཁམས་དང་། ཞང་ཞུང་གི་རྒྱལ་པོ་ནི་སྤྱི་ཕུད་ཀྱི་རྒྱལ་པོ་ཡིན་པའི་མཚོན་བྱེད་དམ་རྣམ་པ་སྟོན་བྱེད་དུ་ལིག་མི་རྐྱ་སྟེ་སྲིད་པའི་རྗེ་རུ་འབོད་པ་ཡིན། རྒྱུ་མཚན་ནི་འཛམ་གླིང་ཡུལ་ཆེན་བཅོ་བརྒྱད་ཀྱི་མགོ་བོ་གནོན་ཞེས་ལུང་ལས་ཡང་ཡང་དུ་བཤད་ཡོད་པས་སོ། དེ་ལྟར་བོན་གྱི་གནའ་དཔེ་རྣམ་རྒྱལ་ཕྱོགས་བཞིའི་གཡང་འབོད་དང་གཡང་འགུག་འགའ་ཞིག་ལས། ཞང་ཞུང་རྒྱལ་པོ་བོན་གྱི་ཕྱུག བོན་གྱི་ཕྱུག་པའི་ཕྱུག་པའི་ཕྱུག་གཡང་ལེན། རྒྱ་གར་རྒྱལ་པོ་ཆོས་ཀྱི་ཕྱུག ཆོས་ཀྱི་ཕྱུག་པའི་ཕྱུག་གཡང་ལེན། རྒྱ་ནག་རྒྱལ་པོ་ཁྲིམས་ཀྱི་ཕྱུག ཁྲིམས་ཀྱི་ཕྱུག་པའི་ཕྱུག་གཡང་ལེན། གེ་སར་རྒྱལ་པོ་དམག་གི་ཕྱུག དམག་གི་ཕྱུག་པའི་ཕྱུག་གཡང་ལེན། སྟག་གཟིག་རྒྱལ་པོ་ནོར་གྱི་ཕྱུག ནོར་གྱི་ཕྱུག་པའི་ཕྱུག་གཡང་ལེན། ཞེས་སོགས་གསུངས་པས་མཐའ་འཁོར་རྒྱལ་ཁམས་དག་གི་ཤེས་རིག་གཡང་དུ་ལེན་ཞིང་འབྲེལ་འདྲིས་བྱེད་འདོད་པ་ནི་འདིའི་མཚོན་ནུས་པ་ཡིན། དེ་བཞིན་ད་ལྟ་རྒྱལ་རྩེ་རྫོང་ལུང་དམར་ཤང་ཁོངས་སུ་ཡོད་པའི་གཙང་གི་སྒོ་བཞི་ཐོན་ལྕགས་རྫོང་ཞེས་མ་གླང་གློག་ཁང་ཆུ་མཛོད་དཀྱིལ་དུ་ཡོད་པའི་གནའ་བོའི་མཁར་རྫོང་གི་ཤུལ་དེ་ལ་དུས་རབས་ག་ཚོད་ཕྱིན་མིན་དང་ལོ་རྒྱུས་ཁ་གསལ་བཤད་ཤེས་མཁན་གཅིག་ཀྱང་མི་འདུག་མོད། ཡུལ་དེའི་མིས་གནའ་ཤུལ་དེའི་རྒྱབ་རི་ཇོ་མོ་ཞེས་གནས་རི་ཧ་ཀྱང་རྩ་ཆེན་རྩི་བ་དང་རི་དེ་ལ་བཀྲ་ཤིས་རྟགས་བརྒྱད་ཚང་བ་དང་། ཤིང་སྣ་བརྒྱ་དང་བརྒྱད། ཆུ་སྣ་བརྒྱ་དང་བརྒྱད་ཚང་ཡོད་པའི་ཡུལ་དེའི་མིས་ཤོད་སྲོལ་འདུག་ཅིང་། དེའི་ཕྱོགས་བཞིར་ལུང་པ་བཞི་ཡོད་པ་དེ་ནི། ཤར་སྒོ་ར་ལུང་ཆོས་ཀྱི་སྒོ། (མཆན།ར་ལུང་དགོན་པ་དང་ལུང་པའི་ཕུ་ནི་གནོད་སྦྱིན་གངས་བཟང་ཡོད) བྱང་སྒོ་རྡོ་ལྕགས་གཏེར་གྱི་སྒོ། (མཆན།མཛོད་ཁུང་ལུང་པ་དང་དེར་རྡོ་ལྕགས་ཞེས་པའི་རི་ཞིག་ཡོད) ནུབ་སྒོ་རྒྱབ་བྲག་ནས་ཀྱི་སྒོ།(མཆན།རྒྱབ་བྲག་ལུང་པ་དང་ལུང་པ་བཙན་རྫོང་ཞེས་པ་དགོན་ཤུལ་རྒྱ་ཆེན་ཡོད་ཅིང་ལུང་པ་དེའི་ཞིང་ཁ་ལ་སད་སེར་རྩ་ནས་རྒྱབ་སྲོལ་མེད་ཅེས་བཤད་སྲོལ་ཡོད།) ལྷོ་སྒོ་མན་བཟང་ཤིང་གི་སྒོ(མཆན།མན་བཟང་ལུང་པ་དེར་ཉེ་རོ་སྟོད་སྨད་ཀྱི་ཡུལ་ཡིན་ཞིང་རྒྱ་གར་ས་མཚམས་ཡིན།)ཞེས་པ་བཅས་ཀྱི་ཤོད་སྲོལ་ཡོད་པ་ལྟ་བུ་དང་། ལྷག་པར་དུ་ཡར་ལུང་བཙན་ཐང་སྒོ་བཞིའམ་ལྷ་རི་རོལ་པོ་སྒོ་བཞི་ཞེས་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཐོག་མར་ཕེབས་ས་དེར་ཡིན་