བཀའ་ལན་གནང་མཁན། ཞང་ཚུལ་མི། བཀའ་དྲི་གནང་མཁན། དགེ་གྲེ་སེར་འབྲོང་། 

དྲི་བ། བོད་ཡུལ་དུ་གཡུང་དྲུང་བོན་དར་བའི་དབུ་བཙུགས་པ་ཐོག་མ་ནི་བོད་རྒྱལ་གཉའ་ཁྲི་བཙན་པོ་དང་དུས་མཉམ་པའི་གཤེན་ནམ་མཁའ་སྣང་བའི་མདོག་ཅན་ནས་ཡིན་ཟེར་བ་བོན་ལུགས་རྣམས་ལ་གྲགས་ཆེ། 

ཡང་བཤད་སྲོལ་གཞན་ཞིག་ལ་བོད་དུ་ལྷ་མ་སྲིན་གྱིས་དབང་བསྒྱུར་བའི་དུས་རིམ་ནས་གཤེན་པོ་དང་བོན་པོ་ཡོད་ཚུལ་གསལ་བ་མ་ཟད་དེའི་དུས་ཀྱི་ལྷ་ཀླུ་འདྲེ་སྲིན་གཉན་རྣམས་བོན་གྱི་གཤེན་པོའི་ཁ་ལ་ཉན་པོ་ཡོད་ཚུལ་བོན་རང་གི་ལོ་རྒྱུས་ན་མང་བས་བཤད་སྲོལ་གཉིས་དེ་གཅིག་ཏུ་མཐུན་ཐབས་ཡོད་དམ། 

ལན། གཡུང་དྲུང་བོན་གྱི་ལོ་རྒྱུས་ལྟར་ན་གཤེན་རབ་མི་བོ་ཆེ་མ་ཕེབས་པའི་གོང་དུ། བོད་རང་ཡུལ་དུ་གདོད་མའི་བོན་ནམ་སྲིད་པ་རྒྱུ་ཡི་བོན་གྱི་ཆོས་ལུགས་རིག་གནས་ཡོད་སྐོར་གསལ་ཡོད་ལ། གཏམ་ཤུལ་དཔེ་རྙིང་སོགས་བོན་གྱི་གཏོ་ཆོག་ཡིག་རྙིང་གཞན་ནས་ཀྱང་གཤེན་རབ་མི་བོ་ཆེའི་གོང་དུ་བོད་ལ་གཤིན་པོའི་ཆེད་དུ་དུར་ཆོག་དང་། གསོན་པོའི་དོན་དུ་རིམ་འགྲོ་སོགས་ཆོ་ག་སྣ་ཚོགས་ཀྱི་དར་སྲོལ་ནི་ཚ་རླབས་འཕྱུར་མུས་ཡིན་པར་དཔགས་ཐུབ་པ་དང་། དེ་དག་ཕལ་མོ་ཆེ་འཚེ་བ་དང་འབྲེལ་ཞིང་ཤ་ཁྲག་གི་བྱེད་སྒོ་ཚན་ཆེན་ཡོད་པ་དང་། དར་སྲོལ་དེ་ཉིད་དབུ་བརྙེས་ནས་སྤྱི་ཚོགས་གསེང་དུ་དུས་ཡུན་གང་འཚམས་སོང་ཟིན་པས་མི་རྣམས་ཡིད་སུན་ཅུང་ཟད་སྐྱེས་ཡོད་ཚོད། སྐབས་དེར་དམུ་རིགས་ཀྱི་སྲས་པོ་སྟོན་པ་གཤེན་རབ་མི་བོ་ཆེས་འཚེ་བ་དང་འབྲེལ་བའི་ཆོ་ག་ཆོས་ལུགས་གཙང་བཀག་བྱས་ཤིང་སྔར་གྱི་ཆོ་གཞུང་ལེགས་བཅོས་དང་ལྟ་གྲུབ་དུ་མ་གསར་བཏོད་མཛད་པས་བོད་ཡུལ་དུ་གཡུང་དྲུང་བོན་གྱི་གྲུབ་མཐའ་རིམ་པར་དབུ་བརྙེས་པར་དོན་གྱིས་གྲུབ།

བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོར་ཁྲི་གསོལ་བྱེད་སྐབས། ཆོས་ལུགས་མི་སྣ་ཤེས་པ་ཅན་བཅུ་གཉིས་ཞེས་པ་བྱུང་སྐོར་བོན་གྱི་བྱམས་མའི་རྒྱལ་རབས་རྗེ་བཙུན་ཁྲོ་འབྲུག་ (༩༥༦-༡༧༧) གིས་ཕྱི་ལོ་ (༩༨༠) ལོར་གཏེར་ལས་བཏོན་པ་ལས་གསལ་བ་མ་ཟད། བསྒྲགས་བྱང་ནས་གཉའ་ཁྲིའི་སྐུ་གཤེན་ཡ་ངལ་དང་། མཚེ་མི། ཅོ་བོན་པོ་གསུམ་ཡོད་པར་བཤད་པ་འདི་དག་འབྲས་བུའི་བོན་དག་འབྲེལ་བ་ཡོད་དོན་དེ་ཙམ་མེད་སྙམ། གཤེན་རབ་བོད་དུ་ཕེབས་སྐབས་ནམ་ཞིག་ཐེག་པ་རིམ་དགུ་དར་བའི་སྨོན་ལམ་བཏབ་པ་དང་། བོད་ཀྱི་བོན་པོ་རྣམས་ལ་འདྲེ་བཀར་བ་དང་ཡུག་ཕུད་པའི་ལུང་ཕོག་ཚུལ་གསལ་བས། གཤེན་རབ་མི་བོའི་རིག་གནས་དང་འབྲེལ་བའི་རྒྱུ་བོན་ཕྲན་བུ་དར་སྲོལ་བྱུང་ཡོད་ཆོག་ལ། ཆེས་གདོད་དུས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཆོ་ག་བཅའ་འདོན་མཁན་ཡང་ཡོད་ཆོག་སྙམ། 

