བཀའ་དྲི་གནང་མཁན། ཁྱུང་གསེར་ཞུན། བཀའ་ལན་གནང་མཁན། དབྲ་ཚ་ཚང་དང་ཞང་ཚུལ་མི།

བཀའ་འདྲི་ཞུ་རྒྱུར།  བོན་གྱི་འདུལ་བ་སྟོད་ལུགས་བོད་དུ་དར་ཚུལ་བཤད་སྐབས་རྒྱལ་པོ་ཁྲི་རྩེ་འབུམ་གྱི་དུས་སུ་ཡིན་པར་གསལ་བ་ལྟར། ཁྲི་རྩེ་འབུམ་ཟེར་བའི་རྒྱལ་པོ་ཞིག་བོད་ཀྱི་རྒྱལ་རབས་སམ་གཞན་རྒྱལ་པོ་དེ་འདྲ་ཞིག་ཡོད་པར་གསལ་བའི་ཡིག་ཆ་གང་འདྲ་ཡོད་དམ།  དེའི་སྐོར་མཁྱེན་མཁན་ཡོད་ན་ངོ་སྤྲོད་ཅིག་གནང་རོགས་ཞུ།

ཁྱུང་གསེར་ཞུན། 

ལན། ཏུན་ཧོང་ཡིག་ཆའི་ནང་དུ་སྲོང་བཙན་སྒམ་པོ་ལ་ཁྲི་བཙད་པོ་ཟེར་ཡོད། ཁྲི་རྩེ་འབུམ་དང་ཁྲི་བཙད་པོ་ནི་སྒྲ་ཧ་ཅང་ཐག་ཉེ་བོར་གྱུར། སྲོང་བཙན་སྒམ་པོ་འདུལ་བ་སྟོད་ལུགས་བོད་དུ་དར་བའི་དུས་རིམ་དང་བསྡུར་ན་མི་འཐད་པ་མེད་སྙམ། དེ་ཕྱིར་སྒ་སྟོན་གཏེར་གྱི་ཁ་བྱང་ནས་གསལ་བའི་ཁྲི་རྩེ་འབུམ་ཟེར་བ་དེ་སྲོང་བཙན་ཡིན་ན་སྙམ་པ་རེ་བྱུང་མྱོང་ཡོད།

_____ཞང་ཚུལ་མི་ནས།

ལན། འདུལ་བ་སྟོད་ལུགས་ཅེས་པ་དེ་ནི། བོད་རྒྱལ་ཁྲི་སྲོང་གི་རྗེས་སུ་བོན་གྱི་འདུལ་བསྟན་གཙང་ལ་སྟོད་དུ་དར་བ་ནས་བཟུང་བྱུང་བ་ཡིན་པར་སྒ་སྟོན་གྱིས་གསལ་པོར་གསུངས་ཡོད། དེས་ན་འདུལ་བ་སྟོད་ལུགས་ཀྱི་སྐབས་སུ་གསལ་བའི་ཁྲི་རྩེ་འབུམ་ཟེར་བ་དེ་ཉིད། སྲོང་བཙན་སྒམ་པོ་མ་ཡིན་པར་ཧ་ཅང་གསལ་པོ་རེད། ཁྲི་རྩེ་འབུམ་ཟེར་བའི་བོད་ཀྱི་རྒྱལ་པོ་ཞིག་ཡོད་པར་ད་ཕན་མ་མཐོང་ཡང་། སྟོད་ལུགས་ཅེས་པ་དེ་ཉིད་ཁྲི་སྲོང་གི་རྗེས་སུ་བྱུང་བར་གསལ་བ་ཡིན་པས། གོང་གི་ཁྲི་ཙེ་འབུམ་ཟེར་བ་དེ་དང་། འོ་སྲུང་ནས་བོད་ཀྱི་རྒྱལ་རྒྱུད་མངས་རིས་སུ་བྱུང་སྐབས། ཁྲི་ཙེ་ལྡེ་ཟེར་བ་ཞིག་གསལ་བ་དེ་དང་། བྲུ་ཤའི་ཡུལ་ནས་རྒྱལ་བ་བྲུ་ཡི་གདུང་རྒྱུད་བོད་ཡུལ་དུ་གདན་འདྲེན་མཁན་རྒྱལ་པོ་ཙེ་སྡེ་ཞེས་པ་རྣམས་གང་ཟག་གཅིག་རང་མིན་ནམ་སྙམ། དེ་ཙམ་ལས་རྒྱུ་མཚན་གཞན་ད་ཕན་མ་མཐོང་།