ཞེས་ཟེར་སྲོལ་ཡོད་པ་དེ་ནི། དུང་དཀར་ཚིག་མཛོད་ལས། བཙན་ཐང་སྒོ་བཞི། ཡར་ལུང་རྩེད་ཐང་གི་ནུབ་ངོས་ནས་འཕྱོངས་རྒྱས་ཕྱོགས་སུ་འགྲོ་བའི་ལམ་ཞོར་བཙན་ཐང་དུ་སླེབས་ཤིང་། ནུབ་ངོས་སུ་བཙན་ཐང་ལྷ་རི་དང་། ཐང་གཞུང་དེར་གཡུ་ཡི་ལྷ་ཁང་ཡོད། བཙན་ཐང་གི་ཕྱོགས་བཞིར་ལུང་ཤུར་བཞི་ཡོད་པའི་དབང་གིས་སྒོ་བཞི་ཞེས་འབོད་པ་འདྲ་སྙམ། ཞེས་ཁོང་གིས་སྒོ་བཞི་ཞེས་ལུང་པ་སྒོ་བཞིར་ངོས་འཛིན་གནང་འདུག དེ་ལྟར་ཁྱུང་ལུང་དངུལ་མཁར་འོམ་པོ་སྒོ་བཞི་དང་ཡར་ལུང་བཙན་ཐང་ལྷ་རི་རོལ་པོ་སྒོ་བཞི་དང་། གཉའ་ཁྲི་བཙན་པོ་ནས་བཟུང་སྤུ་རྒྱལ་བཙན་པོ་ཕར་ཆེ་བའི་མཚན་ཞང་ཞུང་གི་སྐད་དང་འབྲེལ་བ་དང་། སྐུ་གཤེན་ཡང་ཞང་ཞུང་ནས་མར་བོད་དུ་གཏོང་གིན་ཡོད་པ་སོགས་སྤུ་རྒྱལ་བཙན་པོའི་གདུང་ཁུངས་ནི་ཞང་ཞུང་ནས་ཡིན་པའི་སྒྲུབ་བྱེད་མང་ཞིང་དཔྱད་རིན་ཤིན་ཏུ་ཆེ་བ་ཡིན་པས་འདིར་གཉའ་ཁྲིའི་སྐོར་གནས་སྐབས་སུ་བཤད་བྱ་མིན། །དེ་ལྟར་ཞང་ཞུང་གི་ཡུལ་དབུས་སུ་ཡིན་པའི་ཁྱུང་ལུང་དངུལ་མཁར་གྱི་གནས་ཡུལ་ནི། ཞང་ཞུང་དབུས་ཀྱི་ལྟེ་བ་རི་མཐོ་ས་གཙང་གངས་དཀར་ཏི་སེའི་ནུབ་ཕྱོགས་སུ་ཆུ་བོ་བཞི་འདུས་ཀྱི་མགོ་སྟེ་ལུང་པ་སྒོ་བཞིའི་འདུས་མདོའི་ཆུ་བོ་རྣམས་འཁྱིལ་ཞིང་མཛེས་པར་འབབ་པའི་དཀྱིལ་དུ་ཁྱུང་ལུང་དངུལ་མཁར་གྱི་གནའ་ཤུལ་དང་། དེའི་བྱང་ནུབ་ཏུ་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག་ཡོད་པ་ནི་ལུང་རིགས་གཉིས་ཀས་གྲུབ་པ་ཡིན།

གསུམ་པ། ལོ་རྒྱུས་རིམ་བྱུང་དུ་བོན་པོ་ཚོས་ཁྱུང་ལུང་དངུལ་མཁར་བདག་སྐྱོང་བྱས་པའི་སྐོར།

དེའང་སྟོད་མངའ་རིས་སྐོར་གསུམ་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་ཕྲེང་ལས། མཁར་ལྔ་རྫོང་བཞི་སོགས་ཀྱི་ནང་ཚན་དབུས་ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་པའི་ཡུལ་ཞེས་བོད་ཀྱི་འདུ་གནས་སུམ་ཅུ་རྩ་བདུན་གྱི་ཐོག་མ། གྱེར་ཆེན་དྲན་པོ་ནམ་མཁའ་དང་ཚེ་དབང་རིག་འཛིན། པདྨ་མཐོང་སྒྲོལ་(པདྨ་འབྱུང་གནས)རྣམས་འཁྲུངས་ས་སོགས་ཡིན་པ། བསྒྲུབ་པའི་གནས་ཀྱི་ཐོག་མ་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག་འདིའོ། ཞེས་དང་། བར་མཚམས་སུ་ཞང་ཞུང་ཕུག་པ་འདིར་བོན་བསྟན་རྒྱ་ཆེན་མ་བཞུགས་ཤིང་ཡུལ་གཞན་དུ་འཕོས་པ་ལྟ་བུར་གྱུར། ཕྱིས་སུ་བོན་གྱི་བླ་མ་དམ་པ་མཁས་གྲུབ་མང་པོས་གནས་འདིར་སྐུ་མཚམས་བཞུགས་པ་དང་། བོན་འཁོར་བསྐོར་བ་རིམ་བཞིན་འཕེལ། ཞེས་སོགས་གསུངས་པས། དེ་ནི་གངས་ཅན་བསིལ་མོའི་ལྗོངས་འདིར་སྤྱི་ལོའི་དུས་རབས་བརྒྱད་པའི་ཡར་སྔོན་དུ་གཡུང་དྲུང་བོན་བསྟན་རབ་ཏུ་དར་ཞིང་མངའ་རིས་ཁུལ་འདིར་ཞང་ཞུང་གི་ལྟེ་བ་དང་གཡུང་དྲུང་བོན་བསྟན་གྱི་འབྱུང་གནས་ཤིག་ཡིན་ཡང་། དེ་ནས་སྤུ་རྒྱལ་སྲོང་བཙན་སྒམ་པོས་ཞང་ཞུང་རྒྱལ་པོ་བཀྲོངས་བ་དང་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྟན་བསྣུབས་པར་བརྟེན་བོན་བསྟན་རིམ་བཞིན་ཉམས་མགོ་ཚུགས། ལྷག་ཏུ་མངའ་རིས་ཀྱི་ཁུལ་འདིར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་ལས། བོན་པོ་ཐམས་ཅད་བསྡུས་ནས་ཁང་པ་ཏུ་བཅུག་དེ་ཧོམ་ལ་གཤེགས་སུ་གསོལ། བོན་དཔེ་རྣམས་འགའ་ཞིག་ཆབ་ལ་སྦྱངས། འགའ་ཞིག་ཞུགས་ལ་གསོལ། འགའ་ཞིག་སར་བཞུགས་པར་གསོལ་ལོ། འགའ་ཞིག་དྲི་གཞོན་ལ་སྤྱན་དྲང་བར་བྱའོ། ཁྱོད་ཀྱི་ཤེས་རབ་འབར་བའི་འོད་ཟེར་དང་། ཕྱི་རོལ་ཤིང་ལས་བྱུང་བ་བསྲེག་ཟའི་མེས། བོད་ཡུལ་རྨོངས་པའི་མུན་ནག་སྟུག་པོ་དང་། བོན་སོགས་ལོག་ལྟའི་ཚང་ཚིང་མཐའ་དག་བསྲེག གཤིན་པོའི་དོན་དུ་ནོར་དུར་དུ་སྦེད་པའི་ལུགས་ཡོད་པ་བཀག་ནས། དགེ་བ་བྱེད་དུ་བཅུག ཅེས་པ་སོགས་དེ་བཞིན་རྫོགས་ཆེན་དང་གསང་སྔགས་ཀྱི་ཆོས་སྤྱོད་མི་ཆོག་པའི་བཀའ་རྒྱ་བཀྲམ་ཞིང་རབ་ཏུ་བཀག་པས་མངའ་རིས་ཁུལ་འདིར་བོན་པོ་ཉམས་རྒུད་ཧ་ཅང་ཆེན་པོ་ཕྱིན། ཡིན་ནའང་ད་དུང་ཞང་ཞུང་སྙན་རྒྱུད་ཀྱི་བོན་སྡེ་ཉམས་སུ་ལེན་མཁན་གྱི་རྣལ་འབྱོར་བ། གུ་གེ་ཤེས་རབ་བློ་ལྡན། པུ་རོང་ཀུན་དགའ་རིང་མོ། རྣལ་འབྱོར་གསས་མཆོག ཁྱུང་བྱེད་མུ་ཐུར། བདེ་བ་རིང་མོ། རྒྱ་སྒོམ་ཡེ་ཤེས་རིན་ཆེན་བཅས་མངའ་རིས་བ་ཤ་དག་ཡིན་ཞིང་དེ་རྣམས་ནི་བོན་གྱི་བླ་མ་གྲགས་ཅན་ཤ་དག་དང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྗེས་སུ་བྱུང་བ་ཡིན། དེ་ནས་ཕྱིས་སུ་ཞང་ཞུང་སྙན་རྒྱུད་ཀྱི་བོན་སྡེ་རྣམས་ཞང་ཞུང་གི་སྨད་གློ་བོ་དང་དོལ་པོའི་རྒྱུད་ལ་ཕར་དར་ཞིང་ས་གནས་དེར་ཞང་ཞུང་སྙན་རྒྱུད་ཀྱི་གྲགས་ཆེ་བའི་བླ་བརྒྱུད་མང་པོ་བྱུང་ཡོད། ཁྱུང་ལུང་དངུལ་མཁར་དང་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་གནས་འདིར་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་དང་བརྒྱུད་འཛིན་བྲུ་ཞུ་སྤ་རྨེའུའི་བརྒྱུད་འཛིན་བཅས་པས་གནས་འདིར་བྱིན་གྱིས་བརླབ་པ་དང་བསྒོམ་སྒྲུབ་མཛད་པའི་ཚུལ་མང་པོ་ཡོད་པར་གསུངས་ཤིང་། དེ་རྣམས་ཀྱི་ནང་ནས་གནས་འདིར་ཡུན་རིང་བཞུགས་མཁན་ནི། དུས་རབས་བཅུ་བཞིའི་གཡས་གཡོན་ནས་བྱོན་པའི་གཤེན་ཚང་བླ་མ་གཡུང་དྲུང་བཀྲ་ཤིས་གནས་འདིར་བཞུགས་ཤིང་འདས་ལོག་བྱོན་པའི་སྐོར་ཡོད། དེ་ནས་དུས་རབས་བཅོ་བརྒྱད་པའི་དུས་འཇུག་ཏུ་སྐུ་འཁྲུངས་པའི་གྲུབ་དབང་བསྟན་འཛིན་རིན་ཆེན་གངས་རི་མཚོ་གསུམ་དང་ཁྱུང་ལུང་དངུལ་མཁར་དང་ཞང་ཞུང་གི་གནས་ཆེན་ཁག་ལ་ཡུན་རིང་བཞུགས་ཤིང་། གནས་ཆེན་ཁག་ལ་རྩོམ་རེ་བྲིས་མཛད་ཅིང་འཇུག་བྱང་ཁ་གསལ་བཀོད་ཡོད་པ་དང་ཕྱིས་སུ་དེ་ལྟར་ཁོང་གི་རང་རྣམ་བཅས་བྲིས་གནང་མཛད་ཡོད་པ་ཡིན། ལྷག་ཏུ་ཁོང་གིས་བརྩམས་གནང་མཛད་པའི་གངས་རིའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག་ནི་ཞང་ཞུང་གི་ལོ་རྒྱུས་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་དེང་རབས་སུ་གྲགས་ཅན་གྱི་བརྩམས་ཆོས་ཤིག་ཡིན། རྒྱུ་མཚན་ནི་མངའ་རིས་ཁུལ་འདིར་གནའ་བོའི་ཞང་ཞུང་སྐབས་ཀྱི་ས་མིང་རྣམས་འཕོ་འགྱུར་ཧ་ཅ་རྒྱ་ཆེན་ཕྱིན་ཡོད་པས། གངས་རིའི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག་ལས་ཞང་ཞུང་གི་སྐབས་ཀྱི་ས་མིང་དང་ཁོང་ཉིད་ཁུལ་འདིར་འབྱོན་བཞིན་པའི་སྐབས་ཀྱི་ས་མིང་ཅི་ལྟར་འབོད་པ་དང་གཉིས་ཀ་སྦྲེལ་ཏེ་མཆན་བཏབ་ཅིང་ཁ་གསལ་བཀོད་ཡོད། ཁོང་ཉིད་ཀྱིས་དེ་ལྟ་བུའི་ཁ་གསལ་བཀོད་གནང་མེད་ན་ད་ལྟ་ཞང་ཞུང་དུས་སྐབས་ཀྱི་ས་མིང་མང་ཆེ་བ་རྣམས་ངོས་འཛིན་བྱེད་པར་ཧ་ཅང་དཀའ་མོར་གྱུར་ཡོད། ད་དུང་དེའི་ནང་དུ་མ་འཁོད་པའི་ས་མིང་མང་དག་ཅིག་ད་ལྟ་ངོས་འཛིན་བྱེད་ཐུབ་ཀྱིན་མེད། དེས་ན་གངས་རི་དཀར་ཆགས་ཚངས་དབྱངས་ཡིད་འཕྲོག་ལས། ཁྱུང་ལུང་དངུལ་མཁར་རྒྱལ་བ་མཉེས་ཡུལ་མཁར་གདོང་ཟེར། ཞེས་ཁ་གསལ་བྲིས་ཡོད་དེའི་གོང་དུ་བོན་གྱི་ལོ་རྒྱུས་ཁག་ལས། ཁྱུང་ལུང་དངུལ་མཁར་དང་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག་ཅེས་སོགས་གནས་རི་ཁག་རྣམས་ལ་ཞང་ཞུང་སྐབས་ཀྱི་མིང་ཅི་བཞིན་བཀོད་བཞག་པ་ལས་ཕྱིས་ཀྱི་མིང་གསར་དུ་བཏགས་པ་དེ་ཚོ་ཁ་གསལ་རྩ་ནས་བྲིས་མེད། དེའི་རྗེས་སུ་གྲུབ་ཐོབ་བཟོད་པ་རྒྱལ་མཚན་གཡུང་དྲུང་རིན་འབར་བའི་སྒྲུབ་ཕུག་ཏུ་ལོ་གསུམ་རིང་མཚམས་བཞུགས་པའི་སྐོར་དང་ཁྱུང་ལུང་དངུལ་མཁར་གྱི་སྐོར་དང་དྲན་པའི་སྐུ་གསུང་ཐུགས་ཀྱི་རྟེན་བཅས་ཀྱི་སྐོར་ཁོང་གི་རྣམ་ཐར་ལ་ཁ་གསལ་བཀོད་ཡོད། དེའི་རྗེས་སུ་སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེ་༡༩༢༤ལོར་མངའ་རིས་