རྩོམ་བྲིས་པ། ༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་སྐལ་བཟང་སྨོན་ལམ།

དུས་རབས་བདུན་པའི་གོང་དུ་བོན་ལུགས་ལ་ཚད་མ་རིགས་པའི་སྡེ་ཇི་ལྟར་ཡོད་པའི་སྒྲུབ་བྱེད་ལུང་གི་གཏེར་བྱང་།

དུས་རབས་བདུན་པའི་གོང་དུ་བོན་ལུགས་ལ་ཚད་མ་རིག་པའི་སྡེའམ་འཆད་རྩོད་ཀྱི་བསྟན་པ་ཇི་ལྟར་བྱུང་བའི་སྐོར་བོན་གྱི་གཞུང་ལུགས་ཁུངས་མ་རྣམས་སུ་ཇི་ལྟར་གསལ་བའི་ལུང་རྣམས་འདིར་དྲངས་ན།

དེའང་ལེའུ་གྲངས་གསལ་བྱེད་དོན་བསྡུས་མཆོང་ལས། ʼʼ ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འདུས་པ་སྤྱི་རྒྱུད་ཆེན་པོ་ནམ་མཁའ་དཀར་པོ་ཡེ་ཁྲི་མཐའ་སེལ་གྱི་རྒྱུད་འདི་ལ་བམ་པོ་ལྔ། ལེའུ་བརྒྱ་དང་དགུ་བཅུ་རྩ་བདུན་གྱིས་བསྟན་ཏེ། ༡) གས་པ་བཞིའི་བམ་པོ་དང་། ༢) མ་ཚོང་བ་ཁ་བསྐང་བའི་བམ་པོ། ༣) མཁའ་འགྲོ་རིན་ཆེན་ཕྲེང་བ་གསང་སྔགས་ཕྱི་ནང་འབྱེད་པའི་བམ་པོ། ༤)ལ་ཐམས་ཅད་ཡོངས་སུ་ཟློ་བའི་བམ་པོ། ༥) མཚན་ཉིད་སྒྲ་ཚད་ཀྱི་བམ་པོ་དང་ལྔ་འོ།ʼʼ ཞེས་དང་།

འགྲོ་འདུལ་སྲས་སྤྲུལ་གྱི་མདོ་ལས། ʼʼ ཚད་གསུམ་ཟུང་འབྲེལ་བོན་སྡེ་བདུན། །དྲི་བ་རྟགས་གསལ་སྒྲོན་མའི་སྡེ། །རྩོད་པ་རྫུ་འཕྲུལ་དྲ་བའི་སྡེ། །སྤང་བ་མི་མཐུན་པ་རྒོལ་བ་ཚར་གཅོད་སྡེ། །བླངས་པ་ཀུན་འབྱུང་ཡངས་པའི་སྡེ། །འགལ་བ་མི་མཐུན་སྤང་བའི་སྡེ། །མཐུན་པ་རང་ལུགས་བཞག་པའི་སྡེ། །མཐར་ཕྱིན་བོན་ཉིད་གདར་གཅོད་སྡེ་དང་བདུན་ནོ། ʼʼ ཞེས་དང་།

ཐེག་རིམ་མངོན་དུ་བཤད་པའི་མདོ་རྒྱུད་ལས། ʼʼ དོན་ལྔ་རྣམ་པར་བཞག་པའི་ཚད་མ་ཡིས། དོན་དམ་ཀུན་རྫོབ་གཉིས་འཇལ་ཤེས་པ་དེས། བོན་རྣམས་བདག་མེད་སྤྲོས་དང་བྲལ་བར་ལྟ། ʼʼ ཞེས་དང་།

ཐེག་འགྲེལ་མེ་ལོང་དགུ་སྐོར་ལས། ʼʼ དོན་ལྔ་ཁྱད་པར་རྣམ་པར་བཞག་པའི་ཚད་མས་མཚན་མའི་སྤྲོས་པ་ཐམས་ཅད་ཡོངས་སུ་བཅད་ནས་དོན་དམ་བདེན་པ་གཏན་ལ་འབེབས་ཏེ་ལྔ་གང་ཞེ་ན། ༡) བོན་ཅན་གྱི་དོན་དང་། ༢) དགག་བྱའི་དོན་དང་། ༣) བསྒུབ་བྱའི་དོན་དང་། ༤) གཏན་ཚིགས་ཀྱི་དོན་དང་། ༥) དཔེ་ཡི་དོན་ནོ། ʼʼ ཞེས་དང་།

