རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཏི་སེའི་བུ།

དྲི་བ། སྲིད་པའི་འབུམ་དགུ་ཞེས་པ་དེ་དག་ད་ལྟ་མཇལ་དུ་ཡོད་མེད་དང་། དེ་དག་བཀའ་དང་བཀའ་བརྟེན་གང་ཡིན་ནམ།

ལན། སྲིད་པའི་འབུམ་དགུ་དེ་ཚོ་ད་ལྟའི་ཆར་ལེའུ་རྩིས་བྱང་རང་འགྲིག་ལྟ་བུ་ཡོད་པ་མ་མཇལ་ཡང་བཀའ་ཡི་ཁོངས་སུ་བྱོན་པ་མིན་ནམ་སྙམ་སྟེ། (སྐུ་གསུང་སྟོན་པའི་གསུང་རབ་བཀའ་འགྱུར་རིན་པོ་ཆེའི་ལུང་རྒྱུན་ཇི་སྙེད་པ་ཕྱོགས་གཅིག་ཏུ་བསྡུས་པའི་བཞུགས་བྱང་བརྒྱུད་རིམ་དང་བཅས་པ་དྲི་མེད་ཤེལ་གྱི་ཕྲེང་བ་)ལས། “ཐུགས་རྗེ་ཐབས་ལ་མཁས་པའི་སྟོན་པ་གཤེན་རབ་མི་བོས། ཐུགས་ཡི་གེ་ཨ་ཡི་མཛོད་ཁང་ཡེ་ཤེས་ཆེན་པོའི་དཀྱིལ་འཁོར་ནས་ཕྱུང་། གསུང་ཧ་ཡི་རྒྱུད་ལམ་འགག་པ་མེད་པ་ནས་བཏོན། རྐན་སོ་ལྗགས་འཕྲུལ་གྱི་ལྡེ་མིག་གི་ཚིག་གི་དོ་སྡེབས་ནས། གཡུང་དྲུང་དུམ་པ་ཚལ་དུ་སྲིད་པ་འབུམ་དགུའི་ཡང་བཅུད་ཁམས་བརྒྱད་གཏན་ལ་ཕབས་ཏེ་གསུངས། །” ཞེས་སོགས་གསུངས་སོ། །

དེའང་སྲིད་པ་འབུམ་དགུའི་སྐོར་ནི(སྒ་སྟོན་གྱི་གཏེར་གྱི་ཁ་བྱང་)ལས། “ ལྷ་མོ་དབྱིངས་འབུམ་དང་གཅིག རྨའི་འབུམ་དཀར་དང་གཉིས། གཙུག་འབུམ་འབར་བ་དང་གསུམ། ཐེག་པ་གསས་འབུམ་དང་བཞི། ཉི་མ་འོད་འབུམ་དང་ལྔ། རིན་ཆེན་སྤུངས་འབུམ་དང་དྲུག ཉི་ཁྲི་ཆུ་རྒྱུན་དང་བདུན། ཐུགས་རྗེ་རྒྱུན་འབུམ་དང་བརྒྱད། གཡུང་དྲུང་ཡེ་འབུམ་དང་དགུའོ། །” ཞེས་གསུངས་ཀྱང་། ཤེར་ཕྱིན་དུ་སྲིད་པ་འབུམ་དགུ་ལས་གསུངས་པའི་ཐེག་དགུ་འཆད་སྐབས་ལུང་དྲངས་སའི་འབུམ་ནི། (ཤེལ་ཕྱིན་སྐབས་དང་པོའི་རྣམ་བཤད་)ལས། “ དང་པོ་བྱང་གཏེར་ལས་ཐོན་པའི་སྲིད་པའི་འབུམ་དགུ་ལས་གསུངས་པའི་ཐེག་པ་རིམ་དགུ་ནི།” སོགས་ནས་་་ “སྣང་ལྡན་དང༌། རང་ལྡན་དང༌། བཞེད་ལྡན་གྱི་ཐེག་པ་གསུམ་ཡིན་ཏེ། ཕྱི་ཕ་རོལ་ཕྱིན་པའི་ཐེག་པ་ཡིན་པའི་ཕྱིར་ཏེ། གཏེར་འབུམ་ལས། སྣང་ལྡན་ཐེག་པའི་བོན་རྣམས་ནི། །” ཞེས། གཏེར་འབུམ་ཞེས་པ་ཞིག་གི་མཚན་གསུངས་པས་སྲིད་པ་འབུམ་དགུའི་ཁོངས་སུ་གཏེར་འབུམ་ཞེས་པ་ཞིག་ཡོད་དགོས་པ་འདྲ་ཞིག་སྣང་།