སུ་ཕེབས་གྲུབ་པ་དང་། ཐོས་བསམ་སྒོམ་སྒྲུབ་ཡུན་རིང་མཛད་ཅིང་ཁུལ་འདིར་ཞང་ཞུང་དང་བོན་གྱི་ལྟེ་བའི་ས་གནས་ཤིག་ཡིན་པའི་ཆ་ནས་གནས་འདིར་བསྟན་པའི་མེ་རོ་སྐྱར་གསོ་བྱེད་ཐུབ་ན་གང་ས་ཅིའི་ཐད་ན་ཤིན་ཏུ་སྨན་པར་དགོངས་ཏེ། ༡༩༣༦ལོར་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་མདོ་སྔགས་གྲགས་གླིང་འདིར་བསྐྲུན་ཞིང་། སྔ་ཕྱིར་གནའ་བོའི་རིག་གནས་དང་གནའ་རྫས་ལ་སླར་གསོ་དང་མྱུར་སྐྱོབ། ཉར་ཚགས་སོགས་མཛད་ཅིང་ཞང་ཞུང་ངམ་བོན་གྱི་ལོ་རྒྱུས་། སྨན་རྩིས། སྐད་ཡིག་ཚིག་མཛོད་སོགས་བསྟན་ཆོས་པོ་ཏི་བཅུ་གསུམ་ཙམ་བརྩམས་པ་དང་། དེ་བཞིན་སྐུ་གསུང་ཐུགས་རྟེན་རབ་རྒྱས་བསྐྲུན་གནང་མཛད། དེའི་རྗེས་སུ་བརྒྱུན་འཛིན་མཁས་གྲུབ་དགེ་སློང་བསྟན་འཛིན་དབང་གྲགས་མཆོག་གིས་བླ་མ་གོང་མའི་མཛད་པ་ཅི་བཞིན་བསྐྱངས་གནང་བ་ཡིན། མདོར་ན་ཞང་ཞུང་ཁྱུང་ལུང་དངུལ་མཁར་ཞེས་པའི་ས་གནས་འདི་ཞང་ཞུང་གི་ཡུལ་དབུས་དང་བོན་གྱི་བསྟན་པའི་འབྱུང་གནས་ཤིག་ཏུ་རྩི་བས་ས་གནས་རྩ་ཆེན་འདིར་བོན་གྱི་ལོ་རྒྱུས་ཐོག་ཏུ་རྒྱུན་སྐྱོང་རིམ་པར་བྱས་པའི་ཚུལ་ཁ་གསལ་འཁོད་ཡོད་པས་ད་ལྟ་གཞི་ན་ཞང་ཞུང་ཁྱུང་ལུང་དངུལ་མཁར་ས་གནས་གང་དུ་ཡོད་མེད་ཀྱི་སྐོར་འཚོལ་དགོས་པའི་གནད་དོན་ཞིག་རྩ་ནས་ཆགས་མེད་པ་ཡིན་ནོ།།

བཞི་པ། ཁྱུང་ལུང་དངུལ་མཁར་དུ་ལོ་རྒྱུས་ལ་གྲགས་ཆེན་བའི་ཁ་རག་རྡོ་སྐུ་རང་བྱོན་གྱི་ངོ་སྤྲོད།

ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་གྱེར་སྤུངས་དྲན་པ་ནམ་མཁའ་རྡོ་སྐུའམ་ཁ་རག་རྡོ་སྐུ་རང་བྱོན་ཡོད་པ་ནི་བོན་འབངས་ཡོངས་ཀྱི་རྩ་ཆེ་ཤོས་རྩི་བས་ལོ་རྒྱུས་རྣམས་སུ་ཡོངས་གྲགས་སུ་གྱུར་ཡོད། དེ་ནི་རིག་འཛིན་འདུས་པ་ཐབས་ཆེན་མཁའ་ཡི་རྒྱུད་ལས། དེ་ནས་གསུང་གི་བསྟན་པའི་དཀྱིལ། །ཐུགས་ཀྱི་བསྟན་པའི་དབུ་འཛུགས་སུ། །འཛམ་གླིང་དབུས་ཀྱི་ལྟེ་བ་ཡི། །རི་བོ་གངས་ཅན་མདུན་དྲུང་དུ། །བྱམས་སེམས་ནམ་མཁའ་ལྟ་བུ་ཡི། །ལྔ་བརྒྱ་དྲན་པའི་ནམ་མཁའ་འབྱུང། །རྟག་གཟིགས་ཨུ་རྒྱན་རྒྱ་གར་དང་། །ཕྲོམ་བོད་ཞང་ཞུང་ལོ་ཙྭ་བསྒྱུར། །ཞེས་གསུངས་པའི་ཁབ་ཁྱུང་ལུང་དངུལ་མཁར་རུ་ཡབ་ཞང་ཞུང་རྒྱལ་པོ་རྒྱུང་ཡར་མུ་ཁོད་གཞའ་ཚོན་འོད་ཀྱི་བྱ་རུ་ཅན་དང་། ཡུམ་ཕྱྭ་བཙུན་གུང་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་གཤེན་རབ་བསྟན་པའི་ཐུགས་ཀྱི་གཉེར་དཔོན་གྱེར་སྤུངས་དྲན་པ་ནམ་མཁའ་ཞེས་བྱུང་བས། ཁོང་ནི་ཞང་ཞུང་གི་རྒྱལ་སྲས་ཡིན་མོད་རྒྱལ་སྲིད་ཚང་མ་དོར་ཏེ་ཐོས་བསམ་སྒོམ་སྒྲུབ་ཀྱི་དུས་འདའ་བར་མཛད་ཅིང་བོན་གྱི་ལོ་རྒྱུས་ཐོག་ཏུ་མི་སྣ་གྲགས་ཆེ་ཤོས་ཤིག་ཏུ་གྱུར། ཁྱུང་ལུང་དངུལ་མཁར་གྱི་གནས་འདི་རུ་ཁོང་ལ་སྐུ་རྟེན་དང་། གསུང་རྟེན། ཐུགས་རྟེན་བཅས་གསུམ་ཡོད་པའི་ལོ་རྒྱུས་ཡོད་པར་དེའི་ནང་ནས་སྐུ་རྟེན་རྡོ་སྐུ་འདི་ཉིད་ཡིན་ཞིང་དེ་ནི། གཡུང་དྲུང་བོན་གྱི་བསྟན་འབྱུང་ལས། ནང་རྟེན་རྩ་ཆེན་མཁར་གདོང་རྒྱལ་སར། ལོ་རྒྱུས་གྲགས་ཆེ་བ་ཞང་ཞུང་དྲན་པ་ནམ་མཁའི་རྡོ་སྐུ་རང་བྱོན་། ཞེས་གསུངས་པ་དང་། བོད་ཡུལ་ལམ་གྱི་གནས་ཡིག་ལས། ཁྱུང་ལུང་རྔུལ་མཁར་རྒྱལ་བ་མཉེས་པའི་ཚལ་ལམ། ཁྱུང་ཆེན་སྤུངས་པའི་རི་ཞེས་པ་དེ། དེང་སང་མཁར་གདོང་ཟེར་ས་དེ་ཡིན་པ་གྲུབ་དབང་དཀར་ལས་གསལ། ས་དེར་དྲན་པའི་རྡོ་སྐུ་རང་བྱོན་དུ་བཞུགས། ཞེས་གསུངས། སྤྲུལ་སྐུ་བློ་ལྡན་གསུང་འབུམ་ལས། ཁ་རག་དྷོ་སྐུ་རང་བྱོན་དེ། །བོད་ལ་དཔལ་དུ་ཤར་བའི། །ཀུན་བཟང་ཐུགས་རྟེན་མངོན་གྱུར་པ། །དུས་མཐར་འགྲོ་དོན་མཛད་པའི་ཕྱིར། །མ་ངེས་སྤྲུལ་པའི་སྐུ་རུ་བྱོན། །ཁྱད་པར་བླ་ཆེན་དྲན་པ་དང་། །དངོས་སུ་མཇལ་དང་གཉིས་སུ་མེད། །དུས་མཐའ་བར་དུ་འགྲོ་དོན་མཛད། །གང་མཇལ་ངན་སོང་གསུམ་ལ་ཐར། །ཚོགས་ཀྱི་འབྲེལ་པ་གང་ཐོབ་པ། །ཕྱི་མ་ཚོགས་ཀྱི་ལམ་ལ་བསྒྲོད། །ཟུར་བྱང་ལས། ཁ་རག་རྡོ་སྐུ་རང་བྱོན་ལ། །གང་མཇལ་ཡི་དྭགས་བསྐྲེས་སྐོམ་ཞི། །ཞེས་གསུངས་པར་འདིའི་སྐོར་ཁོ་བོས་བྲིས་པའི་་༼ཞང་ཞུང་ཁྱུང་ལུང་དངུལ་མཁར་གྱི་ཁ་རག་རྡོ་སྐུ་རང་བྱོན་གྱི་མཚམས་སྦྱོར་གཤེན་གྱི་ཞལ་ལུང་། http://www.himalayabon.com/e/public/jump/?classid=3&id=115 ཞེས་པ་ལ་གཟིགས། དེང་གི་གནའ་ཤུལ་ཞིབ་འཇུག་ཆེད་མཁས་པས་འགའ་ཞིག་གིས་བཤད་པ་ལྟར་ནས། རྡོ་སྐུ་འདི་ནི་ཀྲུང་གོའི་ལོ་རྒྱུས་ཐོག་གི་ལྷ་སྐུའམ་རྡོ་སྐུ་ཨང་དང་པོ་ཡིན་པའི་ངོས་འཛིན་བྱེད་མཁན་ཡོད། དེ་ནི་རྡོ་སྐུ་ས་འོག་ནས་ཐོན་ཤུལ་དང་བཟོ་རྒྱུན། མཁར་གདོང་གི་གནའ་ཤུལ་གྱི་ཞིབ་འཇུག་གྱི་འབྲས་བུ་ནང་ལྟར་ཐག་བཅད་པ་ཞིག་ཏུ་ཡིན་ངེས། མདོར་ན་རྡོ་སྐུ་འདི་ནི་སྤྱི་ལོའི་དུས་རབས་བདུན་པའི་ཡར་སྔོན་དུ་བཟོས་ཟིན་པ་ནི་སུས་ཀྱང་ཧ་གོ་ནུས་པ་ཡོད། དེ་བཞིན་ཞིབ་འཇུག་པས་སྔ་ཕྱིར་ཞིབ་འཇུག་བྱས་པའི་འབྲས་བུ་སྟེ། སྤྱི་ལོ་༡༩༤༨གྱི་གཡས་གཡོན་ཞིག་ལས་དབྱིན་ཇིའི་གནའ་རྫས་རྟོགས་ཞིབ་པས་མཁར་གདོང(ཁྱུང་ལུང་དངུལ་མཁར)གི་གནའ་ཤུལ་དང