རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། ཤེས་རབ།

ལན། དམིགས་བསལ་རིགས་གཅིག་རྐང་འཛིན་ལྟ་བུའི་སྒྱུ་རྩལ་མི་སྣའི་ལོ་རྒྱུས་ཡོད་པ་ད་བར་མ་མཇལ་ཡང་། སྒྱུ་རྩལ་ལ་བྱང་ཆུབ་པའི་སྐྱེས་ཆེན་མང་པོ་ཞིག་ཕེབས་ཡོད་པའི་ནང་ནས་ལོ་རྒྱུས་ཡིག་ཐོག་དང་ངག་ཐོག་ཏུ་ཅུང་མང་བ་ནི། བོན་གྱི་གཏེར་སྟོན་བརྒྱ་རྩའི་ནང་ཚན་མགར་སྟོན་ཁྲོ་རྒྱལ་དང་། གཏེར་སྟོན་གྷུ་རུ་རྣོན་རྩེ། དེ་བཞིན་སྤྲུལ་སྐུ་བློ་ལྡན་སྙིང་པོ་ལྟ་བུ་ཡིན།

དེའང་མགར་སྟོན་ཁྲོ་རྒྱལ་གྱིས་བཟོས་གནང་བའི་མགར་སྟོན་གྱི་ཕུར་པ་ཞེས་མགར་བཟོའི་རྒྱུ་རྩལ་ཁྱད་དུ་འཕགས་ཤིང་ངོ་མཚར་ལྡན་པ་དེ་འདྲ་ཡོད་པར་ཐོས།

དེ་བཞིན་གཏེར་སྟོན་གྷུ་རུ་རྣོན་རྩེས་བཟོས་གནང་བའི་རྫ་ཆས་དང་ཁོང་གི་སྐུ་ང་འདྲ་མ་སོགས་ཕྱག་བཟོའི་སྒྱུ་རྩལ་རྨད་དུ་བྱུང་བ་དེ་འདྲ་ཡོད་པ་ཡིན་འདུག ལྷག་པར་ཁོང་གི་རྫ་བཟོའི་སྒྱུ་རྩལ་ནི་ད་བར་མ་ཉམས་པར་གཙང་རྟ་ནག་ཁུལ་དུ་ཡོད་མོས་ཡིན།

སྤྲུལ་པའི་སྐུ་མཆོག་བློ་ལྡན་སྙིང་པོའི་ཕྱག་བཟོ་ཞལ་འབག་དང་། ལྷ་བྲིས། དེ་བཞིན་ཡིག་བྲིས་སོགས་མཐོང་བ་ཙམ་གྱིས་ཡིད་འཕྲོག་ནུས་པའི་སྒྱུ་རྩལ་ལྡན་པ་ཤ་སྟག་མཇལ་རྒྱུ་ཡོད། དེ་དང་འདྲ་བར་བོན་ཕྱོགས་ཀྱི་སྒྱུ་རྩལ་མི་སྣའི་མཛད་པ་ཡིག་ཐོག་ཏུ་ཡོད་པ་གང་མང་ཡོད་སྲིད་པས་རིམ་པར་རྗེས་སུ་འཚོལ་ཐབས་བྱ་རྒྱུ་ཡིན། །