རྩོམ་བྲིས་པ། རྩོམ་སྒྲིག་པ། དྲི་བ་གཏོང་མཁན། གངས་བུའམ་བོན་སྲས། 

ལན། མཁྱེན་ཡངས་གངས་བུའམ་བོན་སྲས་ལགས། སྐུ་ཉིད་ཀྱི་བཀའ་འདྲི་དེར་བོད་ཡིག་དེ་མི་འདིས་དང་ལོ་ཚིག་འདིའི་ནང་དུ་བཟོས་སོ། ཞེས་ཐག་ཆོད་པོ་ཞིག་བཤད་མི་ཐུབ་ཀྱང་རང་རེའི་བཀའ་ལུང་དང་རིག་པའི་དཔྱད་སྟེགས་སོགས་ལ་གཞི་བཅོལ་ཏེ་བཤད་ན། སྤྱིར་བོད་ཡིག་ཐོན་མི་ཨ་ནུས་བཟོས་པའི་སྐོར་དེར་ད་བར་ཡིད་བརྟན་ཕེར་བ་ཞིག་མ་བརྙེད་པས་འདིའི་སྐོར་རིག་པས་ཅུང་བརྟག་པ་ཞིག་འདིར་ཡོད་པས་ད་རེས་རེ་ཞིག་མི་གླེང་། འོན་ཀྱང་སྔ་རབས་བོན་གྱི་ལོ་རྒྱུས་ལ་གཞི་བཅོལ་ཏེ་འདིར་བཤད་བྱ་བོད་ཡིག་ཅེས་པ་འདི་ཡིན་སྟབས་འདིའི་དབྱིབས་དང་གྲངས། སྒྲ་གདངས་སོགས་ལ་བསམ་གཞིག་བྱ་དགོས་པ་ཞིག་རེད་དྲན། ཐོག་མར་དབྱིབས་དང་གྲངས་ཀྱི་ཆ་ནས་རྟག་གཟིགས་སྤུངས་ཡིག་དང་རིམ་པར་ཞང་ཡིག་སོགས་ནས་བསྒྱུར་ཏེ་བྱུང་ཡོད་པར་མངོན། རྒྱུ་མཚན་གཤམ་དུ་འཆད་རྒྱུ།

དེའང་མདོ་གཟེ་མིག་ལས། ´´ གཏོ་ཡི་བཀའ་སྒྲོམ་བདུད་ཀྱིས་ཞུགས་ལ་བསྲེགས། །བྱིན་གྱིས་བརླབས་ཀྱིས་དཔའ་བོ་འབྲུ་ལྔ་ལུས། །སྨོན་ལམ་བཏབ་པས་སུམ་ཅུ་རྩ་བརྒྱད་འཕེལ། །ཕྱི་རབས་དོན་དུ་སྒོ་བཞི་མཛོད་ལྔ་བྲིས། །“ ཞེས་སོགས་ཡི་གེ་ནི་ཐོག་མར་སངས་རྒྱས་ཀྱིས་མཛད་པའོ། ཞེས་པའི་ནམ་རྒྱུན་ལུང་འདྲེན་བྱེད་ཀྱིན་པ་དེ་ནི་རྟག་གཟིགས་ཀྱི་ཡི་གེ་ལ་གོ་དགོས་པ་མིན་ནམ་སྙམ་སྟེ། རང་རེའི་རྒྱུད་ལུང་སོགས་ནས་བསྡུད་པའི་སྦ་གསར་ཁྲི་ཀ་བའི་བརྡ་སྤྲོད་ལས། ´´རྟག་གཟིགས་ཡུལ་དུ་སྤུངས་སོ་ཆེ་ཆུང་གཉིས། །ཞང་ཞུང་ལོ་ཙཱས་སྨར་ཆེན་སྨར་ཆུང་བསྒྱུར། །བོད་ལ་རྫབ་གཤར་དཀར་ནག་གཉིས་བསྟན་ཀྱང་། །ངོ་བོ་འཕྲུལ་ཡིག་བཞི་བཅུ་འགྱུར་བ་མེད། །“ ཅེས་དང་། མདོ་ལས། “ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ། །མགོ་ཡིས་ལམ་དྲང་ཤད་ཀྱིས་མདོ་ཡང་བཅད། །ཚིག་གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། །གུག་འགྲེལ་ན་རོ་ཞབས་ཀྱུ་ཡ་སྟ་ཡིས། །སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏབས། །”ཞེས་དང་། དེ་བཞིན་དྲན་པའི་བཀའ་ཐང་ལས། ´´ དེ་ཚེ་ཞང་ཞུང་སྟོང་རྒྱུང་མཐུ་ཆེན་དང་། །བོད་ཀྱི་གཤེན་པོ་ཤ་རི་དབུ་ཆེན་དང་། །ལི་ཤུ་སྟག་རིང་ལ་སོགས་པཎ་གྲུབ་འགའ། །རྫུ་འཕྲུལ་རྩལ་གྱིས་སྟག་གཟིག་ཡུལ་དུ་བྱོན། །བོན་སྡེ་ཆེན་པོ་ཁྲི་དང་དྲུག་སྟོང་དྲངས། །ཞང་ཞུང་ཡུལ་དུ་སྒྲ་བསྒྱུར་ལོ་ཙ་མཛད། །དག་པ་ལྷ་ཡི་སྐད་ཀྱི་ཡི་གེ་ནི། །སྟག་གཟིག་སྐད་དུ་སྤུངས་ཡིག་དག་ཏུ་བསྒྱུར། །སྤུངས་ཡིག་ཞང་ཞུང་ཡིག་རྒན་ཉིད་དུ་བསྒྱུར། །ཡིག་རྒན་སྨྲ་སྦྲག་སྨྲ་ཆེན་སྨྲ་ཆུང་བསྒྱུར། །སྨྲ་ཆུང་དབུ་ཆེན་གཟབ་ཏུ་བསྒྱུར་བར་བྱས། །གཟབ་ལས་འབྲི་ཚ་བོད་ཀྱི་ཡི་གེར་བསྒྱུར། །“ཞེས་སོགས་ལ་བརྟག་ན་ཐོག་མར་སྟོན་པ་སངས་རྒྱས་ཀྱིས་མཛད་པའི་ཡི་གེ་དེར་རིམ་པར་ཡུལ་ལུང་གཞན་གྱི་མཁས་པ་དང་ལོ་ཙཱ་བ་རྣམས་ཀྱིས་སོ་སོའི་སྐད་དུ་ཇི་ལྟར་བསྒྱུར་ཡོད་པ་ཅུང་ཞིག་རྟོགས་ཐུབ།

