རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། གཟེར་མིག

དྲི་བ། ཀུན་གྲོལ་འཇའ་ཚོན་སྙིང་པོའི་ཞལ་སྔ་ནས། ” སྨྲ་བའི་ཁྱུ་མཆོག་སྙན་དངགས་མཁན་དབང་ཀན་ཇག་ཐང་ཏ་ཞེས་གྲགས་སྙན་པའི་གདུགས་དཀར་སྲིད་རྩེར་བསྐོར་མཛད་སངས་རྒྱས་གླིང་བ་སྙིང་གི་དབྱིག །” ཅེས་སངས་རྒྱས་གླིང་བ་ལ་ ” ཀན་ཇག་ཐང་ཏ་” ཞེས་བསྔགས་པའི་བརྗོད་དོན་ཅི་ཡིན་སྐོར་ཁ་གསལ་བའི་དྲིས་ལན་མཛད་རོགས་ཞུ།

ལན། དེ་ནི་སློབ་དཔོན་བཻ་རོ་ཙ་ནའི་མཚན་གཞན་ཞིག་ཡིན་འདུག་སྟེ། བཻ་རོའི་རྣམ་ཐར་ལས། ” དཔལ་གྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པ་རྣམས་བཞེངས། དམ་པའི་ཆོས་བསླབ་པའི་ཕྱིར་རྒྱལ་པོས་བོད་ཕྲུག་དབང་པོ་གསལ་ཞིང་བློ་རྣོ་བ་མང་པོ་བསྐོངས་ནས་ལོ་ཙཱ་བསླབས་ཀྱང་སཾ་སྐྲྀ་ཏའི་སྒྲ་དག་པོ་མ་བྱུང་བར། རྒྱལ་པོ་ཐུགས་ཕམ་པའི་ཚེ་སློབ་དཔོན་ཆེན་པོས། གཙང་གི་སྙེ་མོ་བྱེ་དཀར་བྱ་བ་ཡི། །གནས་གཞི་ཞིག་གི་གྲོང་ཁང་དམིག་གུ་ན། །ཕ་མིང་སྦ་གོར་ཧེ་འདོད་བྱ་བ་ལ། །མ་མིང་བྲན་ཀ་བཟའ་སྒྲོན་སྐྱིད་བྱ་བ། །གན་ཇག་ཐང་ཏ་ཞེས་པ་ལོ་བརྒྱད་པ། །ཕ་མ་གཉིས་ལ་བསླངས་ཏེ་འདི་རུ་མཆིས། །སྤྲུལ་པའི་ལོ་ཙཱ་རྩོད་མེད་གྲགས་པ་འབྱུང་། །ཞེས་ལུང་བསྟན་པ་ལྟར། གཙང་ཉང་ཆབ་དང་། གཙང་ཆབ་འཛོམས་པའི་འགྲམ་དུ་ཡབ་སྦ་གོར་ཧེ་འདོད་དང་། ཡུམ་སྒྲོན་བཟའ་སྐྱིད་གཉིས་ལ་གན་ཇག་ཐང་ཏ་ལོ་བརྒྱད་ལ་སླེབས་པ་དེ་རྒྱལ་པོ་རང་ཉིད་ཕེབས་ནས་སློང་བར་མཛད།” ཅེས་པ་སོགས་དང་།

ཡང་ཐང་ཡིག་ཤེལ་བྲག་མའི་ལེའུ་བཞི་པར། ” བཻ་རོ་ཙ་ནས་བོན་ཆོས་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་རྩིས་སྨན་འདྲེས་མར་བསྒྱུར། །བཻ་རོ་ཙ་ནས་མདོ་སྔགས་འདྲེས་མར་བསྒྱུར། །མདོ་བསྒྱུར་ནང་དུ་ཡེ་ཤེས་སྡེ་ཞེས་བྲིས། །སྔགས་བསྒྱུར་ནང་དུ་བཻ་རོ་ཙ་ན་བྲིས། །བོན་བསྒྱུར་ནང་དུ་གན་ཇག་ཐང་ཏ་བྲིས། །རྩིས་བསྒྱུར་ནང་དུ་ཨིནྡྲ་བཻ་རོ་བྲིས། །སྨན་བསྒྱུར་ནང་དུ་ཆོས་འབར་བྱ་བ་བཅུག །མདོ་ཆོས་དགོངས་འགྲེལ་དང་བཅས་ཕལ་ཆེར་བསྒྱུར། །” ཞེས་གསུངས་པ་སོགས་ཀྱིས་ངེས་སོ།། །།