རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཁ་བའི་ཡུལ་གྱར་བ།

དྲི་བ། ལྷ་ཀླུ་མི་ཡི་གཤེན་གསུམ་དང་མུ་ཁྲི་བཙན་པོའི་བར་གྱི་ལོ་ཚིགས་སྐོར་འགྲེལ་བཤད་གནང་རོགས།

ལན། ལྷ་ཀླུ་མི་ཡི་གཤེན་གསུམ་ནས་མུ་ཁྲིའི་བར་དུས་ཚིགས་འཁོད་པའི་ལོ་རྒྱུས་ཁ་གསལ་ད་བར་མ་མཇལ། འོན་ཀྱང་ཀུན་མཁྱེན་གྱིས་བསྟན་རྩིས་ནོར་ཕྲེང་ནང་དུ། “སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉེར་བརྒྱད་ནས། གསང་སྔགས་རྣམས་རྟག་གཟིགས་སུ་དར་བར་གསུངས་ཀྱང་། དོན་དུ་རྒྱུད་ཉི་ཟེར་ལས། སྡུད་འཁོར་རྣམས་ཀྱིས་ལོ་གསུམ་རེར་བོན་བསྟན་པའི་གཤམ་དུ། དེ་ནས་མི་ལོ་ཉི་ཤུ་རྩ་བརྒྱད་ནས་ཞེས་པ་ནས། རྒྱས་འབྲིང་བསྡུས་གསུམ་བོན་སྡེ་རྣམས། ཐམས་ཅད་འོལ་མོ་ལུང་རིང་དུ་འདུས། ཞེས་གསུངས་པ་ལྟར།

སྟོན་པ་ཞལ་བཞུགས་པ་ནས། སྡུད་འཁོར་རྣམས་ཀྱིས་བོན་འཁོར་བསྐོར་གྲུབ་པའི་བར་དེར། རྟག་གཟིགས་སུ་འདུལ་བ་མདོ་ཡི་བོན་རྣམས་རབ་ཏུ་དར་ཞིང་། གསང་སྔགས་རྣམས་ཆེར་མ་དར་བ་ཡིན་ཞིང་། དེ་ནས་མི་ལོ་ཉེར་བརྒྱད་ནས། ལྷ་ཀླུ་མི་ཡི་གཤེན་གསུམ་གྱིས། ལྷ་གནས་སུ་སྟོན་པ་འཆི་མེད་གཙུག་ཕུད་ཀྱིས་གསུངས་པའི་སྤྱི་སྤུངས་ལ་སོགས་པའི་གསང་སྔགས་རྣམས་དང་རྒྱལ་བ་གཤེན་རབ་ཉིད་ཀྱིས་གསུངས་པའི་གསང་སྔགས་ཀྱི་བོན་བཅས་ཏེ། བསྒྲགས་པ་སྐོར་གསུམ་གྱི་བོན་རྣམས། ལྷ་དང་ཀླུ་ཡི་ཡུལ་ནས་རྟག་གཟིགས་སུ་སྤེལ་བ་ཡིན་ནོ། དེ་ནས་གདུང་སོབ་མུ་ཆོས་ཡང་། གསང་སྔགས་ཆེར་མ་གསུངས་པ་ཡང་དེའི་དོན་ཡིན་ནོ། གཞན་ཡང་གོང་གོང་དུ་སྡུད་འཁོར་བཅུ་གསུམ་པོ་རེ་རེས། གཤེན་ལོ་གསུམ་གསུམ་དུ་བོན་གསུངས་པ་དེ་འཐད་དེ། རྒྱུད་ཉི་ཟེར་ལས། དེ་དག་ལ་ལོ་གསུམ་ཞེས་བཤད་ལ། དེ་ནས་མི་ལོ་ཉི་ཤུ་བརྒྱད་ལ། ཞེས་གསང་སྔགས་བྱུང་བའི་དུས་ལ་མི་ལོ་ཞེས་གསལ་བར་གསུངས་པའི་དགོངས་དོན་ཡང་དེ་ཡིན་པར་མངོན་ནོ། །དེ་ནས་མི་ལོ་སུམ་བརྒྱ་དང་སོ་བརྒྱད་ཀྱི་ས་བྱ་ལོར། ལི་ཤུ་སྟག་རིང་གཉན་ཡུལ་ཟ་ར་སྟག་སྐྱ་རུ་རྫུས་སྐྱེས་སུ་བསྟན་པ་ཡིན་ཞིང་དེ་ནས་ལོ་བརྒྱ་དང་ཉེར་ལྔ་ནས་རྫུ་འཕྲུལ་ཡེ་ཤེས་ཞང་ཞུང་ཕུག་པ་རྟག་གཟིགས་ཀྱི་ཡུལ་ནས། ཞང་ཞུང་སྨར་གྱི་ཡུལ་དུ་བྱོན། དེ་ནས་ལོ་དྲུག་ཅུ་ནས་བོད་རྒྱལ་གཉའ་ཁྲི་བཙན་པོ་བྱ་བ་རྒྱལ་པོ་སྐྱབས་སེང་གི་སྲས་སུ་བྱམས་མའི་དངོས་གྲུབ་བྱུང་བ་དེ་ཉིད། གནམ་ནས་ལྷ་རི་གྱང་ཐོའི་རྩེར་ཕེབས་པ་ཡིན་ནོ། དེ་ནས་ལོ་དྲུག་ཅུ་རེ་གཉིས་ནས། སྲས་རྒྱལ་པོ་མུ་ཁྲི་བཙད་པོ་བལྟམས།” ཞེས་གསུངས་འདུག་པ་འདིར་སྐུ་ཉིད་ནས་དུས་ཁོམ་འབྱུང་ཚེ་གཟིགས་ཙམ་གནང་ན་ཅུང་ཙམ་ཞིག་རྙེད་ཐུབ།