_____དབྲ་ཚ་ཚང་ནས།

ལན། རྒྱལ་པོ་ཁྲི་རྩེ་འབུམ་ནི་ཁྲི་སྲོང་རྗེས་མ་ཡིན་པར་དེའི་སྔོན་དུ་ཡིན་སྐོར་ཁ་སྟོན་བསྟན་པའི་ཤན་འབྱེད་དུ་ཁ་གསལ་ཡོད། ལར་སྟོད་ལུགས་རྒྱུད་རིམ་སྐོར་ལ་རྗེ་རིན་པོ་ཆེས་མེ་སྟོན་གྱི་མཛད་པ་ཞིག་ཡོད་ཚུལ་བཞེད་ཡོད་ཀྱང་དེང་སྐབས་མཇལ་ཡུལ་དུ་མ་གྱུར། ད་སྐབས་སྟོད་ལུགས་སྐོར་གྱི་གནས་ཚུལ་ཉུང་ངུ་གོང་གསལ་སྒ་སྟོན་དཔེ་ཆ་འདི་ལས་སྔ་བ་ཞིག་མེད་པར་མངོན། རྗེས་སོར་མཁས་གྲུབ་ལུང་རྟོགས་རྒྱ་མཚོས་སྟོད་ལུགས་རྒྱུད་རིམ་སྒ་སྟོན་གྱིས་མཛད་པ་འདྲ་བཤུས་ལྟ་བུར་བཀོད་ཡོད་རུང་གནས་ཚུལ་དེ་ལས་དམིགས་བསལ་ཁ་གསལ་མ་བྱུང་། བསྟན་པའི་ཤན་འབྱེད་དུ་རྒྱལ་པོ་ཁྲི་ཙེ་འབུམ་གྱི་སྐུ་རིང་དྭང་ར་ཁྲི་ཞེས་པ་སྟག་གཟིག་གི་ཡུལ་ནས་བོད་དུ་ཕེབས་ཏེ། འདུལ་སྡེ་གཙོས་བོར་གྱུར་པའི་བོན་བསྟན་ཤུགས་ཆེར་དར་བར་མཛད་པ་དང་གཤེན་པོ་ལྔ་བརྒྱ་ཙམ་འཕེལ་སྐོར་འཁོད་ཡོད། དེ་ཉིད་ཁྲི་སྲོང་དུས་སུ་ནུབ་སྐོར་གསལ་བས་ཁྲི་སྲོང་རྗེས་སུ་ཡོང་ཐབས་རྩ་བ་ནས་མེད། སྒ་སྟོན་གྱི་དགོངས་པ་ལྟར་ན་ཡ་ཕམ་གཉིས་ནང་འཁྲུགས་བྱུང་རྗེས་སླར་ཡང་སྟོད་ལུགས་ཞེས་པའི་འདུལ་བསྟན་དེ་བོད་དུ་དར་ཞིང་དེ་ཉིད་ཁྲི་སྲོང་གི་དུས་སུ་ནུབ་པར་འདོད་ཀྱི་ཡོད་པར་མངོན། མ་ཟད་ཀུན་མཁྱེན་ཤར་རྫ་པས་ཁྲི་སྲོང་སྐབས་བོན་གྱི་གྲྭ་པ་ལྔ་བརྒྱ་དུས་གཅིག་བན་དེར་བསྒྱུར་སྐོར་གསལ་བའི་གནས་ཚུལ་དེ་ཡང་སྟོད་ལུགས་འདུལ་བ་དང་འབྲེལ་བ་ཡོད་མེད་དཔྱད་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར།  