བསྟན་པ་བོན་གྱི་གཏད་གཉེར་མཛད་པའི་མདོ་ལས། དོན་དམ་ཀུན་རྫོབ་ཟུང་འབྲེལ་བའི་མདོ་སྡེ། འབུམ་སྡེ། གཟུངས་སྡེ། སྔགས་སྡེ། རྒྱུད་སྡེ། ལུང་སྡེ། མན་ངག་སྡེ། ཕར་ཕྱིན་ས་དང་ལམ་གྱི་སྡེ། མངོན་པ་སྣང་སྲིད་སྤྱི་མཛོད་སྡེ། ཚད་མ་རྣམ་གྲངས་ངེས་འབྲེལ་སྡེ། སྡེ་བཅུ་བོན་གྱི་རྒྱ་མཚོ་ལས་སྣང་སྲིད་བྱེ་བ་རབ་འབྱམས་འབུམ་བར་བདེན་ཚུལ་དུ་གསུངས།

གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་མདོ་ལས། ʼʼ དེ་ནས་བདུད་དང་སྲིན་པོ་དང་མུ་སྟེགས་རྣམས་འཁོར་དུ་གྱུར་ཏེ་རི་བོ་གསེར་ལྡན་གྱི་རྩ་བར་ཆུ་གྱིམ་ཤང་ནག་པོའི་འགྲམ་དུ་བྱོན་ནས་འཁོར་སྡེ་བཞི་ཡ་བརྒྱད་དང་བདུད་སྲིན་མུ་སྟེགས་ཀྱི་འཁོར་རྣམས་ལ་དག་པ་འདུལ་ཁྲིམས་ཀྱི་བོན་སྡེ་ལ། ༡) བསླབ་གསུམ་ཡང་དག་གི་སྡེ་དང་། ༢) རྣམ་དག་དཀའ་ཐུབ་ཀྱི་སྡེ་དང་། ༣) དུས་ཁྲིམས་གཙང་མའི་སྡེ་དང་། ༤) བསྲུང་ཁྲིམས་ངོས་བསྟན་གྱི་སྡེ་དང་། ༥) སྦྱང་ཐོབ་མཐར་ཕྱིན་གྱི་སྡེ་དང་། ༦) རྒོལ་བ་ཚར་གཅོད་ཀྱི་སྡེ་དང་། ༧) མུ་བཞི་མཐའ་སེལ་གྱི་སྡེ་དང་། ༨) གལ་པོ་རྩོད་སྤོང་གི་སྡེ་དང་། ༩) དག་པ་རྣམ་འགྲེལ་གྱི་སྡེ་དང་། ༡༠) སྤོབས་པ་མཐར་ཕྱིན་གྱི་སྡེ་དང་འདུལ་བྱེད་སྡེ་བཅུ་རུ་གཏན་ལ་ཕབ་ནས་གསུངས་སོ།། ʼʼ ཞེས་དང་།

འཁོར་སྤངས་དགོན་པ་མཛད་པའི་མདོ་ལས། ʼʼ དེ་ཡང་འཁོར་དུ་གཏོགས་པའི་སྡེ་རིགས་རྣམས་གཅིག་པུར་རང་སངས་རྒྱས་པ་མ་ཡིན་པར་ཐམས་ཅད་ཀུན་སངས་རྒྱས་ཐབས་སུ། །བདག་ཉིད་ཇི་ལྟར་མཛད་པའི་ཐབས་བསྟན་ནས། །བདག་གིས་བཀའ་ལུང་ཇི་ལྟར་གནང་བཞིན་དགོས། །བདག་གིས་བཀའ་ལུང་ཇི་ལྟར་གནང་བགྱིད་ན། །འདུས་པའི་འཁོར་ལ་སྡེ་རིགས་གཉིས་སུ་དབྱེ། །ཤེས་པ་དམན་དང་ཤེས་རབ་རྩལ་ལྡན་གཉིས། །ཤེས་པ་དམན་པར་གྱུར་པའི་སྡེ་རིགས་རྣམས། །ད་རུང་ཤེས་པ་བློ་རྩལ་མ་འབྱངས་པས། །ཕོ་གླིང་མོ་གླིང་སོ་སོར་དབྱེ་བ་འདིར། །ཤེས་པ་རྩལ་ལྡན་རིག་པའི་བློ་རྩལ་སྦྱང་། །འཆད་རྩོད་རྩོམ་གསུམ་བོན་གྱི་འཁོར་ལོ་སྐོར། །ཤེས་རབ་རྩལ་ལྡན་ཤེས་པ་ཡང་དག་འཁོར། །དབེན་པའི་གནས་བསྙེགས་དགོན་པའི་གནས་སུ་འགྲོ། །བདག་ཉིད་ཇི་བཞིན་མཛད་པ་དེ་བཞིན་དུ། །སྐྱེ་བ་གཅིག་གིས་བླ་མེད་དོན་བསྒྲུབ་དགོས། ʼʼ ཞེས་སོགས་དང་།

