ལན་གནང་མཁན། ཞང་ཚུལ་མི་སོགས། དྲི་བ་གནང་མཁན། བཙན་པོ་ཚང་དང་། སྒོ། སྤེ་བོན་སོགས།

དྲི་བ། བོན་གྱི་གདུང་རྒྱུད་རྒྱལ་པོ་ཆེ་དྲུག་ལས་བྲུ་དང་། ཞུ། སྤ། རྨེའུ། ཁྱུང་བཅས་སོ་སོ་ལ་རྒྱལ་བ་བྲུ་དང་། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང་བཅས་འབོད་དགོས་དོན་གང་ཡིན་ནམ།

ལན། གདུང་རྒྱུད་ཆེ་དྲུག་ཏུ་གྲགས་པའི་བོན་གྱི་རུས་རིགས་གལ་ཆེན་གཤེན་དང་། བྲུ་དང་། སྤ་དང་། ཞུ་དང་། རྨེའུ་དང་། ཁྱུང་བཅས་ཀྱི་རྒྱུད་པ་དུས་སྔ་མོ་ནས་བོད་ལ་ཡོད་རུང་། ཁོང་རྣམས་རྒྱ་རིགས་གཤེན། རྒྱལ་བ་བྲུ་དང་། དབང་ལྡན་ཞུ། གྲུབ་ཐོབ་སྤ། མཁས་པ་རྨེའུ། དམ་པ་ཁྱུང་། ཟེར་བའི་ཐུན་མིན་ཆེ་མིང་རེ་འདོག་སྲོལ་བྱུང་བ་ནི་ཕལ་ཆེར་བསྟན་པ་ཕྱི་དར་སྐབས་སུ་བསྟན་པའི་མཛད་འཕྲིན་སྐྱོང་སྟངས་དང་རུས་རིགས་ཀྱི་ཆེ་བ་འདོན་ཐབས་ཅི་རིགས་ཐོག་ནས་དུས་ཕྱིས་བཏགས་པའི་མིང་ཞིག་ཡིན་པར་མངོན། འདི་རྣམས་ལ་མཚན་འདོག་ཕྱོགས་ནས་ཕན་ཚུན་འགལ་བ་ཡིན་པའི་ངེས་པ་མེད་ཅིང་ཡོན་ཏན་རེའི་ཆ་ནས་བཏགས་པ་ཞིག་ཡིན།

༡) རྒྱལ་རིགས་གཤེན་ཚང་ཟེར་བ་ནི་རིགས་ཀྱི་ཆ་ནས་བཏགས་པ་ཞིག་ཡིན། དཔེ་ཆ་རེ་འགའ་ནས་རིགས་རྒྱལ་རིགས་དང་རུས་པ་དམུ་ཡིན་སྐོར་ཡང་བཤད་ཡོད་པ་དང་། གཤེན་རབ་མི་བོའི་ཁྱིམ་རྒྱུད་དུ་མི་རབས་བཅུ་དགུ་ཙམ་གྱི་རིང་མི་སྣ་གལ་ཆེན་རྐྱང་བ་བྱུང་བའི་ལོ་རྒྱུས་ཡོད་ཅིང་། རུས་རིགས་དེར་སྐྱེས་པའི་མི་རྣམས་མངའ་དབང་ཆེ་ཞིང་དབང་ཐང་ལྡན་པ་སོགས། མདོར་ན་རིགས་ཧ་ཅང་བཟང་ཞིང་རྨད་དུ་བྱུང་བའི་ཆ་ནས་དེ་ལྟར་བཏགས་པ་རེད། 

༢) ཞུ་ཡི་བསྟན་པའི་རྒྱལ་མཚན་ཞུ་ཡས་ལེགས་པོ་ནི་སྤྲུལ་སྐུ་གཤེན་གྱི་ཐུགས་སྲས་དམ་པ་དབང་ལུང་དངོས་བརྒྱུད་ཀྱི་སློབ་མའི་ཐུ་བོ་ཡིན་སྟབས་དེའི་ཕྱིར་ན་དབང་ལྡན་ཞུ་ཞེས་བཏགས་པར་སྙམ། དེ་མིན་དབང་ལྡན་ཟེར་བའི་སྒྲ་བཤད་བརྒྱབ་པ་མཐོང་མྱོང་མེད། 

