རྩོམ་བྲིས་པ། ཞང་ཚུལ་མི་སོགས། དྲི་བ་གཏོང་མཁན། Tri Yungdrung

དྲི་བ། བོན་རང་ལུགས་ཡིག་ཆ་ཁག་ན་ “སྨར་སྦྲག་སད་སྨར་གྱི་ལུགས་” ཞེས་པ་འདིའི་གོ་དོན་མཁྱེན་མཁན་ཡོད་ན་གསུངས་རོགས།

ལན། དུས་རབས་བཅུ་གཉིས་པའི་ནང་དུ་སྐུ་བལྟམས་པའི་བོན་གྱི་མཁས་གྲུབ་ཆེན་མོ་འགྲོ་མགོན་བློ་གྲོས་ཀྱི་གསུང་རྩོམ་གལ་མདོ་དྲི་མེད་གསལ་སྒྲོན་ལས་གསལ་བའི། སྨར་སྦྲག་སད་སྨར་གྱི་ལུགས་ཟེར་བ་འདི་ཡོངས་གྲགས་ལྷོ་གཏེར་དང་བྱང་གཏེར་གྱི་ཐེག་རིམ་གཉིས་ལ་སྦྱར་ཏེ་བཤད་པ་དང་། ཐིག་འགྲེལ་མེ་ལོང་དགུ་སྐོར་ལ། ཡེ་ཕྱི་མོ་རྒྱ་གར་པོའི་ལུགས་ཀྱི་ཐེག་པ་ཟེར་ཡོད། དེར་སྨར་སྦྲག་ཟེར་དོན་ནི་ཐེག་པ་རིམ་དགུའི་ཐ་སྙད་ཞང་ཞུང་སྨར་གྱི་སྐད་དང་སྤུ་རྒྱལ་བོད་ཀྱི་སྐད་གཉིས་ཐོག་ནས་ཡོད་པའི་དོན་ནམ། ཡང་ན་ཞང་ཞུང་ནས་ཐད་ཀར་བོད་དུ་འགྱུར་བ་ཞིག་ཡིན་པས་ན་དེ་ལྟར་ཟེར་སྙམ། དཔེར་ན་ཞང་ཞུང་བོན་སྐོར་ཟེར་བ་ལྟ་བུ་རེད། སད་སྨར་ཟེར་བའི་དོན་ནི། སད་ནི་ལྷ་ལ་གོ་བ་དང་། སྨར་ནི་བཟང་བ་འམ་ཡང་དག་པའི་དོན་ལ་གོ་བ་ཡིན། དོན་དུ་དག་པ་ལྷ་ཞེས་པའི་དོན་རེད། སྨར་གྱི་སྐད་ཐོག་ནས་ཡོད་པའི་ཐེག་པ་རིམ་དགུ་ཐ་སྙད་ནི། སྣང་ལྡན། རང་ལྡན། བཞེད་ལྡན། ལྷ་རྩེ། ཡང་རྩེ། སྣང་རྩེ། ལྷ་ཐོ། ཡང་ཐོ། སྤྱི་ཐོ། དང་དགུ་ནི་ཞང་སྐད་ཡིན་ཚུལ་གསལ། ཐེག་པ་དེ་དགུ་ལ་ནམ་རྒྱུན་བྱང་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་ཟེར་བ་རེད། ལྷོ་གཏེར་གྱི་ཐིག་པ་དགུ་དང་དེ་གཉིས་ཐ་སྙད་མ་འདྲ་ཙམ་ཡིན་པ་ལས་དོན་ཐོག་དགོངས་དོན་གཅིག་ཡིན་ཚུལ་གསལ་ཡོད། །

_____ཞང་ཚུལ་མི།

མཁས་དབང་ནམ་མཁའི་ནོར་བུས། ལེགས་བཤད་རིན་པོ་ཆེའི་མཛོད་ལས། “དང་པོ་དག་པ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། དེ་སྨར་སྦྲག་ཏུ་བསྒྱུར།” ཞེས་པའི་སྐབས་སུ་ཞང་ཞུང་ཡིག་རྒན་དེ་སྨར་ཆེན་རང་དུ་གོ་དགོས་ཚུལ་བཤད་ཡོད། མཚན་གཞི་ཡང་གཡུང་དྲུང་བོན་གྱི་བསྟན་འབྱུང་གི་དབུའི་སྨར་ཆེན་དེ་ཚོ་དྲངས་འདུག གལ་ཏེ་དེ་ལྟར་ཡིན་ཚེ་སྨྲ་སྦྲག་ཀྱང་སྨར་ཆུང་ལ་གོ་བ་ཡོད་སྲིད།

འདིར་སྨར་སྦྲག་དང་ཞང་ཞུང་དྲག་ཡིག་གཉིས་ཀྱི་ཐད་ལ། མ་རྒྱུད་སངས་རྒྱས་རྒྱུད་གསུམ་གྱི་འགྲེལ་ལས། “མ་དཔེ་ལ་ཞང་ཞུང་དྲག་ཡིག་འདི་འདྲ་དང་། བོད་ཡིག་འདྲེས་མར་སྣང་ངོ་། །སྤྲུལ་སྐུ་གུ་རུ་རིན་པོ་ཆེ་ལ་བདག་བཙུན་པ་གཞོན་གྱིས་ཞུས་ནས། དར་དཀར་དངོས་ལ་བྲིས།” ཞེས་པའི་དྲག་ཡིག་དང་སྨར་སྦྲག་གཉིས་འདྲ་ཡང་མི་སྲིད་པ་མ་རེད་སྙམ། འདིའི་སྐབས་ཀྱི་བོད་ཡིག་འདྲེས་མར་སྣང་ཞེས་པ་དང་། གོང་གི་སྨར་སྦྲག་ཅེས་པའི་སྦྲག་པ་ནི་བོད་ཡིག་དང་སྨར་ཡིག་གཉིས་སྦྲག་འདྲེས་འདྲ་བོ་སྟེ་སྨར་ཆུང་དང་ཐག་ཉེ།

ཡིན་ནའང་སྨར་སྦྲག་སད་སྨར་གྱི་ལུགས་ཟེར་བ་དཔེར་ན། ཐེག་པ་ཆེ་ཆུང་གོང་འོག་རྣམ་པར་འབྱེད་པའི་གལ་མདོ་ངེས་པའི་གཏན་ཚིགས་དྲི་མེད་གསལ་སྒྲོན་ལས། “དེ་ཡང་བློ་ཐ་མ་ལ་ཕྱྭ་སྣང་འཕྲུལ་གསུམ་ཡིན་ལ། འབྲིང་ལ་སྲིད་དགེ་དྲང་གསུམ་ཡིན། རབ་ལ་ཨ་ཡེ་ཁྱད་གསུམ་ཡིན་པ་སྟེ་སྨར་སྦྲག་སད་སྨར་གྱི་ལུགས་ཡིན།” ཞེས་གསུངས་པ་སོགས་ལ་བརྟག་གཞིའི་རྒྱུ་ཆ་གལ་ཆེན་ཞིག་རེད་སྙམ།

དེ་བཞིན་འབེལ་གཏམ་ལུང་གི་སྙིང་པོ་ལས། “དག་པ་ལྷ་ཡི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། སྟག་གཟིག་གི་སྤུངས་ཡིག་ཞང་ཞུང་གི་ཡིག་རྒན་དུ་བསྒྱུར། ཡིག་རྒན་སྨར་སྦྲག་ཏུ་བསྒྱུར། དེ་སྨར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་སོ།” །ཞེས་སོགས་ལ་བརྟག་ན་སྨྲ་སྦྲག་ཟེར་བ་ཡི་གེའི་འགྲོས་ཞིག་ཡིན་དགོས་པ་ལྟར་མཐོང་། ད་དུང་མཁས་དབང་ནམ་མཁའི་ནོར་བུས། “སྤྱིར་ཞང་ཞུང་གི་སྐད་ལ། ཞང་ཞུང་སྨར་གྱི་སྐད་དང་དར་མའི་སྐད། དིར་མའི་སྐད། དར་མ་དིར་གྱི་སྐད། གུ་གེའི་སྐད་དང་ཕལ་པོ་གླང་གི་སྐད་སོགས་མི་འདྲ་བ་འགའ་རེ་ཡོད་པ་ལས་གཟུགས་སྨར་གྱི་སྐད་ནི་ཞང་ཞུང་དབུས་ཀྱི་སྐད་དེ་ཞང་ཞུང་གི་སྐད་རིགས་ཐམས་ཅད་ཀྱི་མཆོག་ཏུ་བསྔགས་པ་དང་། གུ་གེའི་སྐད་ནི་ཞང་ཞུང་གི་ཡིག་སྐད་དང་། གཞན་དར་མའི་སྐད་ནི་ཞང་ཞུང་ལྷོ་པ་དང་། དིར་མའི་སྐད་ནི་ཞང་ཞུང་བྱང་བ། དར་མ་དིར་ནི་ཞང་ཞུང་སྟོད་སྨད་ཕལ་པའི་སྤྱི་སྐད་དུ་ངོས་འཛིན་སྲོལ་ཞིག་བྱུང་ཡོད།” ཅེས་ཞང་ཞུང་སྟོད་སྨད་སོགས་ཀྱི་སྐད་གདངས་དང་ཡིག་གཟུགས་མི་འདྲ་བ་ཡོད་པར་གསུངས་པ་སོགས་ལ་བརྟག་ན་ཞིབ་འཇུག་གང་མང་ཞིག་བྱ་རྒྱུ་འདུག་སྙམ། །

_____དགེ་ཧི་མ་ལ་ཡའི་རྒྱལ་སྲས།