གཞི་ཡེ་སངས་རྒྱས་པའི་རྒྱུད་ལས། ʼʼ རྗེས་དཔག་ཚད་མས་མཛོད་ལ་རྣམ་དཔྱོད་ན། །ཞུག་འཇུག་ལྡོག་པའི་ཤེས་རབ་དག་པས་རྟོགས། །ཞུག་པ་ཡུལ་ལ་ཕྱོགས་གཅིག་བོན་དུ་བཟུང་། །འཇུག་པ་དཔེ་ལ་གོམས་པས་རྗེས་སུ་ངེས། །ལྡོག་པ་མི་མཐུན་ཕྱོགས་ལ་མེད་པར་མཁྱེན། ʼʼ་ཞེས་དང་།

བསྲུང་ཁྲིམས་རྩ་མདོ་ལས། ʼʼ ཕོགས་པའི་ཁྲིམས་རྣམས་ཐམས་ཅད་ཡོ་ཐུབ་ན། །སྐྱེ་བ་གཅིག་གི་མངོན་སངས་རྒྱས་པར་འགྱུར། །བརྒྱད་ཁྲི་བཞི་སྟོང་ཕྱི་ནང་གསང་གསུམ་བོན། །ཚིགས་སུ་སྤྲོས་པ་བྱེ་མའི་གྲངས་ཙམ་ཀྱང་། །དོན་དུ་བསྡུས་ན་རྣམ་པ་ལྔ་ཡིན་ཏེ། །མདོ་མཛོད་འདུལ་བ་ཚད་མ་རྣམ་འགྲེལ་བཞི། །བླ་མེད་ཕར་ཕྱིན་ཤེས་རབ་ཐེག་པ་ལྔ། །འཆད་དང་ཉན་དང་རྩོད་དང་རྩོམ་པ་དང་། །ཤེས་པའི་རྒྱུད་ཁྲོལ་ཤེས་རབ་ཚད་སླེབ་ཅིང་། །སྡེ་བཅུ་བོན་གྱི་འཁོར་ལོ་རབ་བསྐོར་ནས། །བླ་མེད་ཕ་རོལ་ཕྱིན་བཅུ་ཐོབ་པར་འགྱུར། ʼʼ ཞེས་སོ།

བསྲུང་ཁྲིམས་ཡན་ལག་གི་མདོ་ལས། ʼʼ གཉིས་པ་སོ་སོ་ཐར་པའི་སྡེ་གསུམ་གྱི་དག་པ་གནད་གཅིག་གི་སྡེ་ནི། ཕྱི་ཚུལ་སུམ་བརྒྱ་དྲུག་ཅུ་དང་ནང་ཁྲིམས་ཉིས་བརྒྱ་ལྔ་བཅུ་ཟུང་འབྲེལ་དུ་སྲུང་ཞིང་། ཤིང་དྲུང་དང་དབེན་པའི་གནས་སུ་གཅིག་པུར་དག་པའི་སྤྱོད་ལམ་དང་ཁ་ཟས་གནད་གཅིག་ཏུ་བྱས་ལ་བོན་རྣམ་དག་གི་སྤྱོད་ལམ་རྒྱུན་དུ་སྐྱོང་པ་ཙམ་མ་གཏོགས་པ་གཞན་དག་གི་འཆད་རྩོད་དང་རྩོམ་པ་སྤོང་ལ་གཅིག་པུར་གཅིག་ཏུ་སྲུང་བའོ། ། ʼʼ ཞེས་སོ།

བསྲུང་ཁྲིམས་རྩ་མདོ་ལས། ʼʼ གསུམ་པ་མན་ངག་འདུལ་བྱེད་སྡེ་བཅུ་སྟེ། བསླབ་གསུམ་ཡང་དག་རྣམ་དག་དཀའ་ཐུབ་དང་། །དུས་ཁྲིམས་གཙང་མ་བསྲུང་ཁྲིམས་ངོས་བསྟན་དང་། །སྦྱང་ཐོབ་མཐར་ཕྱིམ་རྒོལ་བ་ཚར་གཅོད་དང་། །མུ་བཞི་མཐའ་བསལ་གལ་པོ་རྩོད་སྤང་དང་། །དག་པ་རྣམ་འབྲེལ་སྤོབས་པ་མཐར་ཕྱིན་དང་། །འདུལ་བྱེད་སྡེ་བཅུ་གཏན་ལ་ཕབས་ཏེ་དབྱེ། ʼʼ ཞེས་དང་།