སྐྱིད་ལྡེ་ཉི་མ་མགོན་གྱི་སྲས་རྒྱུད་ཁྲི་ཙེ་ལྡེ་ཟེར་བ་དང་བྲུ་རྒྱུད་པ་ཀི་སི་ཐན་ནས་མངའ་རིས་སུ་མཆེད་སྐབས་མངའ་རིས་ཙེ་སྡེ་རྒྱལ་པོ་ཟེར་བ་གཉིས་ནི་དུས་རིམ་རྦད་དེ་ཁ་ཁ་རེད། མངའ་རིས་ཙེ་སྡེ་རྒྱལ་པོ་ནི་ཐོག་མར་བྲུ་རྒྱུད་ཞང་ཞུང་དུ་དར་སྐབས་ཡིན་པས་སྤྱི་ལོའི་གོང་གི་མི་སྣ་ཞིག་ཡིན། མངའ་རིས་ཙེ་སྡེ་རྒྱལ་པོའི་མི་རྒྱུད་ཕྱི་མ་བྲུ་ཤའི་རྒྱུད་པ་བོད་དུ་གྲི་གུམ་སྐབས་སུ་བྱུང་བས་ཤེས་ནུས། མགོན་གསུམ་སྲས་རྒྱུས་ཁྲི་ཙེ་ལྡེ་ནི་དུས་རབས་བཅུ་པའི་སྨད་ཙམ་དུ་ཡིན། འདི་དག་དུས་རིམ་མི་འདྲ་བར་བྱུང་བ་ཞིག་ཡིན་འདུག 

_____ཞང་ཚུལ་མི་ནས།

ལན། ཁྱེད་ཀྱིས་གོང་དུ་སྒ་སྟོན་ཤན་འབྱེད་ལ་ཁུངས་བཅོལ་ཏེ་འདུལ་བ་སྟོད་ལུགས་ཞེས་པ་དེ་ཁྲི་སྲོང་གི་གོང་དུ་སྟག་གཟིག་ནས་བོད་དུ་དར་བ་དང་དེ་ཕྱིས་ཁྲི་སྲོང་གི་སྐབས་ནུབ་པར་བསྡོམས་ཚིག་བརྒྱབ་པ་དེ་ནི་སྔ་དྲགས་པ་དང་གོལ་སོང་བའི་བསྡོམས་ཚིག་ཅིག་ཏུ་འཁུམ། སྒ་སྟོན་གྱི་ཤན་འབྱེད་ལ་ལེགས་པར་གཞིགས་ན་དེ་འདྲ་ལར་ནས་མ་གསུངས་ཏེ། སྒ་སྟོན་ཤན་འབྱེད་ལས་སྟག་གཟིག་ནས་འདུལ་བ་སྟོད་ལུགས་བྱུང་བར་གསལ་བ་དེ་ནི། ཁྲི་སྲོང་གི་གོང་དུ་བྱུང་བར་བཤད་པ་མ་ཡིན་པར་གསལ་ཏེ། དེ་ཉིད་ལས། ཉི་ཟླ་འཆར་ནུབ་རེ་མོར་འབྱུང་བ་བཞིན། ཁྲི་སྲོང་ལྡེ་བཙན་སྐུ་རིང་བོན་ནུབ་ལ། ཡར་ལུང་འཕན་ཐང་གཡུང་དྲུང་ཁྲི་སྐོས་ལས། བཀའ་བ་རྣམ་ཁྲི་རྒྱལ་ཁྲི་བཙན་དཔལ་དང་། མཐའ་བཞིའི་བོན་པོ་ཨུ་ཡང་གསུམ་པོ་ནི། འཕན་ཡུལ་བོན་སྡེ་རྟ་དྲེའུ་དྲུག་གི་ཁལ། སྟག་ཟིག་ཡུལ་བྲོས་ལ་བསྒྲག་མི་ལྔས་འབྲེང་། དགུང་ལོ་སོ་བརྒྱད་བཀའ་སྤྱད་མི་གསུམ་ཕྱི་མར་འཁོར། འཚེ་བོན་དོན་གྲུབ་རྣོ་བོན་སྣང་ལྡན་དང་། སྔགས་བོན་མངའ་བསྙེམས་དག་དང་གསུམ་པོ་ནི། མ་བསྒྲག་ཡུལ་ནས་འདུལ་བའི་བཀའ་བཟུང་བས། ལ་སྟོད་འདུལ་བའི་གནས་སྡེ་སུམ་ཅུར་གྱེས། ཞེས་གསུངས་པའི་ལུང་ཚིག་འདི་ཡིས་སྟག་ཟིག་ཡུལ་ནས་འདུལ་བ་སྟོད་ལུགས་བྱུང་ཞེས་པ་དེ། ཁྲི་སྲོང་གིས་བོན་ནུབ་སྐབས་བོན་པོ་གསུམ་གྱིས་འདུལ་བའི་བོན་སྡེ་རྟ་དང་དྲེའུ་ལ་བཀལ་ནས་སྟག་གཟིག་ཡུལ་དུ་བྲོས་པ་དང་། དེ་དག་ལོ་སུམ་ཅུ་སོ་བརྒྱད་རྗེས་སུ་ཕྱིར་ལོག་སྟེ་ལ་སྟོད་དུ་འདུལ་བསྟན་སྤེལ་བ་དང་། འདུལ་བའི་སྡེ་ཡང་སུམ་ཅུར་གྱེས་པར་གསལ་འདུག་མོད། འདུལ་བསྟན་དེ་ཉིད་ལ་སྟོད་དུ་དར་བའི་སྐབས་སུ་ས་མིང་བོན་ལ་བཏགས་ཏེ་སྟོད་ལུགས་ཅེས་ཟེར་བ་ཡིན།  ཁྱེད་ཀྱིས་ལེགས་པར་གཟིགས་དང་སྟོད་ལུགས་སྟག་གཟིག་ཡུལ་ནས་དར་ཚུལ་དེ་ལྟར་ཡིན་པ་ལས། ཁྲི་སྲོང་གི་གོང་དུ་ཡིན་པའི་གསལ་ཁ་ཅི་ཡང་མེད།  