༣) བྲུ་ནི་རྒྱལ་བ་གཤེན་རབ་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྡེ་ཆེན་མོར་ཐོས་བསམ་འཆད་ཉན་རྨ་མེད་ཀྱི་སྒོ་ནས་སྐྱོང་མཁན་ཡིན་སྟབས་དེའི་ཕྱིར་རྒྱལ་བ་བྲུ་ཞེས་བཏགས་པ་དང་། ཡང་ན་གདན་ས་གཅིག་ལ་རྒྱལ་བ་གཉིས་པའི་མཚན་སྨོས་ན་འགལ་བའི་མེད་པའི་མཁས་གྲུབ་བཅོ་བརྒྱད་ཙམ་བྱུང་བས་ན་རྒྱལ་བ་བྲུ་ཞེས་བཏགས་པ་ཡིན་ན་ཆོག

༤) སྤ་ནི་སྤ་སྟོན་དཔལ་མཆོག་བཟང་པོ་ནས་གསང་སྔགས་སྒོམ་སྒྲུབ་གཙོ་བོར་མཛད་ཅིང་ལྷ་ཞལ་མཇལ་ཞིང་གྲུབ་པའི་རྟགས་སྟོན་པའི་སྐྱེ་བུ་ཧ་ཅང་མང་པོ་བྱུང་བས་གྲུབ་ཐོབ་སྤ་ཟེར་བར་མངོན། སྤ་ཚང་གི་བླ་མ་ཕལ་ཆེར་གསང་སྔགས་སྒོམ་སྒྲུབ་གཙོ་བོ་མཛད་པ་ལས། བོན་གྱི་འདུས་སྡེ་གཞན་ལྟར་འཆད་རྩོད་ཤུགས་ཆེར་བྱེད་སྲོལ་མེད། 

༥) རྨེའུ་ལ་མདོ་སྔགས་གཞུང་ལུགས་ཀུན་ལ་འཆད་རྩོད་ཆེ་ཆེར་མཛད་པའི་མཁས་དབང་གསེར་རིའི་ཕྲེང་ལྟར་བྱོན་ཞིང་། ལྷག་ཏུ་མཁས་པ་དཔལ་ཆེན་པོས་གསར་གཏོད་ཀྱི་ལམ་ནས་མདོ་སྔགས་གཞུང་ལུགས་ཀུན་ལ་འགྲེལ་དང་ཊིཀ་ཆེན་པོར་བཏབ་པས་རྨེའུ་མཁས་པ་དཔལ་ཆེན་ཞེས་མཚན་སྙན་གང་སར་ཁྱབ་པས་དེའི་ཆ་ནས་མཁས་པ་རྨེའུ་ཞེས་བཏགས་པ་ཞིག་ཡིན་ཀྱང་ཆོག་ལ། རྨེའུ་གདུང་ལ་དམིགས་བསལ་མཁས་པ་མང་པོ་འབྱུང་བར་ངག་རྒྱུན་དུ་ཡང་བཤད་སྲོལ་མཆིས། 

༦) དམ་པ་ཁྱུང་ཟེར་བ་དེ་གྲོལ་ཞིའི་ཆ་ནས་བཏགས་པ་ཞིག་ཨེ་ཡིན་ན་སྙམ། ཀུན་ཏུ་བཟང་པོ་རིག་སྣང་འོད་ཀྱི་རྒྱལ་པོ་ལས་མཆེད་པར་གྲགས། གདུང་རྒྱུད་རང་གི་སྤྲུལ་གཞི་དོན་དམ་སྐྱེ་བ་མེད་པ་ཡིན་པས་དམ་པ་ཁྱུང་ཟེར་བ་ཡིན་ན་ཆོག ཡང་ན་བཤད་སྲོལ་ཞིག་ལ་ཁྱུང་གི་རུས་རྒྱུད་ལ་དམིགས་བསལ་འགྲོ་འདྲེན་ཆེན་པོ་ཡོད་པ་དང་། རུས་ཐོབ་ཙམ་གྱི་ཡོན་ཏན་ཆེན་པོ་ལྡན་ཡོད་ཚུལ་གླེང་སྲོལ་མཆིས།

_____ཞང་ཚུལ་མི་ནས།

ལན།  སྤྱིར་བཏང་ངག་རྒྱུན་དུ། བྲུ་ཞུ་སྤ་རྨེའུ་གཤེན་དང་ལྔ། །ཀླད་ན་ལྡིང་བའི་ཁྱུང་དང་དྲུག ཟེར་སྣང་ལས། འདི་དག་ལ་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་ཟེར་སྲོལ་དེ་ཙམ་ཨེ་ཡོད་ན་སྙམ།

