རྩོམ་བྲིས་པ། དགེ་སྲིད་པའི་མིག་སོགས། དྲི་བ་གཏོང་མཁན། དབལ་ཆུ། 

དྲི་བ། བརྒྱ་བཞིའི་དཀྱིལ་འཁོར་ལ་ཕྱི་ཡི་ཟངས་རི་ལྕགས་རི་དང་ཕྱོགས་བཞིའི་རིག་རྟགས་སོགས་དགོས་མིན་ལན་ཞིག་ཡོད་པར་མཁྱེན། བརྒྱ་བཞི་མངོན་རྟོགས་ལས། ” ཨ་ཡཾ་རྃ་མཾ་ཁཾ་བྲུྃ། ཨ་ལས་ནམ་མཁའ། ཡཾ་ལས་རླུང་། རྃ་ལས་མེ། མྃ་ལས་ཆུ། ཁཾ་ལས་ས། འབྱུང་ལྔའི་དཀྱིལ་འཁོར་རིམ་པ་བརྩིག་པའི་དབུས་སུ། བྲུྃ་ལས་དད་ཅན་ཕྱག་རྒྱ་གཡས་པའི་དལ་དུ་གསལ་བར་གྱུར་། ” ཞེས་པ་ཙམ་ལས། ཟངས་རི་ལྕགས་རི་དང་རིག་རྟགས་སོགས་དགོས་པ་མངོན་གསལ་གསུངས་མི་འདུག་པས་དེའི་སྐོར་མཁྱེན་མཁན་ཡོད་ན་ལན་གནང་རོགས། 

ལན། སྤྱིར་བཏང་མཚན་མ་རྡུལ་ཚོན་དཀྱིལ་འཁོར་སྤྱི་བཤད་སྐབས་སུ་དཀྱིལ་འཁོར་རེ་ལ་སླང་འཇོག་དབུབ་གསུམ་གྱི་དོན་ཚང་དགོས་པ་འདྲ་ཞིག་བསྟན་འདུག་མོད། དེ་ལྟར་ཚང་དགོས་ཚེ་ཆུ་ཟངས་རླུང་རི་དང་། རིགས་རྟགས་སོགས་ཀྱང་དགོས་འདུག་སྟེ། དེའང་རྗེ་རིན་པོ་ཆེས་མཛད་པའི་(མཚན་མ་རྡུལ་ཚོན་ཐིག་ཚོན་གསལ་བྱེད་འཕྲུལ་གྱི་མེ་ལོང་)གི་དཀྱིལ་འཁོར་སྤྱི་བཤད་སྐབས་སུ། “ ལྷ་གདན་གཡུང་དྲུང་འཁོར་ལོ་པད་མ་རིན་ཆེན་རྣམས་དང་། རིགས་སྣམ་འདོད་ཡོན་ཟླ་གམ་རླུང་རི་ལ་སོགས་རྣམས་ནི་འཇོག་པའི་སྡེ་ཡིན། གདན་དང་སྣམ་བུ་རང་སར་བཞག །ཅེས་གསུངས་པའི་ཕྱིར་རོ། །གདུང་ལྕམ་ཡ་གད་ཟ་ར་ཚགས་དར་བུ་ཁད་དང་། རྟ་བབ་ཁྱུང་གུར་ཁྱུང་མགོ་གདུགས་ཏོག་ལ་སོགས་རྣམས་ནི། ཕུབ་པའི་སྡེ་ཡིན་ཏེ། གདུང་ལྕམ་ཀ་བ་མཁའ་ལ་བཏེགས། །ཞེས་གསུངས་པའི་ཕྱིར་རོ། །སྒོ་དང་བརྩེགས་པ་ལྕོགས་དང་ལྕགས་རི་སྐུ་གདུང་རྣམས་ནི་བསླང་བ་ཡིན་ཏེ། སྒོ་དང་བརྩེགས་པ་ལྕོགས་རྣམས་ནི། །ཕྱི་ནས་ནང་དུ་བསླང་ལ་བསྒོམ། །ཞེས་གསུངས་པའི་ཕྱིར་རོ། “ ཞེས་པ་འདིས་ཅུང་གསལ་ཁ་བསྟན་ཡོད། ཡིན་ནའང་སྐབས་འཚམས་གཞུང་གི་མངོན་རྟོགས་དང་ཚིག་བཤད་སོགས་ལ་གཞི་བཅོལ་བ་ཡིན་མ་ཤེས་ཀྱང་གང་ལྟར་འགའ་ཞིག་ལ་ཆུ་ཟངས་རླུང་རི་སོགས་མི་འབྲི་བ་ནི་ཡོད་འདུག དཔེར་ན་དུས་འཁོར་དང་། བྱམས་མ། མ་རྒྱུད། ཀུན་འདུལ། དྲ་ནག་སོགས་ལ་གང་སྨྲས་རྣམས་བྲིས་པ་དང་མ་བྲིས་པ་ཅི་རིགས་ལྟར་རོ། དེ་བཞིན་རིགས་རྟགས་ཀྱི་འཚབ་ལ་མཆོད་རྫས་སྣ་ཚོགས་བྲིས་པའང་ཉུང་ཤས་ཤིག་འདུག མཁས་དབང་རྣམ་པ་ཚོས་འདི་ཚོའི་སྐོར་མང་ཙམ་གསུང་རོགས།