སྟོད་ལུགས་ཀྱི་སྐོར་ད་སྐབས་མཇལ་ཡུལ་ཡོད་པའི་དཔེ་ཆ་རྙིང་ཤོས་དེ་སྒ་སྟོན་གྱི་ཤན་འབྱེད་དེ་མ་ཡིན་ཏེ། དེའི་ཁུངས་སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། བར་དེར་འཚོ་བོན་དོན་གྲུབ་དང་། རྣོ་བོན་ཁྱེའུ་ཚེ་སྣང་ལྡན་དང་། གཤེན་ལྷ་གཉེན་གསུམ་གྱིས་གཤེན་གྱི་འདུལ་བ་མཛད་ཁྲིམས་ལ་སོགས་པ། ཤོག་དྲིལ་བམ་པོ་གསུམ་ཁྱེར་ནས། སྟག་ཟིག་ཡུལ་ནས་ཁྱེར་ནས་གཏེར་དུ་མ་ཚུད། ཞེས་གསུངས་པའི་ལུང་འདི་ཡིན་པར་གསལ་པོར་མཐོང་ཐུབ།  ཁྲི་སྲོང་གི་གོང་དུ་འདུལ་བ་སྟོད་ལུགས་ཞེས་པ་ཞིག་གལ་སྲིད་དར་ཡོད་ན། དེ་ནི་བོན་རྒྱལ་བཞིའི་སྐབས་བོད་དབུས་སུ་དར་ཞིང་ཁྲི་སྲོང་གི་སྐབས་སུ་ནུབ་པའི་འདུལ་བསྟན་དེ་ལས་གཞན་འགྲོ་ས་མེད། དེ་ནི་ཁྱེད་ཀྱིས་གསུངས་པ་ལྟར་དེ་སྔོན་བོད་ན་མེད་པ་ཞིག་གསར་དུ་སྟག་གཟིག་ཡུལ་ནས་དར་ཡོང་བ་ཞིག་མ་ཡིན་པར་སེམས་ཏེ། ལེགས་བཤད་མཛོད་ལས། གྲི་གུམ་གྱི་རིང་རྒྱུ་བོན་འགའ་ཞིག་ལས་རྒྱུ་འབྲས་ཀྱི་བོན་ཡོ་ནུབ་ཀྱང་། འདུལ་བའི་རྒྱུད་འཛིན་པའི་བླ་མ་ཚེའི་གྲུབ་པ་བརྙེས་པ་དག་ཡུལ་མཐའ་དབུས་གང་རུང་ལ་བཞུགས་པ་རྣམས་ཀྱིས་འདུལ་བའི་རྒྱུད་འཛིན་ནས་ཡོད་པ་དེ་དག་ཁྲི་སྲོང་གི་སྐབས་སུ་ནུབ་པར་མངོན་ནོ། །ཞེས་གསུངས་པ་ལ་བརྟག་ན་བོན་རྒྱལ་བཞིའི་སྐབས་སུ་དར་བའི་འདུལ་བསྟན་དེ་ཉིད་སྔར་གྲི་གུམ་གྱིས་བོན་གཤེན་མང་པོ་མཐའ་རུ་སྤྱུགས་པ་དག་གི་ནང་ཡོད་པའི་དྲང་སྲོང་པ་དག་གིས་འདུལ་བའི་རྒྱུད་འཛིན་ནས་གནས་པ་དེ་ཕྱིས་སུ་བོན་རྒྱལ་བཞིའི་སྐབས་སུ་བོད་དབུས་སུ་དར་བ་དང་། དེ་ཉིད་ཕྱིས་ཁྲི་སྲོང་གི་སྐབས་སུ་ནུབ་པ་ཡིན་པར་གསལ་པོར་གསུངས་འདུག་མོད། དེས་ན་བོན་རྒྱལ་བཞིའི་སྐབས་སུ་སྟག་ཟིག་ཡུལ་ནས་འདུལ་བ་སྟོད་ལུགས་ཟེར་བ་ཞིག་དར་མེད་པ་ང་ཚོས་ཐག་གཅོད་པ་ཆོག་པ་ཞིག་ཅི་ལ་མིན། 

