དྲི་བ། ལྷན་རྒྱས་ཚང་མ་ལ་རེ་ཞུ། མདོ་སྔགས་སེམས་གསུམ་ལས་འཁོར་བ་ལ་ཐོག་མཐའ་མེད་པའི་ལུང་ཚིག་གང་མང་མཁོ་སྤྲོད་གནང་རོགས། དེ་ཡང་གཙོ་བོ་སྔགས་རྫོགས་སྐོར་ནས་ཡིན།
དྲི་བ་འདོན་མཁན། ཨར་ལྟ་བླ་མ། ལན་གནང་མཁན། དགེ་བཤེས་བློ་གྲོས་རབ་གསལ། 

ལན། ༡༽ གསང་དོན་རྣམ་འབྱེད་ལས། མ་རིག་པ་ལ་ཐོག་མེད་ཕྱིར། འཁོར་བ་ཐོག་མ་མེད་བཞེད། གཞི་ལ་སྐྱེ་ཤིང་འགག་པའི་ཕྱིར། འཁོར་བའི་ཐོག་མ་ཡོད་པ་གསུངས།

༢༽ དཔལ་གྱི་ཁམས་འགྲེལ་་སོ་སོ་གསལ་བའི་ཁམས་ལས། འཁོར་བ་ཐོག་མ་མེད་པ་ནས་དགེ་སྡིག་རྒྱུ་འབྲས་ཅི་བྱས་པ་ཐམས་ཅད། མེ་ལོང་གི་གཡའ་ཕྱིས་པ་བཞིན་དུ་གསལ།སྐྱི་འཇིགས་གཡང་ཟ་ངོ་ཚའི་ཤས་དང་ལྡན། ཞེས་གསལ།

༣༽ ཕ་རྒྱུད་རིག་པ་ཁུ་བྱུག་ལས། འཁོར་བ་ཐོག་མ་མེད་པ་ན། མ་རིག་ཉིང་མཚམས་རྐྱེན་གྱིས་སྦྱར། རིག་པའི་ཡེ་ཤེས་དོན་མ་རྟོགས།རོལ་པ་འགག་མེད་ངོ་མ་ཤེས། མེད་ལ་ཡོད་བཟུང་རྟག་པ་གོལ།ཡོད་ལ་མེད་བཟུང་ཆད་པ་གོལ། རྟག་ཆད་བཟུང་འཛིན་མཐའ་རུ་གོལ། མུ་བཞི་མཐའ་བཅད་སྒྲོགས་སུ་ཚུད། ཞེས་དང་།

༤༽ བཀའ་འགྱུར་པོད༤༢ལས། འཁོར་བ་ཐོག་མ་མེད་པ་ནས། རྒྱུ་གཉིས་འཛིན་གྱི་ཤས་ཆེ་ཞིང་། རྐྱེན་སྡུག་བསྔལ་གྱི་སྡིག་སྒྲིབ་མཐོལ་ལོ་བཤགས། ཞེས་གསལ།

༥༽ བཀའ་འགྱུར་པོད༢༦ལས། འཁོར་བ་ཐོག་མ་མེད་པའི་དུས་སུ། ད་ལྟ་སྡུག་བསྔལ་ལུས་བླངས་ཡན་ཆད་དུ། དགེ་སྡིག་གཉིས་ཀྱི་བག་ཆགས་མང་པོ་བསགས། ཀུན་གཞི་ཀུན་གྱི་གཞི་ལ་བག་ཆགས་ས་བོན་བསྒོས།ཞེས་དང་།

༦༽ བཀའ་འགྱུར་པོད་༢༤། པང་ཀོང་ལས། འཁོར་བ་ཐོག་མ་མེད་ནས་དུས་འདིའི་བར། མ་རིག་མ་རྟོགས་ལོག་པར་རྟོག་པ་ཡིས། ཁམས་གསུམ་ཁ་འཁོར་རྒྱུ་དྲུག་ལུས་བླངས་ཤིང་།སྐྱེ་རྒ་ན་མཆི་ཆུ་བོ་བཞི་ལ་བརྒྱུད།ཅེས་དང་།

༧༽ བཀའ་འགྱུར་པོད༢༤ལས། འཁོར་བ་ཐོག་མ་མེད་པ་ནས། མ་རིག་ཉིང་མཚམས་སྦྱར་ནས་སུ། མིང་དང་གཟུགས་ལ་བརྟེན་པ་ཡིས། མ་རིག་འཁྲུལ་པའི་རྩ་བ་ལས། ཉོན་མོངས་དུག་ལྔའི་ལོ་མ་ཅན། ཞེས་དང་།

༨༽ བཀའ་འགྱུར་པོད༢༣ལས།འོ་སྐོལ་འཁོར་བ་ཐོག་མ་མེད་པ་ནས། སྔོན་ནས་མ་རིག་འཁྲུལ་པའི་ལས་དབང་གིས། རང་རིག་ཡེ་ཤེས་བདག་མེད་དོན་མ་རྟོགས། བདག་དབང་མ་ཐོབ་གཞན་དབང་རྐྱེན་གྱིས་བསླད།ཅེས་གསལ།

༩༽ བཀའ་འགྱུར་པོད༢༣ལས། འཁོར་བ་ཐོག་མ་མེད་པ་ནས། མ་རིག་མུན་པའི་ནང་ན་གནས། མ་རིག་འཁྲུལ་པའི་ལས་དབང་གིས། རང་རིག་ཡེ་ཤེས་དོན་ལ་བསྒྲིབས།གཡུང་དྲུང་རྒྱང་བསྲིང་འཁོར་བར་འཁྱམས། ཞེས་གསལ།