དེ་བཞིན་ལེགས་བཤད་མཛོད་ཀྱི་གཏེར་དང་གཏེར་སྟོན་སྐོར་ལས། བན་དེ་(གཏེར་སྟོན་ཟེར་རམ་)དེ་ཚོས་གཟེར་སྒུར་ལ་བྱིན་པའི་གཟིག་སྒྲོའི་ནང་ནས་བྱུང་བའི་བོན་སྡེ་ལ། གསང་བའི་འབུམ་དགུ་ཞེས་པ་བྱུང་ཞིང་། དེའང་(ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་)ལས། “གསང་བའི་འབུམ་དགུ་གསས་དང་བཅུ་ནི། ལྷ་མོའི་དབྱིངས་འབུམ། རྨ་འབུམ་གར་ཚད། གཙུག་འབུམ་འབར་བ། ཐེག་པ་གསེར་འབུམ། ཉི་མ་འོད་འབུམ། རིན་ཆེན་སྤུངས་འབུམ། ཉི་ཁྲི་ཆིག་འབུམ། ཐུགས་རྗེའི་རྒྱུན་འབུམ། གཡུང་དྲུང་ཡེ་འབུམ། རྫོགས་པ་ལྷ་འབུམ་དཀར་པོ་དང་བཅུ། དེ་དག་གི་འགྲེལ་བ་གཏོ་སྒྲོམ་འབུམ་ཏིག་དང་བཅུ་གཅིག ཀླུ་འབུམ་དཀར་ནག་པོད་བཞི་སྟེ། འབུམ་སྡེ་པོད་ཏི་སུམ་ཅུ་རྩ་བཞི་བྱོན་ནོ། །” ཞེས་གོང་དུ་སྒ་སྟོན་གྱིས་གསུངས་པའི་འབུམ་དགུ་དང་གཅིག་ཀྱང་ཚིག་རིས་འགའ་ཞིག་མི་འདྲ་བ་བྱུང་འདུག དེ་བཞིན་སྐབས་འདིར་སྲིད་པའི་འབུམ་དགུ་དེ་ཚོའི་འགྲེལ་བ་གཏོ་སྒྲོམ་འབུམ་ཏིག་ཅེས་པ་ཞིག་ཀྱང་ཡོད་པར་གསུངས་སོ། །

ད་དུང(་གཙང་མའི་ཀླུ་འབུམ་ཁྲ་བོ་)ལས། “དེ་ལ་བོད་དུ་འབུམ་དགུར་བསྒྱུར་བ་ནི། གསུང་འདྲེན་པར་བྱེད་པའི་དག་འབུམ་དང་། བསམ་གཏན་སེམས་འབུམ་དང་། རྒྱུད་འབུམ་ཆུང་ངུན་དང་། དྲང་ང་ཟེར་འབུམ་དང་། སྟོན་མྱ་ངན་ལས་འདའ་ཀ་མའི་ཞལ་ཆེམ་འབུམ་དང་། འཁོར་ལོ་བསྒྱུར་བའི་གསུང་འབུམ་དང་། ཀླུ་གནོད་པར་བྱེད་པའི་ཀླུ་འབུམ་དཀར་ནག་དང་། མྱ་ལས་ངན་ལས་འདས་པའི་ལས་འབུམ་ནག་པོ་དང་དགུའོ། །” ཞེས་བོད་ཞང་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བོད་དུ་འབུམ་དགུར་བསྒྱུར་བར་གསུངས་པ་དེ་དག་སྐབས་འདིའི་སྲིད་པ་འབུམ་དགུ་དང་འབྲེལ་བར་མ་ཤེས་ཀྱང་དཔྱད་གཟོད་ཡོད་པ་ཞིག་མིན་ནམ་སྙམ། །