_____དགེ་ཧི་མ་ལ་ཡའི་རྒྱལ་སྲས་ནས།

ལན། བརྒྱ་བཞི་ལ་སྟོན་པའི་མཆོད་སྦྱིན་གྱི་ཕྱག་མཚོན་བྱེད་མི་ཡི་ལག་གཅིག་འབྲི་བ་ལས་དཀྱིལ་འཁོར་ཅང་ཨེ་ཡོད་ན། འོན་ཀྱང་བརྒྱ་བཞིའི་གོང་ཆོག་གཞུང་སུ་ལ་བྱས་ན། དེ་ལ་དཀྱིལ་འཁོར་ནི་ལོས་དགོས། ལག་པ་ཅིག་འབྲི་དགོས་པ་བཅའ་ཐབས་ལས་གསལ་བ་དང་དེའི་སོར་མོ་བཞིའི་ཐོག་ཏུ་བདུད་བཞིའི་གཟུགས་བཀོད་དགོས། དེ་མིན་མཛེས་རིས་ཙམ་ལས་ལུང་གི་མ་ཟིན་སྙམ།

_____དགེ་དོན་ཀུན་འགྲུབ་པ་ནས།

ལན། སྤྱིར་བཏང་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བཅའ་ལུགས་ནི་སྤྱི་ཁོག་ཙམ་ཞིག་སྤྱི་སྤུངས་ཀྱི་སྟ་གོན་སྐབས་སུ་ཐེག་པ་དང་བསྟུན་ཏེ་ཆག་ཆག་དང་། ཐིག་རྡུལ་ཚོན་གྱི་གོ་རིམ་ཞག་བསྟན་ཡོད་ཀྱང་བྱེ་བྲག་གཞུང་སོ་སོའི་ཆོ་གའི་གོ་རིམ་དང་། ལས་ཐབས་ལྷ་གྲངས་བཅས་ཕྲན་བུ་མི་འདྲ་བ་ཡིན་དུས་སྔོན་འགྲོའི་སྐབས་སམ། མངོན་རྟོགས་ཀྱི་སྐབས་གང་རུང་ནས་གཞུང་དེའི་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་ཐབས་གསལ་པོ་གསུངས་ཡོད། འོན་ཀྱང་གསང་སྔགས་ཀྱི་ཆོ་ག་ཐམས་ཅད་ལ་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཐབས་ཡོད་པ་དང་། བཞེངས་དགོས་པའི་ངེས་པ་ཞིག་ཀྱང་མི་སྣང་། དཔེར་ན། ཚེ་དབང་མཆོག་འདུས་ཀྱི་སྒྲུབ་གཞུང་གི་དབུ་ནས། “ གཞི་མ་དཀར་པོའི་སྟེང་དུ་འབྲུའི་ཚོམ་བུ་གཡུང་དྲུང་རིས་སུ་བཀོད། རིན་ཆེན་ནོམ་པའི་བུམ་པ་གཙང་མའི་ནང་དུ། ” ཞེས་པ་ནས། “ ཚེའི་འབྲང་རྒྱས་མར་གྱིས་བྱུག་ལ་བུམ་པའི་ཁ་ལ་བཞག ” ཅེས་པ་སོགས་བཅའ་ཐབས་ཀྱི་རིམ་པ་དེ་ཙམ་ལས་རྡུལ་ཚོན་གྱི་དཀྱིལ་བཞེངས་ཐབས་མེད། འོན་ཀྱང་མངོན་རྟོགས་གཞལ་ཡས་གསལ་གདབ་སྐབས་སུ་འབྱུང་བ་ལྔའི་སྙིང་པོ་ལས་འབྱུང་བ་ལྔའི་རིམ་པའམ་དཀྱིལ་འཁོར་གསལ་གདབ་དགོས་པ་དང་། དེ་ནས་བྲུཾ་ལས་བུམ་པ་འོད་ཀྱི་གཞལ་ཡས་ཁང་གིས་གཙོས་གུར་ཁང་དགུ་རིམ་གྱི་དབུས་སུ་ཚེ་དབང་རིག་འཛིན་བསྐྱེད་དགོས་ཚུལ་ཙམ་ཞིག་ཡོད་ཀྱང་། དེ་ནི་གོང་གཞིའི་བུམ་པ་ལས་ཏིང་འཛིན་གྱིས་བསྐྱེད་སྤྲུལ་བྱས་ཏེ། སྣང་བ་སྦྱངས་ནས་ཚེ་ཡི་སྲུང་གུར་དབུབ་པའི་ཐབས་སམ། ཏིང་འཛིན་རིག་པའི་དཀྱིལ་འཁོར་ཙམ་ནས་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པའི་ཐབས་ལམ་ཞིག་རེད་མི་འདུག་སྙམ།

དེ་མཚུངས་སྒྲུབ་ཐབས་ཕྲན་ཚགས་མང་པོའི་ནང་དཀྱིལ་འཁོར་ཞེས་པ་ཙམ་ལས་བཞེངས་ཐབས་མེད་པ་རྣམས་ནི་ཏིང་འཛིན་རིག་པའི་དཀྱིལ་འཁོར་གྱིས་གོ་ཆོད་པའི་ཚད་དུ་བྱས་འདུག་སེམས། ད་དུང་ཟླ་བའི་དཀྱིལ་འཁོར་དང་ཉི་མའི་དཀྱིལ་འཁོར་ཞེས་པ་སོགས་སྣང་བ་དེའི་ངོ་བོ་རང་ལ་དཀྱིལ་འཁོར་དུ་བཏགས་པ་མང་བས་དེ་དག་རྡུལ་ཚོན་གྱི་དཀྱིལ་འཁོར་དང་ནོར་མི་ཉན་བསམ། ཡང་སྒྲུབ་ཐབས་འགའ་ཞིག་ནང་སྟ་གོན་དང་མངོན་རྟོགས་སྐབས་སུ་གསལ་པོ་དེ་ཙམ་མེད་ཀྱང་སྐུ་བསྟོད་ཀྱི་སྐབས་ལྷ་ཡི་ཁ་གྲངས་དང་བསྟུན་ནས་དཀྱིལ་འཁོར་གྱི་ངོ་བོ་བསྟན་ཏེ་ཕྱོགས་མཚམས་དང་སྒོ་བཞི་སོགས་གསལ་པོ་གསུང་ཡོང་བ་དེ་རྣམས་ནི་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཐབས་གཞན་ལྟར་བསྟན་པ་རེད་འདུག མདོར་ན་སྐབས་ཀྱི་དྲི་བ་བརྒྱ་བཞིའི་མངོན་རྟོགས་དེ་ག་རང་ལ་བལྟས་ན་དཀྱིལ་འཁོར་བཞེངས་ཐབས་འདི་ཞེས་དམིགས་སུ་བསྟན་མི་འདུག་པས་ཁོ་བོས་ནི་གོང་རས་བཅའ་གཞིའི་རིམ་པ་དང་། ཏིང་འཛིན་རིག་པའི་དཀྱིལ་འཁོར་ཙམ་ལས་མཚན་མ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་དགོས་པའི་དོན་མ་མཐོང་།