་རིག་དངོས་ལ་ཞིབ་དཔྱད་བྱས་འབྲས་སུ་གནའ་ཤུལ་འདི་ལོ་སུམ་སྟོང་ཙམ་འགྲོ་བཞིན་ཡོད་པའི་ཚུལ་དང་རིག་དངོས་དེ་རྣམས་རིག་གསར་བར་དུ་གུར་གྱམ་དགོན་དུ་ཉར་ཚག་བྱས་ཡོད་པའི་ཚུལ་སྐྱབས་རྗེ་དགེ་སློང་རིན་པོ་ཆེ་མཆོག་གིས་ང་ཚོ་ལ་དངོས་གསུངས་མྱོང་། རིག་གསར་སྐབས་སུ་བོར་གཏོར་སོང་བས་ད་ལྟ་དཔྱད་གཞིའི་རིག་དངོས་གཅིག་ཙམ་ལྷག་མེད། གཞན་དུ་ན་སྤྱི་ལོ་༢༠༠༤ལོར་བོད་ལྗོངས་རྟེན་རྫས་བཤམ་མཛོད་ཁང་གིས་གཙོ་འགན་བཞེས་པའི་ཀྲུང་གོ་དང་ཨ་རིའི་དང་གནའ་རྗས་རྟོགས་ཞིབ་པས་མཁར་གདོང་གནའ་ཤུལ་ལ་མཉམ་འབྲེལ་གྱིས་རྔོག་འདོན་ཐིག་ལེན་རིས་འབྲི་བྱས་པ་དང་། ༢༠༡༢ལོ་ནས་བཟུང་ལོ་གསུམ་ལྷག་ཙམ་གྱི་རིང་དུ་ཀྲུང་གོ་པེན་ཅིང་སྤྱི་ཚོགས་ཚན་རིག་གླིང་གི་གནའ་རྫས་རྟོགས་ཞིབ་པ་ཐུང་ཐོའོ་ཡིས་རྔོག་འདོན་སོགས་ཞིབ་འཇུག་བྱས་པ་དང་ཞིབ་འབྲས་ཀྱི་དཔྱད་རྩོམ་དང་གཏམ་མང་པོ་སྤེལ་ཡོད་པ་འདིར་སྐྱར་བཤད་མི་བྱ་ཞིང་ཞིབ་ཕྲའི་གནའ་ཤུལ་དང་གནའ་རྫས་ཀྱི་སྐོར་མང་པོར་བཤད་ནས་འདིར་ཡིག་ཚོགས་མང་དྲག་པས་གནས་སྐབས་སུ་མཚམས་འདིར་འཇོག་རྒྱུ་ཡིན། ཁོ་བོས་ཀྱང་ལོ་ངོ་བཅུ་ལྷག་གི་ཙམ་གྱི་རིང་དུ་མཁར་གདོང་གནའ་ཤུལ་དངོས་ལ་ཉམས་ཞིབ་བྱས་པར། ཆེས་གནའ་བོའི་དུས་ཀྱི་རྒྱལ་མཁར་ཞིག་གི་ངོས་ལ་བཤད་ནས་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་ཏུ་མཐོང་ཐུབ་ངེས་སུ་སྙམ་པ་ཡིན། འོན་ཏང་འདི་ནི་སྤྱི་ལོའི་དུས་རབས་བདུན་པ་ནས་བཟུང་རིམ་བཞིན་ཉམས་རྒུད་དུ་ཕྱིན་ཏེ་ད་ལྟ་མཁར་རོའི་རྨང་གཞི་ཙམ་ལས་ལྷག་མེད་པ་དང་། ལྷག་ཏུ་ས་འོག་གི་གནས་ཚུལ་དང་བཀོད་པ་ག་འདྲ་ཡོད་མེད་ནི་ཤིན་ཏུ་ན་ཤོད་ཐབས་བྲལ། དེ་ལྟར་ས་གནས་འདི་ནི་ང་ཚོ་མཐོ་སྒང་གངས་ཅན་བསིལ་མོའི་ལྗོངས་སུ་གནས་པའི་བོད་མི་རིགས་ཀྱི་ཆེས་གནའ་དུས་སུ་ས་སྐྱེས་རྡོ་སྐྱེས་ཀྱི་ཆབ་དཔལ་རིག་འབྱོར་གྱི་ལྟེ་བའི་འབྱུང་ཁུངས་ཤིག་ཡིན་པའི་ཆ་ནས། ད་ལྟ་ཞིབ་འཇུག་བྱེད་རྒྱུ་ཕར་ཆེ་བ་དེ་ད་དུང་ལྷག་ཡོད་པས་མ་འོངས་པར་ང་ཚོས་རིམ་བཞིན་ཞིབ་འཇུག་བྱེད་པར་བརྩོན་ན་ཞིབ་འཇུག་གི་འབྲས་བུ་ཆེན་པོ་ཐོན་ནུས་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་པ་ཡིན། ང་ཚོ་ལོ་རྒྱུས་ཞིབ་འཇུག་པ་ཞིག་ཡིན་པའི་ཆ་ནས་སྔོན་གྱི་ལོ་རྒྱུས་ཀྱི་དཔེ་ཆ་ཁག་ལ་དཔྱད་བསྡུར་དང་། ད་ལྟའི་ས་གནས་དངོས་ལ་བརྟགས་དཔྱད་དང་ཞིབ་འཇུག ལྷག་ཏུ་ཚན་རྩལ་གྱི་ཞིབ་དཔྱད་ལ་ཡིད་ཆེས་བྱས་ཏེ་དྲང་ལྡན་གྱི་སྒོ་ནས་བཤད་དགོས་པ་ལས། ཆོས་ལུགས་དང་ལོ་རྒྱུས་ཀྱི་ཕྱོགས་ཐེན་དང་ཀུང་སློང་དང་དམིགས་ཡུལ་གཞན་ཞིག་བཟུང་ཞིང་ལོ་རྒྱུས་ལ་སོ་སོའི་ཞེན་གོག་ལྟར་གྱིས་ཁ་ཚོན་བཅད་ནས་ཆེས་མི་ལེགས་སོ། །