མདོར་ན་ཞང་ཞུང་གི་གྲུབ་ཐོབ་སྣང་བ་མདོག་ཅན་གཉའ་ཁྲིའི་མཆོག་གནས་སུ་མ་ཕེབས་གོང་བོད་ཡུལ་རུ་བཞི་ལ་བོན་པོ་གཤེན་པོ་ཇི་ཙམ་ཡོད་རུང་འབྲས་བུའི་བོན་སྐོར་ཉམས་སུ་ལེན་མཁན་ཞིག་མེད་པར་འདོད་ཐུབ་པ་དང་། སྣང་མདོག་བོད་དུ་བྱོན་པ་ནས་གསང་སྔགས་སྤྱི་སྤུངས་བོན་སྐོར་གཙོར་ཆེར་དར་ཞིང་ཡར་ཀླུང་ཁུལ་རྒྱུད་དུ་རྒྱལ་པོ་རེས་གསས་ཁང་རེ་བཞེངས་སྲོལ་དར་བ་ཡིན། མདོར་ན་ནམ་མཁའ་སྣང་བ་མདོག་ཅན་གྱི་གོང་དུ་བོད་ལ་གཡུང་དྲུང་བོན་མ་དར་ཞེས་བཤད་པ་ནི་འབྲས་བུའི་བོན་ལ་གོ་དགོས་པ་དང་། སྤྱིར་གདོད་མའི་དུས་ནས་ལྷ་ཀླུ་གཞི་བདག་གསོལ་བའི་བོན་གཤེན་ཡོད་པར་བཤད་པ་ནི་སྲིད་པ་རྒྱུ་ཡི་བོན་ལ་སྤྱོད་པའི་བོན་གཤེན་ལ་ངོས་འཛིན་དགོས་སྙམ། གཉའ་ཁྲིའི་གོང་དུ་ཡོད་པའི་གཤེན་པོ་རྣམས་ནི་གཏོ་ཆོག་རིམ་འགྲོ་དང་གནས་སྐབས་འཕྲལ་སེལ་སྒྲུབ་མཁན་ཙམ་ལས་གཞི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཤིང་ཟབ་མོ་སྟོང་པ་ཉིད་ལ་རོལ་ཐུབ་མཁན་ཞིག་མིན་པར་མངོན། 

སྤྱིར་སྟོན་པ་གཤེན་རབ་ཀྱི་རིག་གནས་དང་མ་འབྲེལ་བའི་བོན་གཤེན་ནི་དུས་སྔ་མོ་ནས་བྱུང་སྐོར་གསལ་ཏེ། གཟེར་མིག་དང་མདོ་འདུས་གཉིས་ནས་རྒྱལ་བོན་ཐོད་དཀར་གྱི་དགེ་རྒན་སློབ་དཔོན་འཕྲུལ་གཤེན་ངར་དྲག་ཅེས་པ་བྱུང་སྐོར་གསལ་བ་དང་། རྒྱ་བོད་ཧོར་གསུམ་གྱི་ཕ་རྒན་སྲིད་པའི་རྒྱལ་བུ་མཐིང་གེའི་མཆོད་གནས་གཏོད་དཔྱད་པ་ལྡིས་པ་གྲ་ནི་ཞེས་པ་བྱུང་སྐོར་བོན་གྱི་གཏོ་ཆོག་གོ་གྲུབ་ནས་གསལ་བ་དང་། ཕྱི་ལོ་ ༦༠༠ ལོར་གཏམ་ཤུལ་དགའ་ཐང་འབུམ་པ་ཆེ་རྙེད་པའི་བོན་གྱི་དཔེ་རྙིང་ཁྲོད་དུ་མོ་པ་དང་། གཏོ་པ། དཔྱད་མཁན་སོགས་ཧ་ཅང་མང་པོ་བྱུང་བས་དེ་དག་ཚང་མ་གཤེན་རབ་མི་བོའི་རིག་གནས་དང་འབྲེལ་བ་ཡོད་པའི་དཔོན་རྟགས་གང་ཡང་མི་འདུག་སྙམ། ད་དུང་མདོ་འདུས་ནང་དུ་གཤེན་རབ་མི་བོའི་རྣམ་སྤྲུལ་དུ་གྲགས་པའི་གཡེན་འདུལ་སོ་གསུམ་ཞེས་པ་བོན་པོ་སུ་ཅུ་ལྷག་ཙམ་གྱི་མཚན་འཁོད་ཡོད་པ་འདི་ཚོ་ཡང་དོན་ཐོག་སྐབས་དེར་ཡུལ་དེའི་གཏོ་ཆོག་མཁན་གྱི་མི་སྣ་གལ་ཆེན་སྐོར་ཞིག་རེད་འདུག་སྙམ།། །།