གཉིས་པ་ཁྱེད་ཀྱིས་བྲུ་ཤའི་རྒྱུད་པ་བོད་དུ་གདན་འདྲེན་མངའ་རིས་ཙེ་སྡེ་རྒྱལ་པོ་དང་། མགོན་གསུམ་གྱི་སྲས་རྒྱུད་ཁྲི་ཙེ་ལྡེ་གཉིས་གང་ཟག་གཅིག་མ་ཡིན་པའི་སྒྲུབ་བྱེད་གཙོ་བོ་དེ། དེ་གཉིས་དུས་རིམ་མི་མཐུན་པ་དང་དེ་ཡང་བྲུ་ཤའི་རྒྱུད་པ་བོད་དུ་གྲི་གུམ་གྱི་སྐབས་སུ་བྱུང་བའི་རྒྱུ་མཚན་གྱིས་བཤད་འདུག་མོད། དེ་ལྟར་ཡིན་པའི་སྐོར་བོན་དཔེ་འདྲ་མཇལ་མྱོང་ཡོད་ན་འདིར་སྐུར་གནོངས་རོགས། དེ་མིན་རིག་པས་དཔྱད་ན་ཤིན་ཏུ་དཀའ་སྟེ་བྲུ་ཤའི་རྒྱུད་པ་བོད་དུ་དར་ནས་བོན་དཔེ་འགའ་ཞིག་ལས་མི་རབས་གསུམ་པ་དེ་བྲུ་ཆེན་ནམ་མཁའ་གཡུང་དྲུང་ཡིན་པར་གསལ་བ་དང་། འགའ་ཞིག་ལས་མི་རབས་བཞི་པ་དེ་ཡིན་པར་གསལ་ཡོད། བྲུ་ཆེན་ནམ་མཁའ་གཡུང་དྲུང་ནི་དུས་རབས་བཅུ་པའི་སྨད་དུ་འཁྲུངས་པ་ཞིག་རེད། ཁོང་ནས་ཡར་རྩིས་པའི་མི་རབས་གསུམ་པའམ་བཞི་པའི་སྐབས་དེ་སྤྱི་ལོའི་དུས་རབས་སྔོན་གཏན་ནས་ཡོང་རྒྱུ་མེད་པ་ཞིག་རེད། དེས་ན་ཁྱེད་ཀྱིས་བྲུ་ཤའི་རྒྱུད་པ་གྲི་གུམ་གྱི་སྐབས་སུ་བོད་ལ་བྱུང་ཡོད་པའི་གསལ་བཤད་དང་སྒྲུབ་བྱེད་ཅིག་ཅིས་ཀྱང་དགོས་ངེས་སུ་གྱུར།

