རྩོམ་བྲིས་པ། ནམ་མཁའ། དྲི་བ་གཏོང་མཁན། གསེར་མདོག

དྲི་བ། གཤམ་ནས་བོན་ལུགས་ཀྱི་ཡི་གེའི་བྱུང་རིམ་དང་རྒྱུ་མཚན་སོགས་ཀྱི་དྲི་བ་དྲུག་འབུལ་རྒྱུ་ཡིན། ༡) ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན། །ཞེས་པ་དེང་གི་མཇལ་ཡུལ་གྱི་མཛོད་དཔེ་གང་ལས་གསལ། ༢) ཡི་གེ་ལ་དབྱེ་བ་གསུམ་དུ་བཞག་པ་ (བཏགས་པ་མིང་གི་ཡི་གེ སྣང་བ་གཟུགས་ཀྱི་ཡི་གེ ངེས་པ་དོན་གྱི་ཡི་གེ) དེའི་ཁུངས་གང་ལས་གསལ། ༣) ཡི་གེའི་དབྱེ་བ་གསུམ་དེ་རིམ་བཞིན་སྒྲ་གཟུགས་དོན་གསུམ་བཞག་ན་ཨེ་འཐད། དཔེར་ན། དང་པོ། ཀ་བ་ཞེས་པའི་མིང་གི་གྲུབ་གཞིའི་ཀ་དང་བ་ལྟ་བུ། གཉིས་པ་ཀ་དང་བ་ཡི་ཡིག་གཟུགས་ལྟ་བུ། གསུམ་པ་གཞི་ཀ་བ་ལྟ་བུ། ༤) སྟག་གཟིག་གི་ཡི་གེ ཞང་ཞུང་གི་ཡི་གེ བོད་ཀྱི་ཡི་གེ་གསུམ་སྔ་ཕྱི་ཨེ་ཡོད། ༥) གཏོ་སྒྲོམ་ཞུག་ལ་མ་བཞེན་གོང་གི་འོལ་གླིང་ཡི་གེ་དེ་སྟག་གཟིག་གི་ཡི་གེ་ཡིན་ནམ་གང་། ༦) དཔའ་བོ་འབྲུ་ལྔ་ལ་བྱིན་གྱིས་བརླབས་ཏེ་སྤྲོས་པའི་ཡི་གེ་དེ་ཞང་ཞུང་ཡི་གེ་ཡིན་ནམ་གང་། དྲི་བ་འདི་དག་འདིར་བཞུགས་མཁས་རྒན་རྣམ་པར་མཚོན་ན་དཀའ་གནད་ཀྱིས་བཅིངས་པའི་དྲི་བ་རྩ་ཆེན་དེ་འདྲ་མ་གྱུར་མོད། འོན་ཀྱང་བློ་དམན་བདག་འདྲར་ལྟོས་ན་ལུག་སྨུག་པའི་ནང་སོང་བ་བཞིན་གྱུར་འདུག་པའི་རིགས་ཡིན་པས། མཁས་དབང་དགེ་བཤེས་རྣམ་པའི་ཐུགས་བརྩེས་སྐྱོང་བར་འཚལ། ཞེས་གསོལ་བ་ལན་བརྒྱར་འདེབས་པ་ལགས།

ལན། ༡༽ ཀུན་གྲོལ་ལྷ་སྲས་པར་མའི་བཀའ་འགྱུར་གྱི་སྲིད་པའི་མཛོད་ཕུགས་ཤོག་ངོས་ ༡༥༤ ལས། “གུ་གེ་ཕྱོ་ཅི་མུ་ཁྱུ་ནི། །ཡི་གེའི་འདུ་བྱེད་ཁམས་གསུམ་འཁོར། །དོན་ལ་སྦྱོར་བའི་མཚན་ཉིད་འཛིན། །” ཞེས་གསལ་ལ། ད་དུང་རྗེའི་མཛོད་དང་། མཁས་བཞིའི་མཛོད་དམ་ལྷ་འགྲེལ་དུའང་དེ་ལྟར་གསལ།

༢༽ ཡི་གེའི་དབྱེ་བ་གསུམ་པོ་དེ་དོན་གྱི་དབང་དུ་བྱས་ན་རྩ་རྒྱུད་བསེན་ཐུབ་ལས། “དབྱིངས་ཉིད་རྣམ་པར་དག་པའི་ཤོག་ཤོག་ལ། །ཡེ་ཤེས་འོད་དུ་གསལ་བས་སྨྱུག་གུས་བྲིས། །མ་བྲིས་དོན་དམ་རང་བཞིན་དབྱིངས་ན་བཀྲ། །ཐུགས་རྗེ་དབྱིངས་ཀྱི་ཡི་གེ་དོན་ལ་གསལ། །” ཞེས་དང་། “དཀར་ཐོན་མདངས་དང་ལྡན་པའི་ཤོག་ཤོག་ལ། །རིན་ཆེན་ཁ་དོག་གསལ་བའི་ཡི་གེ་བྲིས། །ལྐུགས་པ་ཁ་འབྱེད་ཡི་གེ་མཚན་མ་གསལ། །” ཞེས་དང་། “མཚོན་པའི་ཡི་གེ་སྒྲ་ལས་བྱུང་། །” ཞེས་པས་བསྟན་པར་འདོད།

༣༽ ཡི་གེ་གསུམ་པོ་དག་ལས་དང་པོ་བཏགས་པ་མིང་གི་ཡི་གེ་ནི་རྗོད་བྱེད་མིང་ཚིག་དག་དང་། གཉིས་པ་སྣང་བ་གཟུགས་ཀྱི་ཡི་གེ་ནི། ཡིག་གཟུགས་ལ་འདོད་དགོས་པར་སྙམ་མོད། ཕྱི་མ་དོན་གྱི་ཡི་གེ་ནི་བོན་ཉིད་འཇལ་བའི་ཡེ་ཤེས་ལ་གོ་དགོས་པ་རྩ་རྒྱུད་ཀྱི་ལུང་གོར་ལྟར་དང་མ་རྒྱུད། བརྡ་སྤྲོད་ཉེར་བདུན་སོགས་སུ་གསལ།

༤༽ ང་ཚོའི་བརྡ་སྤྲོད་སོགས་སུ་འཁོད་པ་ལྟར་ན་སྔ་ཕྱི་ཡོད་དེ། སྟག་གཟིག་ཡི་གེ་ལ་གཞི་བྱས་ནས་ཞང་ཡིག་བྱུང་བ་དང་། ཞང་ཡིག་ལས་བོད་ཡིག་བཟོས་པར་གསལ་བས་སོ། །

༥༽ འོལ་གླིང་དུ་སྤྱོད་པའི་ཡི་གེ་ནི་ཡུལ་ལུང་གི་དབང་དུ་བྱས་ན་སྟག་གཟིག་གི་ཡི་གེ་ཡིན་ནམ་སྙམ་པ་ལས་ཞུ་ཡ་གཞན་མ་བྱུང་།

༦༽ དེ་ཡང་ཡུལ་ལུང་གི་དབང་གིས་སྟག་གཟིག་གི་ཡི་གེ་ཡིན་ནམ་སྙམ་མོ། །