སྤྱིར་དཔེ་ཡིས་དོན་མཚོན་དགོས་ཕྱིར་དོན་གྱི་རྣམ་པ་དེ་དཔེ་ཡི་གཟུགས་སུ་བཀོད་ནས་གོང་ལྟར་རྡུལ་མཚོན་བཞེངས་བཀོད་བྱས་ན་སྐྱོན་མེད་འགྲོ་བསམ་ཡང་རྡུལ་ཚོན་ནང་དུ་བསྐྱེད་རྒྱུའི་ལྷ་ཡི་ཁ་གྲངས་དང་། པད་འདབ། འཁོར་ལོ། ཕྱི་ནང་གི་རིམ་པ་སོགས་གཞུང་གང་ཡིན་པ་དེའི་ནང་དོན་དང་མཐུན་པ་ཞིག་དགོས་ཀྱི་མ་གཏོགས་ཕྱིས་ཀྱི་ཉམས་ཞིབ་པ་རྣམས་ཀྱིས་གཞི་གང་ལ་གཏུགས་པ་སོགས་ཀྱི་ཁུངས་བཙལ་འཚོལ་བྱེད་ཡོང་སྐབས་འདི་ཞེས་བསྟན་རྒྱུ་མེད་ན་དཀའ་ལས་ཁག་པོ་ཆགས་སྲིད་པ་ཞིག་རེད་འདུག

ད་དུང་དེ་དང་འབྲེལ་བའི་༧ཡོངས་འཛིན་སྨྲ་བའི་དབང་པོའི་གསུང་རྩོམ་(སྙ་ཆེན་བླ་མ་སྒྲུབ་པའི་ཕྱག་བཞེས་ངེས་དོན་གསལ་བའི་སྒྲོན་མེ།)ལས། “ ལི་ཤུའི་ཕྱི་སྒྲུབ་ལས། གནས་དབེན་ལ་ཉམས་དགའ་བ། མི་དང་མི་ མིན་འདུ་འཛི་ལས་དབེན་པ། ཞེས་གསུངས། ས་གནས་དེར་སྒྲུབ་པའི་སྣ་སེལ་དུ། ཚུ་ཚྭ་གདབ། ཆབ་གཏོར་བཏང་། རྫས་སུ། དར་དཀར་ལ་གསེར་རམ། མ་འགྲུབ་ཚེ་མཚལ་གྱིས་ལི་ཤུའི་རྩ་བསྙེན། ཨཱོྃཨ་ཧཱུྃ། ལི་ཤུ་ས་མ་ཏི་ཨ་ཧཱུྃ་འདུ་ཨཱོྃ། མ་མུ་ཧ་རི་ནི་ས་ཧཱུྃ། ཞེས་བྲིས་ཏེ་སྨན་དྲི་བཟང་དང་སྦྲག་སྟེ་སྒྲུབ་པ་པོའི་ལུས་ལ་འཆང་། རས་དཀར་དྲི་མ་མེད་པ་ལ། རིན་ཆེན་དང་གུར་གུམ། སིན་དྷུ་ར་བསྲེས་པའི་ཚོན་གྱིས་སྐར་མ་རྒྱལ་གྱི་ཉིན་པར་དབུ་བཙུག་སྟེ་བླ་མ་ལི་ཤུའི་སྐུ་གཞུང་ལས་བཤད་པ་བཞིན་བྲིས། དེ་ལ་དར་དཀར་དམར་མཐིང་གསུམ་གྱིས་ཞལ་གཡོགས་ལ་བཙལ།

