ལན་གནང་མཁན། ཞང་ཚུལ་མི། དྲི་བ་གནང་མཁན། ཞུ་ཚང་བ། 

དྲི་བ། སྒ་སྟོན་གཏེར་གྱི་ཁ་བྱང་དུ་ལ་སྟོད་གཙང་པོ་ནས་ཐོན་པའི་བོན་གཏེར་སྐོར་ལས། “ཞང་ཞུང་ལྷ་མཐོ་དཀར་པོའི་རིང་ལ་ལྷ་སྲིན་བྲན་དུ་བཀོལ། ལ་སྟོད་གཙང་པོར་སྦས་སོ། དེ་ནས་ཆོས་པ་གཟེ་སྟོན་སྦུ་གུ་རྒྱལ་མཚན་གྱིས།”ཞེས་གསལ་བའི་ཞང་ཞུང་ལྷ་མཐོ་དཀར་པོ་ཞེས་པ་དེ་མི་སྣ་སུ་དང་དུས་རབས་གང་ཞིག་གི་མི་ཡིན་ནམ། ད་དུང་ཆོས་པ་གཟེ་སྟོན་སྤུ་གུ་རྒྱལ་མཚན་ཟེར་བ་འདི་གང་ལ་ངོས་འཛིན་དགོས་སམ། 

ལན། ལ་སྟོད་གཙང་པོ་ནས་བཏོན་པའི་བོན་གཏེར་འདི་དུས་རིམ་མི་འདྲ་བ་གཉིས་ལ་གཏེར་དུ་སྦས་པ་དང་ཐོན་པར་གསལ་བ་དེ་གྲི་གུམ་དང་། ཁྲི་སྲོང་གཉིས་ཀྱི་སྐུ་རིང་ལ་འགྲེལ་དགོས་པར་མཐོང་། དང་པོ་གདུང་རབས་དགུ་བཅུ་རྩ་གཉིས་ལ་བརྒྱུད་དེ་གངས་ཏི་སེར་གཏེར་དུ་སྦས་ནས་ཞང་ཞུང་གི་བོན་པོ་ལུ་གུ་དགྲ་འདུལ་གྱིས་རྙེད་ཚུལ་གསལ་བ་དེ། གཤེན་རབ་མི་བོ་ཆེ་ནས་གྲི་གུམ་བར་དུ་བརྒྱུད་པ་དང་། གྲི་གུམ་སྐབས་སུ་གཏེར་དུ་སྦས་པ་དེ་སླར་ལུ་དགུ་དགྲ་འདུལ་གྱིས་རྙེད་ནས་ཁྲི་སྲོང་བར་དུ་གདུང་རབས་མང་པོར་བརྒྱུད་པ་ཞིག་ཡིན་པའི་དོན་ལ་གོ། ཕྱིས་ཞང་ཞུང་ལྷ་མཐོ་དཀར་པོའི་རིང་གཏེར་དུ་སྦས་ཚུལ་གསལ་བ་འདི་ཁྲི་སྲོང་སྐབས་ལ་ངོས་འཛིན་བྱེད་རིག་པར་སྙམ། 

གོང་གསལ་དུས་རིམ་མི་འདྲ་བ་གཉིས་ཀྱི་ནང་དུ་བྱུང་བའི་ཞང་ཞུང་བོན་པོ་ལུ་གུ་དགྲ་འདུལ་དང་། ཞང་ཞུང་ལྷ་མཐོ་དཀར་པོ་གཉིས་ནི་སྔ་མ་དེ་གྲི་གུམ་རྗེས་ཙམ་གྱི་གཏེར་སྟོན་ཞིག་དང་། ཕྱི་མ་ནི་ཁྲི་སྲོང་སྐབས་ཀྱི་གཤེན་པོ་ཞིག་ཡིན་པར་ཚོད་དཔག་བྱེད་ཐུབ་པ་ཡིན། འོན་ཀྱང་ཡོངས་གྲགས་བོན་གྱི་གཤེན་པོ་འདི་ཡིན་ཟེར་བ་གསལ་བཤད་བྱེད་དཀའ། སྔ་དར་བོན་གྱི་ལོ་རྒྱུས་ཁྲོད་དུ་བོན་བསྟན་རྩ་བའི་བརྒྱུད་རིམ་དག་གི་གཤེན་པོ་ཚོའི་མཚན་ཙམ་བཀོད་པ་ལས། གཞན་རྣམས་གཤེན་ཕྲན་གྲངས་ལས་འདས་པ་བཞུགས་ཅེས་ལོ་རྒྱུས་མཇུག་བསྡུས་ཡོད། 

ཆོས་པ་གཟེ་སྟོན་སྤུ་རྒྱལ་མཚན་ནི་ས་གནས་ལ་སྟོད་དུ་སྡོད་པའི་བན་དེའི་རི་ཁྲོད་པ་ཞིག་ཡིན་ཚོད། ཁོང་ནི་ཡོངས་གྲགས་བན་དེའི་བླ་མ་འདི་ཡིན་ཟེར་བར་ངོས་འཛིན་ཡོད་དཀའ། སྐབས་འདིའི་གཟེ་ཞེས་ནི་རུས་ལ་གོ་བར་མཐོང་། ཨ་ཙ་ར་མི་གསུམ་གྱིས་བསམ་ཡས་ནས་བོན་དཔེ་བརྐུས་རྗེས་གཟེ་བན་ཤེས་རབ་རྒྱལ་མཚན་ཞེས་པའི་ཁྱིམ་དུ་དཔེ་ཆ་རྣམས་བསྔོགས་བཤེར་བྱེད་སྐོར་འཁོད་ཡོད། སྐབས་དེའི་གཟེ་བན་དང་འདིར་གསལ་བའི་གཟེ་སྟོན་བཅས་ནི་རིགས་རུས་ཀྱི་ཐོག་ནས་མི་རབས་སྔ་ཕྱིའི་འབྲེལ་ཡོད་ངེས་ཡིན། གང་ལྟར་གཟེ་ཞེས་པ་དེ་རུས་ལ་གོ་བར་སྙམ། ཁོང་ཉིད་ཀྱིས་རྙེད་པའི་བོན་དཔེ་དག་དབེན་ས་ཁའི་བྲུ་རྗེ་བཙུན་ལ་སྤྱན་འབུལ་ཞུས་སྐོར་གསལ་བས་བྲུ་རྗེ་དང་དུས་མཉམ་ཙམ་ཡིན་ཚོད་རེད། བྲུ་རྗེ་བཙུན་གཡུང་དྲུང་བླ་མ་ནི་ཕྱི་ལོ་ ༡༠༤༠ ལོར་འཁྲུངས་སྐོར་ཀུན་མཁྱེན་ཉི་མ་བསྟན་འཛིན་གྱིས་བཞེད་ཡོད། དེ་ཕྱིར་གཟེ་སྟོན་ནི་དུས་རབས་བཅུ་གཅིག་པའི་མི་སྣ་ཞིག་ལ་ངོས་འཛིན་ཐུབ་སྙམ།