དཔེའུ་ཙེ་རྣམ་གསུམ་བསྟན་པའི་མདོ་ལས། །གཡེང་དང་ལེ་ལོ་འཁྲུལ་བའི་ལས་སྤངས་ནས། །དད་དང་བརྩོན་འགྲུས་དྲག་པོའི་སྟོབས་ཤུགས་ཀྱིས། །འཆད་དང་རྩོད་དང་རྩོམ་དང་བསྡུ་བ་དང་། །འབྲི་དང་ཀློག་དང་འཆང་དང་ཉེར་ལེན་སོགས། །སྐད་ཅིག་ཡེངས་མེད་དོན་ལ་རབ་སྤྱོད་ཤོག །ཤེས་བཞིན་ལོག་པའི་རྗེས་སུ་མི་འབྲང་བར། །བཀའ་ལུང་རྣམ་དག་ཟད་མེད་རྒྱ་མཚོ་ལ། །བརྟགས་དང་གཞིག་དང་རིག་དང་རྟོགས་པ་དང་། །བསྙེན་དང་བསྒྲུབ་དང་བསྒོམ་ལས་སོགས། །ཐང་ཆོད་ཉམས་ལེན་མཐའ་རུ་ཕྱིན་པར་ཤོག །ʼʼ ཞེས་སོ།

རྒྱུ་འབྲས་རྣམ་པར་འབྱེད་པའི་མདོ་ལས། ʼʼ དེ་ལྟར་བོན་སྒོ་བརྒྱད་ཁྲི་བཞི་སྟོང་ལ། །བཀའ་གཞུང་ཉན་དང་འཆད་པའི་སྡེ་རུ་དབྱེ། །གནས་ཡང་དབེན་པའི་གནས་དང་དགོན་པ་སྟེ། །དགེ་འདུན་གྲྭ་སྡེ་ཚོགས་པའི་རྒྱ་མཚོ་སྐྱོང་། །སྤྱོད་ལམ་རྣམ་དག་འདུལ་ཁྲིམས་སྒོ་རུ་འཇུག །འཆད་དང་རྩོད་དང་རྩོམ་དང་དབྱེ་བ་དང་། སྒོམ་དང་བསྒྲུབ་དང་འཇུག་དང་རྟོགས་སྤྱོད་དང་། །འཛིན་དང་འཆང་དང་ཀློག་དང་བྲི་ལས་སོགས། །དགེ་བཅུ་བོན་གྱི་འཁོར་ལོ་ཡོངས་སུ་བསྐོར། ʼʼ ཞེས་དང་།

གཟི་བརྗིད་ལས། ʼʼ འཆད་པས་མི་ནུབ་བསྟན་པའི་རྒྱལ་མཚན་འཛུགས། །རྩོད་པས་བསྟན་པའི་རུ་དར་མཁའ་ལ་ཕྱར།རྩོམ་པས་བསྟན་པའི་སྒྲོན་མེ་ཡོངས་ལ་འདེགས། །དེ་གསུམ་ཟུང་འབྲེལ་བསྟན་པའི་རྒྱལ་མཚན་ནོ། །ʼʼ ཞེས་དང་།

གཟི་བརྗིད་ལས། ʼʼ འཆད་པས་སེམས་ཅན་བློ་ཡི་ཤེས་རྒྱུད་བཀྲོལ། །རྩོད་པས་མཚན་མ་ཚིག་གི་སྒྲོ་འདོགས་གཅོད། །རྩོམ་པས་གང་ཞིག་འཇུག་པའི་ལམ་སྒོ་དབྱེ། །ʼʼཞེས་དང་།

སྲུང་ཁྲིམས་ཡན་ལག་གི་མདོ་ལས། ʼʼ དམ་ཚིག་གཉེན་དང་བརྩེ་གདུང་བྱམས། །འཆད་ཉན་བསྟན་པའི་རྒྱལ་མཚན་འཛིན། །རྩོད་རྩོམ་བསྡུ་བའི་འཁོར་ལོ་བསྐོར། །དག་པ་འདུན་སྤྱོད་དགེ་བའི་ཞིང་། །ཡོན་ཏན་འཚོགས་པ་རྒྱ་མཚོའི་གནས། །མཐུན་རྐྱེན་སྡོང་གདབ་དགེ་བའིི་གྲོགས། །དེ་དག་བླང་བའི་རྒྱུ་རུ་ཤེས། ʼʼ ཞེས་སོགས་ལུང་རིག་དུ་མས་གྲུབ་པའོ།། །།

(གསལ་བཤད། ལུང་གི་སྙིང་བཅུད་འདི་རྣམས་༧དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་བཤད་སྒྲུབ་སློབ་དཔོན་དགེ་བཤེས་སྐལ་བཟང་སྨོན་ལམ་མཆོག་གིས་<གཤེན་བསྟན་གླེང་སའི >བོན་ཚོགས་སུ་དུས་རབས་བདུན་པའི་གོང་དུ་བོན་ལུགས་སུ་ཚད་མ་རིག་པའི་སྡེ་ཇི་ལྟར་དར་ཚུལ་ཞེས་པའི་བཀའ་སློབ་ལས་ལུང་ཁོ་ནར་ཟུར་བཏོན་ཞུས་པ་ཞིག་ཡིན། རྩོམ་སྒྲིག་པས།)