རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། གླིང་གཅེར་བུ། 

དྲི་བ། བོན་ལུགས་ཀྱི་དཔེ་ཆ་དང་བོན་གཞུང་སོགས་ན་སྙན་ངག་ཅེས་པའི་ཐ་སྙད་འདི་གསལ་བ་ཡོད་དམ།  

ལན། བོན་གྱི་བཀའ་འགྱུར་གྱི་གསུང་རབ་རྣམས་སུ་སྙན་ངག་ཅེས་པའི་ཚིག་འདི་རྐྱང་པར་མ་མཇལ་ཡང་། ཀུན་འབུམ་རྩ་བའི་རྒྱུད་ལས། “ བཟོ་དང་སྒྲ་དང་གསོ་བ་དང་། །ཕྱི་ནང་རིག་དང་རྣམ་པ་ལྔ། ” ཞེས་དང་། ཡང་དེ་ཉིད་ལས། “ དབྱེ་གཞི་སྒྲ་ཡི་ཡན་ལག་རིག་གནས་ལྔ། ” །ཞེས་པའི་ཚིག་འདི་དག་གིས་རིག་པའི་གནས་ལྔ་ཆེན་ལྔ་དང་ཆུང་བ་ལྔ་བསྟན་ཡོད་སྟབས། དོན་དུ་བོན་གཞུང་ནས་སྙན་ངག་གི་གཞུང་ལུགས་ཇི་སྙེད་ཅིག་ཡོད་པར་བསྟན་ཡོད།

དེ་བཞིན་ཕྱི་ལོའི་དུས་རབས་བརྒྱད་པའི་ནང་ཙམ་བྱོན་པའི་རྣལ་འབྱོར་གཙང་གཤེན་པའམ་གཙང་གཤེན་སྙན་ངག་རང་གྲོལ་ལ། (མཁའ་འགྲོ་སྒྲ་དབྱངས་རྒྱལ་མོས་སྙན་དུ་བརྒྱུད་པའི་སྙན་ངག་རྒྱན་གསུམ་གསལ་བའི་མེ་ལོང་ལས།) “ དབྱངས་ཅན་ལྷ་མོའི་ཞལ་གྱི་ལུང་། །ཕྱི་ནང་གསང་བའི་མེ་ལོང་གསུམ། །རྒྱ་གར་སྟག་གཟིག་བོད་དུ་གྲགས། །གསང་བ་འདི་ནི་གཙང་གཤེན་ལགས།” །ཞེས་སྒྲ་དབྱངས་རྒྱལ་མོའམ་མཁའ་འགྲོ་བཟང་ཟ་རིན་བཙུན་ནས་བརྒྱུད་པའི་ཕྱི་ནང་གསང་གསུམ་གྱི་སྙན་གཞུང་ལས་བོད་དུ་གཙང་གཤེན་རྣལ་འབྱོར་གྱིས་མཛད་པ་ནི་གསང་བའི་སྙན་གཞུང་དེ་ཉིད་ཡིན་པར་གསུངས་ཡོད། །