_____དབྲ་ཚ་ཚང་ནས།

ལན། ད་ལན་དྲ་གྲོགས་འགའ་དང་ལྷན་དུ་བོན་ཕྱོགས་ཀྱི་འདུལ་བ་སྟོད་ལུགས་དང་འབྲེལ་བའི་རྒྱལ་པོ་ཁྲི་རྩེ་འབུམ་གྱི་སྐོར་གླེང་མོལ་ཅུང་ཙམ་བྱས་པར་དོན་དུ་འགལ་བ་མེད་ཀྱང་། སླར་ཡང་དགོས་དབང་གིས་གསལ་བཤད་ཚུལ་དུ་ཚིག་རེ་ཟུང་ཞུས་དགོས་བྱུང་སྟབས། གྲོགས་མཆོག་དབྲ་ཚ་ཚང་ལ་གུས་ཞབས་ལྡན་པའི་ཐོག་ནས་ལོ་རྒྱུས་གསོན་པོའི་ངོ་གདོང་དང་བཅར་ཁུལ་གྱིས་ཞུ་བར་སྤྲོ། 

དང་པོ་འདུལ་བ་སྟོད་ལུགས་དང་འབྲེལ་ཡོད་རྒྱལ་པོ་ཁྲི་རྩེ་འབུམ་ཞེས་པ་དེ་ཁྲི་སྲོང་གོང་དུ་ཡིན་མིན་གྱི་གནད་དོན་རེད། འདིའི་སྐོར་གྱི་གནས་ཚུལ་ཁ་གསལ་ཅན་ནི་སྒ་སྟོན་བསྟན་པའི་ཤན་འབྱེད་ལྷག་ཙམ་ཞིག་མེད། གཞུང་འདི་ཉིད་ཀྱི་གོ་རིམ་བཤད་སྟངས་ལ་བལྟས་ན་ཁྲི་ཙེ་འབུམ་དེ་ཁྲི་སྲོང་སྔོན་དུ་ཡིན་པ་དང་། ཁྲི་ཙེ་འབུམ་དང་ཁྲི་སྲོང་བར་དུ་བོན་གྱི་འདུལ་བསྟན་དར་ཞིང་སླར་ཡང་ཁྲི་སྲོང་སྐབས་ནུབ་སྐོར་ཉིན་མོའི་སྣང་བ་ལྟར་དུ་གསལ་པོ་བྱུང་རུང་། ལུང་འདྲེན་བཅད་གཏུབ་དང་འགྲེལ་བཤད་རྒྱག་ཕྱོགས་དབང་གིས་གོ་དཀའ་བར་བཟོས་སྟབས་འདིར་རྒྱ་ཆེའི་གཟིགས་མོ་བ་ཡོངས་ལ་ངོ་སྤྲོད་ཚུལ་དུ་ཚན་བཤུས་བྱས་ཏེ་ཕུལ་ན་མ་གཏོགས་གཞན་བྱ་ཐབས་དཀོན། སྒ་སྟོན་བསྟན་པའི་ཤན་འབྱེད་རྒྱལ་ཤོད་བླ་ཆུང་གཡུང་དྲུང་འཇིགས་མེད་ཀྱིས་ ༢༠༠༩ ལོར་བལ་ཡུལ་ནས་དཔར་དུ་བསྐྲུན་པ་ཤོག་ངོས་ ༣༨ ལས། ”སྟོད་ལུགས་བཙད་པོ་ཁྲི་ཙེ་འབུམ་གྱི་རིང་། དང་ར་ཁྲི་སྙ་སྟག་གཟིགས་ཡུལ་ནས་བསྙེམས། རྗེ་ཡི་ཐུགས་ཉིད་འབངས་ཀྱི་གཡར་གདམ་མཛད། གསས་མཁར་སུམ་བརྒྱ་དྲུག་ཅུ་བཞེངས་སུ་གསོལ། བོན་གྱི་བསྟན་པ་ཤིན་ཏུ་དར་ན་ཡང་།། སྣོད་ལྡན་འགའ་ལ་ཐུན་མོང་མ་སྤྱད་པས། ཡར་ལུང་འཕན་ཐང་རྩེ་ཡི་གསས་ཁང་ལ།། གཤེན་པོ་ལྔ་བརྒྱ་སོ་ལྔ་གྲུབ་པ་ཐོབ། ཉི་ཟླའི་འཆར་ནུབ་རེ་མོས་འབྱུང་བ་བཞིན། ཁྲི་སྲོང་ལྡེ་བཙན་སྐུ་རིང་བོན་ནུབ་ལ།” ཞེས་པའི་གཞུང་ལ་བལྟས་ན་ཁྲི་ཙེ་འབུམ་དང་ཁྲི་སྲོང་ལྡེ་བཙན་གཉིས་དུས་རིམ་སྔ་ཕྱི་གང་འདྲ་ཡིན་མིན་མཁས་བླུན་སུས་ཀྱང་གཞལ་ནུས་པ་ཡིན། གལ་ཏེ་ཁྲི་ཙེ་འབུམ་ཞེས་པ་དེ་སྐྱི་ལྡེ་ཉི་མ་མགོན་གྱི་སྲས་རྒྱུད་དུ་འདོད་དགོས་ན་སྒ་སྟོན་གྱི་བསྟན་འབྱུང་ནས་གསལ་བ་འདི་ནི་བཤད་པའི་གོ་རིམ་ཡོངས་སུ་ནོར་བར་འགྱུར་ཏེ། ”བོན་གྱི་བསྟན་པ་ཤིན་ཏུ་དར་ན་ཡང་། ” ཞེས་པའི་ལྷག་བཅས་རྒྱན་སྡུད་ཀྱི་ཕྲད་ཀྱི་འདྲེན་བྱ། ” ཉི་ཟླའི་འཆར་ནུབ་རེ་མོས་འབྱུང་བ་བཞིན། །ཁྲི་སྲོང་ལྡེ་བཙན་སྐུ་རིང་བོན་ནུབ་ལ། ” ཞེས་པ་དེ་བསྟེན་མོད། ཕྲད་དེ་ཉིད་ཀྱིས་ཚིག་རྐང་ཕྱི་མ་གཉིས་འདྲེན་མི་ནུས་པར་འགྱུར་ཏེ། ཚིག་རྐང་དང་པོའི་བསྟན་བྱ་བོན་གྱི་བསྟན་པ་ཤིན་ཏུ་དར་ས་དེ་ནི་རྒྱལ་པོ་ཁྲི་ཙེ་འབུམ་གྱི་སྐུ་རིང་ཡིན་པ་གང་ཞིག་དེ་ཉིད་ཁྲི་སྲོང་གི་རྗེས་སུ་ཡིན་ཕྱིར། དེ་ན་འགྲེལ་བཤད་མང་པོ་མི་དགོས་པར་བསྟན་པའི་ཤན་འབྱེད་ལས་གསལ་བའི་འདིའི་སྐོར་གྱི་ནས་ཚུལ་ཆ་ཚང་དཔར་འདེབས་ནས་བསྐུར་ཆོག་པ་ཞུ། 