དཀྱིལ་འཁོར་མདའ་གང་གྲུ་བཞི་ལ། དྲི་བཟང་སྨན་དང་ཆུས་ཆག་ཆག་གདབ། མཐའ་ཚངས་འགྲུས་ཐིག་བཞི་དང་། ཟླུམ་ཐིག་གསུམ་བཅས་མཉམ་པར་སྐོར། སྐོར་ཐིག་བར་མ་ཟུར་ཚང་འདུས་སོ་ནས། ཟླ་གམ་ཐིག་བཞི་འགྲུས་ཚང་འདུས་སོ་ནས། ཕོ་བྲང་ཐིག་བཞི་བར་ཆ་ཐིག་བཞིས་གཤག ཕོ་བྲང་སུམ་ལྟབ་གདུང་ཐིག་གཉིས་རེ་གདབ། ཕོ་བྲང་ནང་དུ་ཁྱད་པར་སྒྲུབ་པའི་དུས། པད་མ་འདབ་བཞི་ཕྱོགས་མདོག་དབུས་ལྟེ་དཀར། ཐུན་མོང་སྒྲུབ་ཚེ་རིན་ཆེན་འབར་བ་བཞི། གདོན་འདུལ་ཆེད་དུ་འཁོར་ལོ་རྩིབས་བརྒྱད་བྱ། སྲིའུ་ལ་སོགས་ནད་པའི་ཆེད་དུ་འབྲུ་ཡི་ཚོམ་བུ་དགོད། འདི་ལ་ཕྱི་ཡི་དཀྱིལ་འཁོར་བཀོད་པ་མེད་རུང་སྙམ།

གདུང་བཞི་མཐིང་ཁ་གྲུ་ཆད་ཕྱོགས་མདོག་དང་། འབྱུང་བརྩེགས་འདོད་ཡོན་ཡ་གད་ཟ་ར་ཚགས། དར་བུ་ཁད་དང་སྒོ་བཞི་ཕྱོགས་ཀྱི་འོད། སྒོ་གྲིབ་ ནག་དང་སྒོ་སྟེང་རྟ་བབ་ནི། དཀར་ལྗང་དམར། སྔོ་སེར་པོ་རི་རབ་ཕྱོགས་ཁྱུང་གུར་ཁྱུང་མགོ་གདུགས་ཏོག་དར་བུ་ཁད། ཟླ་གམ་ཕྱོགས་མདོག་ཟངས་ལྕགས་མེ་དང་ཆུ། གྲུ་ཆད་ཕྱོགས་འོད་རིགས་ཀྱི་རྟགས་བཞིས་བརྒྱན། ས་བོན་དབུས་སུ་ཨ་སྨུག་པོ་དེའི་གཡས་སུ་མ་དཀར་མོ་གཡོན་དུ་མ་དམར་མོའོ། །པད་འདབ་རྣམས་ནི་ལྷུན་གྱིས་གྲུབ་པའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ཚེ་ལ་དབང་བའི་རིག་འཛིན། གང་ཟག་བརྒྱུད་པའི་རིག་འཛིན་རྣམས་ཀྱི་གདན་ནོ། ། ” ཞེས། དཀྱིལ་འཁོར་བཞེངས་ཐབས་དངོས་སུ་གསལ་བ་ནི་འདི་འདྲ་རེད་འདུག ཐིག་གི་སྐོར། ཚོན་གྱི་སྐོར། ས་བོན་གྱི་སྐོར་གསུམ་རེད་འདུག ཚིག་གིས་དངོས་སུ་མ་གསལ་བ་རྣམས་ནི་ཡང་ན་གོང་མས་མྱོང་ཁྲིད་བསྟུན་པའམ། དེ་མིན་གཞུང་གཞན་དང་འདྲ་མཚུངས་ཀྱིས་ཁ་གསབ་འདྲ་བྱས་ན་མ་གཏོགས་གཞུང་དོན་རང་ལས་གསལ་བ་ནི་དེ་ཙམ་རེད་ཞུ། །

_____དགེ་སྲིད་པའི་མིག་ནས།