གཉིས་པ་སྒྲ་གདངས་ལ་དཔྱད་ཚེ་གོང་དུ་ལོ་ཙཱ་བ་རྣམས་ཀྱི་བསྒྱུར་ཞེས་པའི་དོན་ནི་ཡིག་གཟུགས་དང་གྲངས། ནུས་པ་གསལ་བྱེད་དབྱངས་སོགས་གསར་པ་ཞིག་བཟོས་པའི་དོན་མིན་པར་དེ་ནི་ཐོག་མར་སྟོན་པ་སངས་རྒྱས་ཀྱིས་མཛད་པའི་འཕྲུལ་ཡིག་བཞི་བཅུ་དེ་ཡུལ་ལུང་གི་གཞི་རྩའི་སྐད་བརྡ་དང་སྒྲ་གདངས་དང་བསྟུན་ཏེ་སྒྲ་སྦྱོར་ཚུལ་དང་དོན་ཐོབ་ཚུལ་སོགས་བོད་ཀྱི་སྐད་བརྡ་དང་མཚུངས་པ་ཞིག་དུས་ཚོད་རིམ་ཅན་ནང་བཅོས་བསྒྱུར་མཛད་ནས་མཐར་ད་ལྟའི་བོད་ཡིག་ཅེས་པ་འདི་བྱུང་བ་མིན་ནམ་སྙམ། དེས་ན་བོད་ཡིག་གི་ཐོག་མའི་བྱུང་ཁུངས་ནི་རྟག་གཟིགས་སྤུངས་ཡིག་ཡིན་པས་དེ་ནི་ཕལ་ཆེར་གོང་དུ་གསུངས་པའི་སྟོན་པ་སངས་རྒྱས་ཀྱིས་མཛད་པ་དེ་ཡིན་དགོས། དེ་རྗེས་ཞང་ཞུང་གི་ལོ་ཙཱ་བ་རྣམས་ཀྱིས་ཞང་སྐད་དང་མཐུན་པར་བཟོ་བཅོས་བྱས། དེ་ནས་རིམ་པར་གོང་སྨྲས་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བོད་སྐད་དང་མཐུན་པར་བཟོ་བཅོས་བྱས་པ་ཡིན་པར་འདོད། དེའང་ཡིན་ཏེ་དུས་རིམ་ཅན་ནང་སྐད་དང་ཡི་གེ་ལ་འགྱུར་བའང་རིམ་ཅན་དུ་འགྲོ་བཞིན་པ་ནི་སྨྲོས་མ་དགོས་པ་ཞིག་རེད། ལུང་ལས་། ´´རྒྱལ་པོའི་བཀས་བསྐུལ་སྐ་ཅོག་ཞང་སོགས་ཀྱིས། །བོད་ཀྱི་བརྡ་རྣམས་གསར་བཅད་སྐད་དུ་བསྒྱུར། །གསར་རྙིང་བརྡ་ཡི་དབྱེ་བ་དེ་ནས་བྱུང་།“སོགས་ཀྱིས་ངེས་ནུས།

འོན་ཀྱང་རྩ་བའི་ཆ་ནས་གོང་དུ་དྲངས་པའི་ལུང་ ´´ ངོ་བོ་འཕྲུལ་ཡིག་བཞི་བཅུ་འགྱུར་བ་མེད། “ཅེས་པ་ལྟར། བོད་ཡིག་འདིར་དབྱིབས་དང་སྒྲ་གདངས་སོགས་ལ་འགྱུར་བ་ཇི་ལྟར་ཕྱིན་ཡང་ངོ་བོ་སྟོན་པ་རང་གིས་གསུངས་པའི་འཕྲུལ་ཡིག་བཞི་བཅུ་དང་འགྱུར་བ་ཆེར་མེད་པའོ།། །།