སྤྱིར་བོན་ཕྱོགས་སུ་གདུང་རྒྱུད་རྒྱལ་པོ་སྡེ་དྲུག་ཅེས་པ་ནི། འོལ་གླིང་ན་བཞུགས་པའི་རྒྱལ་རིགས་ཆེ་ཁག་དྲུག་སྟེ། གཤེན་ལྷ་དམུ་ཡི་གདུང་རྒྱུད། གལ་ཆེན་ཤགས་ཀྱི་གདུང་རྒྱུད། གསས་ཆེན་ཧོས་ཀྱི་གདུང་རྒྱུད། གནམ་རྗེ་དཔོ་ཡི་གདུང་རྒྱུད། རྒོད་རྗེ་རྒྱ་ཡི་གདུང་རྒྱུད། མཁའ་འགྱིང་གཉན་གྱི་གདུང་རྒྱུད་དང་དྲུག་ཅེས་བཤད་སྲོལ་ཡོད། དེ་བཞིན་བོད་ཡུལ་དུ་གདུང་རྒྱུད་གཉན་ཚ་སྤུན་དྲུག་བྱུང་བའི་སྐོར་མཁན་ཆེན་ཉི་མས། བོད་མི་བུ་གཉན་ཚ་སྤུན་དྲུག་བྱུང་སྟེ། སེང་ཁྱུང་དབྲ་དང་། དམུ་ཚ་སྒ་དང་། ཨ་བ་ལྡོང་དང་། ཨ་ལྕགས་འགྲུ་དང་། ལྷ་སྡེ་སྒོ་དང་། དབལ་གདའ་གཉིས་སོ། །ཞེས་སོགས་བཤད་སྲོལ་ཡོད་པ་ནི་ཞོར་འཕྲོས་ཡིན། གཤམ་ནས་དྲི་བ་དངོས་རྣམས་ལ་རང་ལུགས་བོན་གྱི་བསྟན་འབྱུང་ཁག་ལ་གཞི་བཅོལ་ཏེ། དེ་དག་ལ་གང་གསལ་བ་རྣམས་རང་ཉིད་ཀྱིས་གོ་བ་ལོན་ཚོད་དུ་ལན་འབུལ་ཐབས་ཞུ་རྒྱུ་ཡིན། 

དམུ་རིགས་གཤེན།

དམུ་ནི། ཡབ་ཀྱི་རིགས་དམུ་རིགས་ཀྱི་རྒྱལ་པོ་ཡིན་པས་ན་དམུ་རིགས་དང་། གཤེན་ནི། རུས་གཤེན་ཡིན་པ་བཅས་ཀྱིས་ངེས་སླ། 

རྒྱལ་རིགས་བྲུ།

རྒྱལ་རིགས་ནི། བྲུ་ཡི་རྒྱུད་པ་བྲུ་ཤ་གནམ་གསས་ལ་ཐོ་གར་གྱི་རྒྱལ་པོ་སད་ཝེར་གསལ་འབར་ཞེས་བྱ་བས་རྒྱལ་སྲིད་ཕུལ་བས་ཡུལ་སྡེ་ཀུན་གྱི་རྗེ་བོ་མཛད་དེ། མངའ་རིས་སྐོར་གསུམ་མན་ཆད་ནས་བོད་ཡུལ་རུ་བཞི་ཡན་ཆད་ཀྱི་ཡུལ་སྡེ་ཐམས་ཅད་བྲུ་ཤའི་མངའ་རིས་སུ་འདུས་པའི་ལོ་རྒྱུས་ལྟར་ནུས་སྟོབས་ཆེ་བ་རྒྱལ་གྱི་རིགས་དང་། བྲུ་ནི། གནམ་ནས་ས་ལ་བྲུལ་པས་བྲུ། ཞེས་བཏགས་པར་ཡོངས་གྲགས་ཡིན།

དབང་ལྡན་ཞུ།

དབང་ལྡན་ནི། ཞུ་ཡི་གདུང་རྒྱུད་ཀྱི་ཁུངས་འགོ་གཤེན་ལྕགས་ཀྱི་བྱ་རུ་ཅན་ནི་སྤུ་ལྡེའུ་གུང་རྒྱལ་གྱིས་བོན་གཤེན་མང་པོ་གདན་དྲངས་ནས་ཡབ་ཀྱི་དོན་དུ་གྲི་འདུར་དང་འདྲེན་ཆོག་མང་པོ་བྱེད་སྐབས་ཀུན་གྱི་གཙོ་བོ་གཡས་ཀྱི་བོན་པོ་ཞེས་ཐོབ་དང་དབང་ཚད་ཆེན་པོ་ཡོད་པར་བཤད་སྟབས་དབང་དང་གོ་ས་ལྡན་པ་དང་། ཞུ་ནི། གཤེན་ལྕགས་ཀྱི་བྱ་རུ་ཅན་གྱི་གདུང་རྒྱུད་རིམ་བྱོན་ཐམས་ཅད་གཙང་གི་ཡུལ་ཞུ་ཡི་བ་མོ་ཟེར་བར་བསྟན་པ་ཆགས་པས་ཞུ་ཚང་ཞེས་ཐོག་པར་ཡོངས་གྲགས་ཡིན།