ཞང་ཞུང་ཁྱུང་ལུང་དངུལ་མཁར་གུར་གྱམ་དགོན་པའི་བླ་མ་གོང་མའི་རྒྱུན་གྱི་མིང་ཁུར་བ་ཚུལ་ཁྲིམས་ཕུན་ཚོགས་ཀྱིས་གནའ་མཁར་ཁྱུང་ལུང་དངུལ་མཁར་གྱི་འགྲམ་གུར་གྱམ་དགོན་ཐུགས་བསྟན་གཟི་འབར་མདོ་སྔགས་གྲགས་རྒྱས་གླིང་དུ། ༢༠༡༨ ༡༠ ༡༩ཉིན། ཐ་ཚན་མུ་ཙུག་སྨར་རོ། །

དཔྱད་གཞིའི་ཡིག་ཆ། 


འདིར་ཁུངས་གཏུག་ས་གཙོ་བོ་ནི་དེང་སྐབས་བོད་རིག་པའི་ཁྲོད་དུ་བོན་དཔེའི་གྲགས་ཆེ་བ་གསུམ་སྟེ།
༡ དེའང་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་དང་འབྲེལ་བའི་གཙུག་ལག་རྩིས་ཀྱི་སྐོར(དཔལ་ཀུན་འབུམ་གོ་འབྱེད།)ཞེས་པ་འདི་ནི་བཀའ་མ་ཡིན་པ་དང་བོན་དར་བསྣུབས་ཀྱི་སྐབས་སུ་གཏེར་དུ་མ་སོང་བའི་དཔེ་ཆ་རྩ་ཆེན་དུས་རབས་བཅུ་པའི་སྐབས་སུ་བྱོན་པའི་རྗེ་བཙུན་ཁྲོ་ཚང་འབྲུག་ལྷའི་ཕྱག་ཏུ་སོན་བའི་བོན་སྡེ་ཞིག་ཡིན།
༢ སྟོན་པ་གཤེན་རབ་ཀྱི་རྣམ་ཐར་བསྡུས་པ(མདོ་འདུས་པ་རིན་པོ་ཆེའི་རྒྱུད་ཐམས་ཅད་མཁྱེན་པའི་བཀའ་ཚད་མ་བཞུགས་སོ།)ཞེས་པ་འདི་བཀའ་མའི་གྲལ་དུ་ཡིན་ཞིང་འཇུག་བྱང་དུ་གཡུང་དྲུང་ལྷ་ཡི་སྐད། སྙ་ལི་ཤུ་སྟག་རིང་གིས་བོད་སྐད་དུ་བསྒྱུར་བའོ། ཞེས་འཁོད་པ་དང་སྤྱི་ལོའི་དུས་རབས་བཅུ་པའི་དུས་འགོར་ལྷོ་བལ་གྱི་ཨ་ཙ་ར་མི་གཉིས་སམ་གསུམ་གྱིས་བསམ་ཡས་ལྷ་ཁང་ནས་རྐུས་ཏེ་བོན་པོའི་མི་ལ་བཙོངས་བའི་བོན་སྡེ་ཞིག་ཡིན།
༣ སྲིད་པའི་མཛོད་ཕུགས་ཀྱི་འགྲེལ་བ(བདེན་པ་བོན་གྱི་མཛོད་སྒོ་སྒྲ་འགྲེལ་འཕྲུལ་གྱི་ལྡེ་མིག)ཅེས་བོན་གྱི་བསྟན་རྩིས་ཁག་གི་ནང་ལྟར་ན་སྤྱི་ལོའི་ཡར་སྔོན་གྱི་དུས་རབས་དགུ་པའི་སྐབས་སུ་བྱོན་པའི་ཞང་ཞུང་ཁྱུང་ལུང་དངུལ་མཁར་དུ་སྐུ་བལྟམས་པའི་གྱེར་སྤུངས་དྲན་པ་ནམ་མཁའ་སྐུ་སྣ་ཆུང་དུས་སུ་མཛད་པར་གྲགས་ཤིང་དུས་རབས་བཅུ་གཅིག་ནང་དུ་སྐུ་འཁྲུངས་པའི་བླ་མ་རྨ་སྟོན་གྱི་གཏེར་མ་ཡིན།
གཞན་དུ་ན་ཁྱུང་ལུང་དངུལ་མཁར་གྱི་སྐོར་ནི་བོན་གྱི་ལོ་རྒྱུས་ཁག་ནས་ཧ་ཀྱང་མང་བར་འཁོད་ཡོད་པ་མ་ཟད། ཏུན་ཧོང་ཡིག་རྙིང་། བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ཁག་གི་ནང་དུ་འདིའི་སྐོར་མང་པོར་འཁོད་པ་མང་བས་རེ་རེ་བཞིན་ཏུ་ལུང་འདྲེན་བྱས་པ་དང་གསལ་བཤད་བྲིས་མེད་འདི་ནི་མཚམས་སྦྱོར་ཙམ་བྲིས་པ་ཡིན་ནོ།།