གཉིས་པ། ད་ཡོད་འདུལ་བ་སྟོད་ལུགས་གནས་ཚུལ་གསལ་བ་དཔེ་ཆ་སྔ་ཤོས་སྒ་སྟོན་བསྟན་པའི་ཤན་འབྱེད་ཡིན་མིན་རེད། ཁོ་བོས་མཐའ་གཅིག་ཏུ་སྒ་སྟོན་དཔེ་ཆ་ཡིན་སྐོར་གླེང་མེད། སྐུ་ཉིད་ཀྱིས་འདུལ་བ་སྟོད་ལུགས་རྒྱུད་པ་སྒྲུབ་བྱེད་སྲིད་རྒྱུད་ལུང་དྲངས་པ་འདི་ནི། རང་ལུགས་ལ་འདུལ་བསྟན་ནུབ་པའི་དུས་ཚོད་བོད་རྒྱལ་ཏིང་ཁྲིའི་སྐབས་དང་ཁྲི་སྲོང་སྐབས་གཉིས་མི་མཐུན་པ་རེ་ཡོད་མོད། ཕྱི་མ་མཁན་ཆེན་ཉི་མ་དང་སྤ་བསྟན་རྒྱལ་བཟང་པོ་བཅས་ཀྱི་ཁྲི་སྲོང་སྐབས་ལ་ནུབ་པར་བཤད་པས། དེ་སྐབས་མུ་ཟི་གསལ་བཟང་སོགས་འགའ་ཞིག་མདོ་སྨད་དུ་ཕེབས་སྐོར་དང་། གཤེན་པོ་འགའ་ཞིག་འདུལ་བའི་ཤོག་དྲིལ་ཁྱེར་ནས་སྟག་གཟིག་ཏུ་བྲོས་སྐོར་བཤད་པའི། དུས་རབས་བརྒྱད་ནང་དུ་བོད་ནས་ཡར་སྟག་གཟིག་གི་ཡུལ་དུ་ཕེབས་མཁན་གྲས་དེ་ཡིན་སྐོར་གསལ་བ་ལས། དྭང་ར་ཁྲི་སྙ་ཞེས་པ་སྟག་གཟིག་ཡུལ་ནས་སླར་བོད་ཡུལ་དུ་འདུལ་བ་སྤེལ་ལ་ཚུར་ཡོང་མཁན་དང་འབྲེལ་བ་གཏན་ནས་མི་འདུག། 

མདོར་ན་སྐུ་ཉིད་ནས་ལུང་འདྲེན་གནང་བ་དེ་ནི་ཀུན་མཁྱེན་ཉི་མ་སོགས་ཀྱིས་དུས་རབས་བརྒྱད་པའི་ནང་དུ་འདུལ་བསྟན་ནུབ་པར་བཤད་སྐབས། འདུལ་འཛིན་པ་སྐོར་ཞིག་སྟག་གཟིག་ཏུ་བྲོས་སྐོར་གནས་ཚུལ་དེའི་རྒྱབ་ལྗོངས་ཡིན་པ་ལས། འདུལ་བ་སྟོད་ལུགས་ཀྱི་ལོ་རྒྱུས་དང་འབྲེལ་བ་གཏན་ནས་མ་མཐོང་། 

གསུམ་པ་བྲུ་ཤའི་རྒྱུད་པ་སྐོར་རེད་ཁོ་བོས་དཔལ་འཁོར་བཙན་གྱི་སྲས་རྒྱུད་མངའ་རིས་རྒྱལ་པོ་ཁྲི་ཙེ་ལྡེ་དང་། རྒྱལ་རིགས་བྲུ་ཚང་གི་མེས་པོ་གོང་མ་མངའ་རིས་ཙེ་སྡེ་རྒྱལ་པོ་གཉིས་དུས་རིམས་རྦད་དེ་མི་འདྲ་བ་ཡིན་ཚུལ་གླེང་བ་ནི་ཧམ་བཤད་ཞིག་ག་ལ་ཡིན། བྲུ་ཚང་གི་གདུང་རབས་གྲོལ་སྟངས་དང་དེ་ཉིད་མངའ་རིས་སུ་བརྒྱུད་ཅིང་བོད་རྒྱལ་སྤུ་སྡེའི་སྐབས་སུ་བོད་དུ་འཕེལ་སྟངས་སྐོར། གཡུང་དྲུང་གླིང་གི་སློབ་དཔོན་ཀུན་བཟང་བློ་གྲོས་མཆོག་གིས་མཛད་པའི་ཞང་བོད་ཀྱི་བསྟན་འབྱུང་ལྷ་རྒྱུད་རིན་ཆེན་ཕྲེང་བ་ཞེས་པའི་ནང་དུ་ཞིབ་རྒྱས་སུ་བཀོད་ཡོད་པས་དེར་གཟིགས་རོགས། 

_____ཞང་ཚུལ་མི་ནས།