གྲུབ་ཐོབ་སྤ།

གྲུབ་ཐོབ་ནི། སྤ་ཡི་གདུང་རྒྱུད་གྲོལ་ཁུངས་ཡབ་སངས་པོ་འབུམ་ཁྲི་དང་ཡུམ་ཆུ་ལྕམ་རྒྱལ་མོ་གཉིས་ཀྱི་གདུང་ལས་གྲོལ་བའི་སྐྱེས་བུ་སྤ་ལ་མཛེས་པ་ཁྲི་མོན་ལྕགས་ཀྱི་བྱ་རུ་ཅན་དེ་ལྷོ་གླིང་ཞང་ཞུང་གི་ཡུལ་དུ་བོན་གྱི་བསྟན་པ་སྤེལ་བར་དགོངས་ཏེ། ཞང་ཞུང་རྣམ་རྒྱལ་ལྷ་རྩེ་དང་ཏེ་སེ་གངས་ཀྱི་ཤེལ་ཕུག་སོགས་སུ་བྱོན་ནས་ལོ་གསུམ་ལ་སྒྲུབ་པ་མཛད་པས་ཡི་དམ་མགོན་པོ་རྣམ་གསུམ་དང་དབྱེར་མེད་དུ་གྱུར་ཏེ། སྐབས་དེར། ས་ལ་ཞང་ཞུང་རྒྱལ་པོ་ཆེ། །གནམ་ལ་ལྷ་བུ་སྤ་བ་མཛེས། །ཞེས་གྲུབ་རྩལ་ཐོགས་མེད་དུ་བྱུང་བའི་ལོ་རྒྱུས་ལྟར་གྲུབ་ཐོབ་དང་། སྤ་ནི། སྐྱེས་བུ་ཆེན་པོ་དེ་ཉིད་ཕྱི་ཚུལ་ལ་འདྲ་ཆགས་པའམ་བྱིན་ཆགས་པ་སྟེ་སྤ་ལ་མཛེས་པ་ཞེས་པའི་བླ་དྭགས་སོ། །

མཁས་པ་རྨེའུ།

མཁས་པ་ནི། སྲིད་པ་ཡིག་ཚང་ཅན་གྱི་གདུང་ལས་ཆད་པའི་རྨེའུ་ངམ་ལེན་སྐྱོལ་པོ་བྱ་བས་དབལ་ཕུར་བསྒྲུབས་པས་ལྷ་ཞལ་གཟིགས། ཏི་སེ་གངས་ནས་ལྷ་རི་གྱང་ཐོའི་རྩེར་བྱོན་པས་མི་རྗེ་གཉའ་ཁྲི་བཙན་པོའི་མཆོད་གནས་སུ་བཀུར། ཞེས་པ་ལྟར་སྲིད་པ་ཡིག་ཚང་ཅན་གྱི་གདུང་རྒྱུད་ཡིན་པས་ན་མཁས་པ་དང་། རྨེའུ་ནི། ཐོག་མའི་གདུང་རྒྱུད་གྲོལ་གཞི་བོད་རྒྱལ་གཉའ་ཁྲིའི་མཆོད་གནས་རྨེའུ་ངམ་ལེན་སྐྱོལ་པོ་ཞེས་པའི་མཚན་གྱི་ཆ་ནས་ཡིན་པར་སྣང་། དེ་ལྟར་རྨེའུ་གདུང་རྒྱུད་ལ་མཁས་པ་ཕུལ་དུ་ཕྱིན་པ་མང་དག་བྱུང་ཡོད་པའི་ནང་ནས་སྨྲ་བའི་སེང་གེ་གཉིས་པར་གྲགས་པའི་རྨེའུ་སྟོན་ལྷ་རི་གཉན་པོ་དང་དམ་པ་རི་ཁྲོད་པ་གཉིས་ལ་རྨེའུ་སྟོན་སྒོམ་གཉིས་ཞེས་མཁས་པའི་གྲགས་པ་རྒྱས་ཡོད་པའི་ལོ་རྒྱུས་དང་། དེ་བཞིན་ཕྱིས་བྱུང་གི་རྨེའུ་མཁས་པ་དཔལ་ཆེན་པོ་སོགས་ཀྱིས་ངེས་སླ།

དམ་པ་ཁྱུང་། 

དམ་པ་ནི། ཁྱུང་འཕགས་ཁྲ་མོ་སོགས་ཁྱུང་དཀར་ནག་སེར་གསུམ་གྱི་གདུང་རྒྱུད་བླ་དཔོན་དེ་ཚོས་ཞང་ཞུང་རྒྱལ་རབས་གོང་མ་རྣམས་ཀྱི་སྐབས་ནས་བླ་ཡི་མཆོད་གནས་དང་། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་སེང་ཁྲི་བཙན་པོ་ཡན་ཆད་ཀྱིས་དབུ་བླ་མཛད་པ་དང་། གྲི་གུམ་གྱིས་བོན་བསྣུབས་པའི་རྗེས་སུ་སྲས་སྤུ་ལྡེ་གུང་རྒྱལ་གྱིས་མུ་ཁྱུང་དང་ལྷ་ཁྱུང་གཉིས་སོགས་བོན་གཤེན་མང་པོ་གདན་དྲངས་ཏེ་བླ་རུ་བཀུར་ནས་བསྟན་པ་རྒྱ་ཆེར་སྤེལ། དེ་རྗེས་ཁྲི་སྲོང་ལྡེའུ་བཙན་གྱིས་ཞང་རྒྱལ་བགྲོངས་པའི་ཤུལ་དུ་རྒྱལ་ས་ཁྱུང་པོ་སྟག་སྒྲ་དོན་གཙུག་གིས་བཟུང་ནས་རྒྱལ་ཁྲིམས་དང་བོན་ཁྲིམས་གཉིས་ཀ་མཉམ་དུ་བསྐྱངས་པའི་ལོ་རྒྱུས་དང་། 

དེ་རྗེས་རིམ་པར་ཁྱུང་སྟོང་རྒྱུང་རིང་མོས་བོན་སྲིད་སྐྱོང་སྐབས་སྡོང་རྒྱལ་དང་སྡོང་དམིགས་གཉིས་ཀྱིས་སྣེ་ཁྲིད་པའི་ཞང་ཞུང་འབངས་ཀྱི་གྱེན་ལོང་བྱུང་བས་སྟོང་རྒྱུང་རིང་མོས་གདན་ས་དོར་ནས་ཕྱིས་བྲོས་པའི་ལམ་དུ་གྲུབ་རྟགས་སུ། ཞབས་གཉིས་དང་སྦ་བེར་དང་གསུམ་ས་ལ་གར་རེག་སར་མེ་ཏོག་གསུམ་རེ་ལམ་ལམ་སྐྱེས། རྡོ་བྲག་ལ་གར་རེག་སར་རྗེས་ལམ་ལམ་བྱུང་བའི་རྟིང་ནས་ཞང་ཞུང་གི་དམག་མི་སོགས་ཀྱིས་དེད་པས་ཁོང་གིས་དེ་མཁྱེན་ནས། མདོ་ཁམས་ནས་རྨའི་བཀྲ་རིང་ལྷ་མཚོར་སླེབ་པའི་ཚེ་ཆུར་བརྫུས་པས་རྗེས་བོར་ཏེ་ཐར། ” དེར་རྣལ་འབྱོར་ལ་རྟགས་མི་འདོད་ཀྱང་། རྟགས་ཀྱིས་རྣལ་འབྱོར་འདོད་ཟེར་བའི་གཏན་ཚིགས་ཀྱང་བྱུང་ངོ་། །” ཞེས་གསུངས་པ་ལྟར། ཁྱུང་རྒྱུད་ཀྱི་བླ་དཔོན་དེ་ཚོ་ཞང་བོད་རྒྱལ་རབས་དུ་མའི་ཁྱད་འཕགས་བླ་ཡི་མཆོད་གནས་དམ་པའམ་རྣལ་འབྱོར་སྐྱེས་བུ་སྟག་ཡིན་པས་དང་། ཁྱུང་ནི། ཐོག་མའི་གདུང་རྒྱུད་གྲོལ་གཞི་ཀུན་ཏུ་བཟང་པོ་རིག་སྣང་འོད་ཀྱི་རྒྱལ་པོའི་སྤྲུལ་པ་བྱ་ཁྱུང་ལས་གྲོལ་བས་ན་དེ་ལྟར་བཏགས་སོ།། །།

_____དགེ་ཧི་མ་ལ་ཡའི་རྒྱལ་སྲས་ནས།